19
Fri, Apr

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་མཛད་སྒོ་ཚོགས་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཁ་སང་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༣༠ ཉིན་གྱི་སྔ་དྲོ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྐབས་ ༡༧ མཐོ་རིམ་རིག་གནས་རབ་འབྱམས་པ། སྲི་ཞུའི་ལས་བྱེད་དམིགས་སྒོའི་འོས་སྦྱོང་བཅས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཞིག་ཚོགས་འདུག


དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་དགེ་ལས་སློབ་ཕྲུག དེ་བཞིན་གསར་འགོད་པ་སོགས་ཚང་འཛོམས་ཀྱིས་ཐོག་མར་རིགས་སློབ་མ་ལག་གཉིས་ཀྱི་དབུ་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་གསུང་བཤད་གནང་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་མཐོ་སློབ་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་འདུག

དེ་ནས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་རྗེ་བཙུན་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་རྣམ་ཐར་དང་སྲི་ཞུའི་ལས་བྱེད་དམིགས་སྒོའི་འོས་སྦྱོང་འཛིན་གྲྭའི་ཆེད་རྐང་རྗེས། ཞེས་པའི་དེབ་དབུ་འབྱེད་གནང་རྗེས་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་མཐར་ཕྱིན་པ་རྣམས་ལ་ཕྱག་འཁྱེར་དང་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་སྲི་ཞུའི་ལས་བྱེད་དམིགས་སྒོའི་འོས་སྦྱོང་སློབ་མ་རྣམས་ལ་ཕྱག་འཁྱེར་གནང་འདུག

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་སྐབས་བཅུ་བདུན་པའི་མཐོ་རིམ་རིག་གནས་རབ་འབྱམས་པ་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་དོན། དེ་རིང་མི་སྣ་གལ་ཆེན་པོ་ཞིག་རྗེས་དྲན་བྱེད་དགོས་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་སྒྲུབ་མཁན་དགེ་བའི་བཤེས་གཉེན་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་མཛད་འཕྲིན་ལས་གྲུབ་པའི་རིགས་ལམ་སློབ་གཉེར་ཁང་། བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་འདི་ནི། ཕོ་མོ་འདྲ་མཉམ་ཐོག་ཆོས་ལུགས་རིས་མེད་དང་། བོད་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱས་དང་བྱེད་བཞིན་པའི་ཤེས་རིག་གི་བསྟི་གནས་གལ་ཆེན་པོ་ཞིག་ཆགས་ཡོད་པ་ཚང་མས་མཁྱེན་གསལ་རེད།

ལྷག་པར་དེ་རིང་བསླབ་པ་མཐར་སོན་གྱི་མཛད་སྒོར་རྣམ་པ་ཚོར་དགེ་བའི་བཤེས་གཉེན་རབ་དང་རིམ་པ་མང་པོས་བཀའ་སློབ་དུ་མ་གནང་ཡོད་པ་ལས་ལྷག་ངས་ཞུ་རྒྱུ་མི་འདུག རེད་དེ་ངས་དོན་ཚན་གཉིས་ཐོག་ཞུ་ན་སྙམ་བྱུང་། དོན་ཚན་དང་པོ་ནི། རྒྱ་གར་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནང་ང་ཚོ་བོད་པའི་སློབ་ཕྲུག་མཐོ་སློབ་ཁག་ནང་སློབ་སྦྱོང་གནང་དང་གནང་བཞིན་པ་མང་པོ་ཞིག་ཡོད་ནའང་བོད་ཀྱི་རྒྱལ་རབས་དང་། སྐད་ཡིག རིག་གཞུང་བཅས་ལ་ཆེད་སྦྱོང་གནང་མཁན་ཁྱེད་རྣམ་པ་ཆགས་ཡོད། དེར་བརྟེན་རྣམ་པ་ཚོ་མཐོ་སློབ་གཞན་ནས་ཐོན་པའི་སློབ་མ་དང་མི་འདྲ་བར་གལ་ཆེན་པོ་ཡིན་པ་ངས་མཐོང་གི་འདུག ཁྱེད་རྣམ་པས་ང་ཚོ་བོད་པའི་སྤྱི་ཚོགས་ནང་གི་གཞོན་སྐྱེས་ཚོར་ལམ་སྟོན་དང་སྣེ་ཁྲིད་ཐུབ་པའི་ཆ་ནས་གལ་ཆེན་པོ་མཐོང་གི་འདུག དེར་བརྟེན་རྣམ་པ་ཚོ་གལ་ཆེན་པོ་ཡིན་པ་ནང་བཞིན་འགན་ཡང་ཆེན་པོ་ཡོད་པ་རྣམ་པ་ཚོས་ཐུགས་ལ་བཅང་རོགས་གནང་།
དོན་ཚན་གཉིས་པ་ནི། བསླབ་པ་མཐར་སོན་པའི་སློབ་མ་རྣམས་ནས་ཆེད་སྦྱོང་ག་རེ་ཡིན་པ་དེའི་ཐོག་ལ་མ་འོངས་པར་མུ་མཐུད་ཉམས་ཞིབ་ཚད་དང་ལྡན་པ་གནང་རྒྱུ་གལ་ཆེན་པོ་རེད། དེ་འདྲའི་ཉམས་ཞིབ་གནང་ཐུབ་ན་ང་ཚོ་བོད་པའི་སྤྱི་ཚོགས་ལའང་ཕན་ཐོགས་ཡོང་གི་རེད། ད་ལྟ་རྣམ་པ་ཚོས་དེབ་དཔར་སྐྲུན་གནང་འདུག མུ་མཐུད་ཉམས་ཞིབ་ཀྱི་དེབ་དཔར་སྐྲུན་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད། དེབ་དཔར་སྐྲུན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། ཕྱི་རྒྱལ་བ་རྣམས་ལ་ Publish or Perish ཞེས་པའི་བརྗོད་སྲོལ་ཞིག་ཡོད། དེའི་ནང་དོན་ནི། རང་ཉིད་ཀྱིས་ཉམས་ཞིབ་གང་བྱས་པ་དེ་དཔར་སྐྲུན་བྱོས། དཔར་སྐྲུན་མ་བྱས་ན། རང་ཉིད་ཀྱི་ནུས་པ་ཉམས་རྒུད་དུ་འགྲོ་གི་རེད། ཅེས་པའི་འདེམས་ཀ་ལྟ་བུའི་བརྗོད་སྲོལ་ཞིག་ཡོད།

ཉམས་ཞིབ་པ་རྣམས་ལ་འགན་ཆེན་པོ་ཡོད། སྤྱི་ཚོགས་ནང་ཕན་ཐོགས་པའི་ཉམས་ཞིབ་ཞིག་གནང་རྒྱུ་གལ་ཆེན་པོ་རེད། ཉམས་ཞིབ་གནང་སྐབས་འགྲན་སྡུར་གྱི་རྣམ་པའི་ངོ་བོའི་ཐོག་ཕྱིན་པ་ཡིན་ན་ཡག་པོ་ཡོང་གི་མ་རེད། ཉམས་ཞིབ་གནང་སྐབས་ད་ལྟའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་བརྗོད་གཞི་འདེམ་ན་ཡག་པོ་ཡོད། དཔེར་ན་བོད་ཆོལ་ཁ་གསུམ་ཟེར་བའི་ཐ་སྙད་བྱུང་སྟངས་དང་། དེས་བོད་པའི་སྤྱི་ཚོགས་ནང་ཤུགས་རྐྱེན་ག་ཚོད་ཐེབས་ཡོད་མེད་སྐོར་ཉམས་ཞིབ་གནང་ཐུབ་ན་ཡག་པོ་ཡོད་པ་རེད། ཅེས་གསུང་འདུག