24
Wed, Apr

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་དུ་གཞུང་འབྲེལ་གཟིགས་སྐོར་སྐབས་ཀྱི་འདྲ་པར་ཁག་ཅིག པར་དབང་ཉི་ཧོང་དོན་གཅོད་ཁང༌།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་བརྒྱུད་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་དང་ཉེ་དུས་བོད་རྒྱ་འབྲུག་གསུམ་གྱི་གསུམ་འཛོམས་ས་མཚམས་འབྲོག་ལམ་སོགས་ལའང་བཙན་འཛུལ་ཡོང་ཐབས་དང་དེ་བཞིན་མཚོ་གླིང་དང་ས་མཚམས་ཁྲིམས་གཞི་ཁག་ལ་རྡོག་རོལ་གཏོང་རྒྱུའི་བློ་སྤོབས་རྙེད་ཡོད། བློ་སྤོབས་དེ་དག་བོད་ནས་འགོ་འཛུགས་ཏེ་གོང་གསལ་གནད་དོན་ནས་མཇུག་བསྡུ་རྒྱུ་ཡིན་པར་བརྟེན། རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུའམ་ཡང་ན་གོང་གསལ་ལྟར་བཙན་འཛུལ་གྱི་འགྱུར་བ་ཕྱིན་ནས་རྒྱ་ནག་གི་སྟངས་འཛིན་འོག་གནས་དགོས་པ་ལས་འདམས་ཀ་གཞན་ཡོད་པ་མ་རེད་ཅེས་སྲིད་སྐྱོང་མཆོག་ནས་ཉི་ཧོང་དུ་གཟིགས་སྐོར་སྐབས་གསུངས་འདུག

ད་དུང་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་རྒྱ་མིའི་རང་གཤིས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དེས་ཚོགས་པ་གཅིག་གི་དབང་འཛིན་གྱི་ནུས་པ་རྒྱ་སྐྱེད་གཏོང་རྒྱུ་བཤད་པ་དེས་མང་གཙོ་དང་རང་དབང་ལ་ཉེན་ཁ་ཚབས་ཆེན་སླེབས་ཡོད་སྐོར་གསུངས་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༢ ཉིན།

སྲིད་སྐྱོང་མཆོག་གིས་ཉི་ཧོང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་གནང་བའི་སྐོར།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་ནང་ཕྱོགས་ཕེབས་ཀྱི་ཉིན་མཐའ་མར་རྒྱལ་ས་ཨོ་སི་ཀའི་ཚོགས་ཁང་ནང་མི་མང་ ༢༥༠ ཙམ་ལ་གསུང་བཤད་གནང་འདུག དེ་ཡང་མཛད་སྒོ་གོ་སྒྲིག་གནང་མཁན་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་ཚོགས་པ་ཡིན་པ་དང་། སྲིད་སྐྱོང་མཆོག་གིས་ཉི་ཧོང་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལ་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་འདུག

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་ཏང་གི་ཚོགས་ཆེན་ཐེངས་ ༡༩ པའི་སྐབས་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དེས་ཚོགས་པ་གཅིག་གི་དབང་འཛིན་གྱི་ནུས་པ་རྒྱ་སྐྱེད་གཏོང་རྒྱུ་དང་། མང་གཙོ་དང་རང་དབང་ལ་ཉེན་ཚབས་སྤྲོད་ཀྱི་ཡོད་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ངོས་ནས་བོད་ལ་ཕྱོགས་ལྷུང་མེད་པ་བྱས་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་དེས་འཛམ་གླིང་ནང་གི་རྒྱལ་ཁབ་གཞན་ཁག་གི་གཞི་རྩའི་ཐོབ་ཐང་ལ་རྡོག་རྫིས་གཏོང་རྒྱུའི་བློ་སྤོབས་རྙེད་ཡོད་སྐོར་དང་། དེ་བོད་ནས་འགོ་འཛུགས་ཏེ་ཁྱེད་ནས་མཇུག་བསྡུ་རྒྱུ་ཡིན་པར་བརྟེན། རྒྱ་ནག་མང་གཙོར་འགྱུར་བ་གཏོང་རྒྱུའམ་ཡང་ན་ང་ཚོ་འགྱུར་བ་ཕྱིན་ནས་རྒྱ་ནག་གི་སྟངས་འཛིན་འོག་གནས་དགོས་པ་ལས་གཞན་ང་ཚོར་འདམས་ཀ་གང་ཡང་མེད་ཅེས་གསུངས་འདུག

རྒྱ་ནག་གཞུང་གིས་རྒྱལ་ཁབ་མང་པོ་ཞིག་ལ་གནོན་ཤུགས་སྤྲད་ཀྱི་ཡོད་པ་དང་། ལྷག་པར་ཉེ་ལམ་ང་རང་ལྷོ་ཨ་ཕི་རི་ཀའི་ནང་ཁྲིམས་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་གཏམ་བཤད་ཆེད་མགྲོན་འབོད་གནང་ཡོད་པ་དང་། སྐབས་དེར་བོད་དོན་དང་འབྲེལ་བའི་སྐད་ཆ་ཤོད་རྒྱུར་བཀག་འགོག་བྱས་པ་དང་། དེ་བཞིན་རྒྱ་གཞུང་གིས་ཨོ་སི་ཀྲི་ལི་ཡའི་ནང་དགེ་རྒན་གྱིས་བོད་དང་ཐེ་ལྦན། གནམ་སྡེ་སྒོ་མོའི་སྐོར་གླེང་བ་ཡིན་ན། རྒྱ་ནག་སློབ་ཕྲུག་གིས་དགེ་རྒན་ལ་མེ་མདའ་བརྒྱབ་པ་སོགས་སློབ་གསོའི་རང་དབང་ཐོག་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་ཤེས་རྟོགས་བྱུང་ནས་ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་ནས་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་གཞི་རྩའི་རང་དབང་ཐོག་ཐེ་བྱུས་བྱས་པར་ངོ་རྒོལ་གྱིས་གྲོས་ཆོད་བཞག་གནང་ཡོད། ཅེས་གསུངས་གནང་འདུག

གཞན་ཡང་སྲིད་སྐྱོང་མཆོག་གིས་ཉི་ཧོང་ནས་དྲང་བདེན་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་མང་གཙོ་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་དེས་ཉེ་ཧོང་ནང་རང་དབང་ཐོག་ཉི་ཧོང་མི་མང་ལ་སྐད་ཆ་ཤོད་རྒྱུ་བྱུང་བ་དང་། ལྷག་པར་ཉི་ཧོང་ནི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད། ཅེས་གསུངས་འདུག

དེ་བཞིན་ཉི་ཧོང་ནང་བཞིན་བོད་མི་རྣམས་ལ་སེམས་ཤུགས་དང་ནུས་པ་ཡོད་པ་ལྟར། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་གཏོང་བ་དེ་དག་བོད་མི་རྣམས་ནས་ཉམས་པ་སླར་གསོ་བྱས་ཡོད་པ་དང་། དེང་གི་ཆར་འཛམ་གླིང་ནང་ནས་ནང་པའི་མི་འབོར་མང་ཤོས་རྒྱ་ནག་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

སྲིད་སྐྱོང་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་བྱས་པ་དེས་འཚེ་མེད་ཞི་བ་དང་། གྲོས་མོལ། རང་དབང་། འགྲོ་བ་མིའི་ཐོབ་ཐང་། མང་གཙོ་བཅས་ལ་རྒྱབ་སྐྱོར་བྱས་པ་མཚོན་གྱི་ཡོད་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་གིས་མཛད་སྒོར་བཅར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁྱེད་ཚོ་འདིར་ཕེབས་ཐུབ་པ་དེས་རྒྱ་ནག་གཞུང་གི་གཉའ་གནོན་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་རེ་བ་དང་སེམས་ཤུགས་ཀྱི་བརྡ་ལན་སྤྲོད་ཐུབ་ཀྱི་ཡོད་ཅེས་གསུངས་གནང་འདུག །

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ ཉིན།

སྲིད་སྐྱོང་མཆོག་གིས་ཉི་ཧོང་ནང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ལ་བོད་དོན་དང་དབུ་མའི་ལམ་གྱི་སྐོར་གསུང་བ།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་ནང་སྙན་གྲགས་ཆེ་བའི་གསར་འགོད་པ་དང་། རྒྱལ་ཡོངས་སློབ་སྟོན་ཚོགས་ཆུང་ Institute of National Fundamentals གི་ཚོགས་གཙོ་ལྕམ་སྐུ་ས་ཀུ་ར་ཡི་ཡོ་ཤི་ཀོ་ Sakurai Yoshiko ལགས་ཀྱི་ Genron ཞེས་པའི་བརྙན་འཕྲིན་ཁང་དུ་བཅར་འདྲི་དང་ལེན་གནང་འདུག་པ་མ་ཟད། ཉེ་ཧོང་ནང་གི་ཚགས་ཤོག་གཞན་ཁག་གཅིག་གི་བཅར་འདྲི་ལའང་དང་ལེན་གནང་འདུག

བཅར་འདྲིའི་སྐབས་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་བོད་མིར་དྲག་གནོན་དང་། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་ལ་ཉེན་ཚབས་སྤྲད་པ། མི་མང་ས་ཡ་མང་པོ་འཚོ་བརྟེན་བྱེད་བཞིན་པའི་བོད་མཐོ་སྒང་ནས་རྒྱུག་བཞིན་པའི་ཆུ་བོ་ཆེ་ཁག་གི་རང་བྱུང་ཁོར་ཡུག་གཏོར་སྐྱོན་བཏང་བའི་རྗེས་འབྲས་དང་། རྒྱལ་སྤྱིའི་ཐོག་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཅིའི་ཕྱིར་བྱེད་བཞིན་ཡོད་སྐོར། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་ལ་གསུང་གནང་འདུག་པ་མ་ཟད། སྲིད་སྐྱོང་མཆོག་གིས་ས་ཀུ་ར་ཡོ་ཤི་ཀོ་ལགས་ཀྱིས་བོད་མིའི་རང་དབང་འཐབ་རྩོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་མཆོག་དང་ལྷན་གྲོས་མོལ་ཞེས་པའི་དཔེ་དེབ་བྲིས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག དཔེ་དེབ་དེའི་ནང་ཉེ་ཧོང་གིས་བོད་མིའི་རང་དབང་འཐབ་རྩོད་དང་དྲང་བདེན་ལ་རྒྱབ་སྐྱོར་ཅིའི་ཕྱིར་བྱེད་དགོས་དོན་དང་། བོད་མི་རྣམས་སོ་སོའི་རང་ཡུལ་དུ་ལོག་པའི་རེ་སྨོན། བོད་མི་རྣམས་སོ་སོའི་རང་དབང་འཐབ་རྩོད་བྱེད་ཐུབ་པའི་ནུས་པ། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྷན་གྲོས་མོལ་བྱུང་བ་རྣམས་དཔེ་དེབ་དེའི་གསལ་ཡོད། སྲིད་སྐྱོང་མཆོག་གིས་མི་མང་པོ་ཞིག་གིས་དཔེ་དེབ་དེ་ཀློག་ནས་བོད་དོན་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་པའི་རེ་བ་ཡོད་སྐོར་གསུང་འདུག

དེ་རྗེས་ཅི་པ་བཟོ་འཕྲུལ་བསྟི་གནས་ཁང་ Chiba Institute of Technology གིས་ སྲིད་སྐྱོང་མཆོག་ཉེ་ཧོང་ནང་འཚམས་གཟིགས་སུ་ཕེབས་པར་ཆེ་བསྟོད་ཀྱིས་དགུང་ཚིགས་སུ་མགྲོན་འབོད་ཞུས་ཡོད་པ་དང་། སྐབས་དེར་ཅི་པ་བཟོ་འཕྲུལ་བསྟི་གནས་ཁང་གིས་འདི་ལོར་བོད་མི་སློབ་ཕྲུག་གསུམ་ལ་ཅི་པ་བསྟི་གནས་ཁང་དུ་སློབ་སྦྱོང་སླད་སློབ་ཡོན་གནང་རྒྱུ་ཡིན་པ་གསུངས་འདུག སྐབས་དེར་ སྲིད་སྐྱོང་མཆོག་གིས་བསྟི་གནས་ཁང་དེའི་ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་བསྟན་འཛིན་ཀུན་དགའ་ལགས་དང་བསྟན་འཛིན་རྣམ་རྒྱལ་ལགས་དང་ཐུག་འཕྲད་ཀྱིས་བཀའ་མོལ་གནང་འདུག །

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན།

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་གྲོས་ཚོགས་སུ་གསུང་བཤད་གནང་བ།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་གྲོས་ཚོགས་སུ་ཆེད་ཕེབས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་ཉི་ཧོང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཚོགས་མི་ ༩༠ ཡོད་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མའི་ནང་ནས་ཆེ་ཤོས་དེ་ཆགས་ཡོད་སྟབས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་ཡང་སྲིད་སྐྱོང་མཆོག་གྲོས་ཚོགས་སུ་ཕེབས་འབྱོར་སྐབས་གུ་ཡང་མང་གཙོ་ཚོགས་པའི་སྐུ་ཚབ་ཚོགས་མི་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷུན་ Shimomura Hakubun མཆོག་གིས་དབུས་ཆབ་སྲིད་ཚོགས་པ་ཚང་མའི་སྐུ་ཚབ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གྲོས་ཚོགས་མཇལ་འཕྲད་ཚོགས་ཁང་དུ་ཕེབས་སྐབས་ཚོགས་ཁང་ནང་དུ་ཉི་ཧོང་དང་བོད་ཀྱི་རྒྱལ་དར་མང་པོ་ཞིག་བསྒྲེངས་འཛུགས་གནང་ཡོད་པ་དང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཡར་བཞེངས་ཏེ་སྲིད་སྐྱོང་མཆོག་ལ་གུས་བཀུར་གྱི་རྣམ་པ་ཤུགས་ཆེ་སྟོན་གནང་འདུག

སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷུན་མཆོག་དང་ལྕམ་སྐུ་ས་ཀུ་ར་ཡོ་ཤི་ཀོ་ Sakurai Yoshiko ལགས་རྣམ་གཉིས་ཀྱིས་བོད་དོན་ཐད་ཤ་ཚ་དང་ཐུག་འཁུར་ཧ་ཅང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་ལྟའི་ཆར་འཛམ་གླིང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཉི་ཧོང་ཆགས་ཀྱི་ཡོད་སྟབས་ཚོགས་གཙོ་མཆོག་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ནམ་རྒྱུན་ཡོ་རོབ་དང་ཨ་རི་སོགས་སུ་ཕྱོགས་བསྐྱོད་འགྲོ་སྐབས་ངས་སྤོབས་པ་མཐོ་པོའི་སྒོ་ནས་ཉི་ཧོང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་མང་ཤོས་ཡོད་པ་རེད། ཅེས་ཞུས་འདུག

གཞན་ཡང་སྲིད་སྐྱོང་མཆོག་གིས། ཨ་རི་གཞུང་ནས་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་ཞེས་ ༢༠༠༢ ལོར་གཏན་འབེབས་གནང་ཡོད་པ་དང་། དེ་བཞིན་ཡོ་རོབ་གྲོས་ཚོགས་ནས་ཀྱང་བོད་པའི་ངོ་བོ་སྲུང་སྐྱོབ་དང་རྒྱ་ནག་གཅིག་གི་སྲིད་བྱུས་གཞིར་བཟུང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོང་སླད་བོད་རྒྱ་གཉིས་བར་ཞི་མོལ་གནང་དགོས་པའི་གྲོས་ཆོད་ཐེངས་མང་བཞག་ཡོད་པས། དེ་རིང་ངས་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ལ་ཡང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་བོད་རྒྱ་ཞི་མོལ་དགོས་པའི་གྲོས་ཆོད་ཞིག་འཇོག་ཐུབ་པའི་འབད་བརྩོན་གང་ཐུབ་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་ད་ལྟའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། སེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་གི་ཛ་དྲག་གནས་སྟངས། དེ་བཞིན་དེང་སྐབས་རྒྱལ་སྤྱིའི་ནང་རྒྱ་ནག་དང་འབྲེལ་བའི་ལྷོ་ཤར་གཉིས་ཀྱི་རྒྱ་ནག་རྒྱ་མཚོ་དང་། སེན་ཀ་ཀུ་གླིང་ཕྲན། Senkaku Islands འབྲོག་ལམ་སོགས་ཀྱི་གནད་དོན་སྐོར་ལའང་གསུང་བཤད་གནང་འདུག

སྲིད་སྐྱོང་མཆོག་གིས་བོད་ནང་རྒྱ་ནག་བཙན་འཛུལ་བྱུང་བ་དེ་རྒྱལ་ཁབ་གཞན་སུ་ལའང་འབྱུང་སྲིད་པ་དང་ང་རང་ཉི་ཧོང་དུ་སླེབས་དགོས་པའི་རྒྱུ་མཚན་གཅིག་ནི། ཉི་ཧོང་མི་མང་རྣམས་ལ་དེ་དྲན་སྐུལ་ཞུ་རྒྱུ་ཆེད་ཡིན། དེ་དང་མཉམ་དུ་བོད་ཀྱི་གནད་དོན་དྲང་བདེན་དང་ཚེ་མེད་ཞི་བའི་འཐབ་རྩོད་ཀྱི་དམིགས་དཔེ་ལྟ་བུ་ཞིག་ཡིན་སྟབས་དེ་ལ་རྒྱབ་སྐྱོར་བྱས་པ་ཡིན་ན་དྲང་བདེན་དང་ཞི་བའི་རིན་ཐང་ལ་རྒྱབ་སྐྱོར་མཚོན་གྱི་ཡོད་པ་དང་གལ་སྲིད་དེ་ལྟར་མ་གནང་ཚེ་དྲག་པོའི་ཐབས་ལམ་ལ་ཤུགས་ཀྱི་རྒྱབ་སྐྱོར་མཚོན་གྱི་ཡོད་པ་གསུངས་འདུག

དེ་ནས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷུན་མཆོག་གིས་བོད་མི་རྣམས་ལོ་ངོ་སྟོང་ཕྲག་ལྷག་རིང་འཚེ་མེད་ཞི་བའི་ལམ་ལ་བསྐྱོད་བཞིན་ཡོད་པ་དང་། བོད་ཀྱི་ནང་ཆོས་ནས་བྱུང་བའི་ལེགས་བཤད་དེ་དག་གིས་དེང་སྐབས་འཛམ་གླིང་ནང་ཞི་བདེ་སྐྲུན་རྒྱུར་ནུས་པ་དང་ཕན་ཐོགས་ཆེན་པོ་ཡོད་པས་བོད་ཀྱི་གནད་དོན་གསལ་ཆེད་གྲོས་ཚོགས་འཐུས་མི་ཚང་མས་ནུས་པ་མཉམ་སྤུང་དང་འབད་བརྩོན་སྔར་ལྷག་བྱ་དགོས་སྐོར་གསུང་། དེ་བཞིན་ལྕམ་སྐུ་ས་ཀུ་ར་ཡོ་ཤི་ཀོ་ལགས་ཀྱིས་ཉི་ཧོང་དང་བོད་གཉིས་ནི་གཞི་རྩའི་ནང་པའི་རྒྱལ་ཁབ་ཡིན་པ་དང་། བོད་དོན་རྒྱབ་སྐྱོར་བྱེད་པ་བརྒྱུད་ཉི་ཧོང་གི་གཞིའི་རྩའི་དྲང་བདེན་དང་འཚེ་མེད་ཞི་བའི་རིན་ཐང་སྲུང་སྐྱོབ་བྱེད་རྒྱུ་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུང་འདུག

སྲིད་སྐྱོང་མཆོག་གིས་ཉེ་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལ་གསུང་བཤད་གནང་བ ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉེ་ཧོང་ནང་ཕྱོགས་ཕེབས་གནང་བཞིན་པ་ལྟར། དཔལ་ལྡན་སྲིད་སྐྱིང་མཆོག་གིས་རྒྱ་ནག་འགྱུར་བ་གཏོང་རྒྱུར་འདེམས་ཀ་གང་ཡང་མེད་ཀྱང་། རྒྱ་ནག་ནང་མང་གཙོ་དང་ཞི་བདེ་ཡོང་བར་བོད་ནི་ལྡེ་མིག་ལྟ་བུ་ཆགས་ཡོད་ཅེས་ཉེ་ཧོང་བོད་དོན་བོད་རྒྱབ་སྐྱོར་ཚོགས་མི་རྣམས་ལ་གསུང་འདུག

དེ་ཡང་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་མཛད་སྒོའི་ཐོག་ཉེ་ཧོང་གཞུང་གི་སྐུ་ཚབ་དང་། ཉེ་ཧོང་གྲོས་ཚོགས་འཐུས་མི། ཆོས་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ཆེད་ཕེབས་གནང་འདུག

སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་ང་ཚོར་འདེམས་ཀ་གང་ཡང་མེད་པའི་འོག་བོད་ནི་ཞི་བདེ་དང་རྣམ་པར་རྒྱལ་བ་བཟོ་ཐབས་ཡིན་ཡང་། རྒྱ་ནག་ཏང་གི་ཚོགས་ཆེན་ ༡༩ པའི་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་སྤྱི་ཚོགས་རིང་ལུགས་དང་རྒྱ་ནག་གི་ཁྱད་ཆོས་གཉིས་དུས་རབས་གསར་པའི་ཐོག་བསྐྱོད་རྒྱུ་ཡིན་པ་རྒྱ་ནག་གིས་སྒྲུབ་དགོས་པའི་ལས་དོན་ཞིག་ཡིན་སྐོར་གསུངས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དང་རྒྱ་ནག་གི་ཁྱད་ཆོས་ཟེར་བ་དེ་ནི་མང་གཙོའི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་མེད་པའི་ཚོགས་པ་གཅིག་གིས་དབང་འཛིན་བྱེད་པ་ཡིན་སྐོར་དང་། མའོ་ཙེ་ཏུང་གི་དུས་སྐབས་དེ་རྒྱ་ནག་གཅིག་གྱུར་གྱི་དུས་སྐབས་ཡིན་པ་དང་། ཏིང་ཞའོ་ཕིང་གྱི་དུས་སྐབས་དེ་རྒྱ་ནག་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཡིན་པ། ཞི་ཅིང་ཕིན་གྱི་དུས་སྐབས་དེ་རྒྱ་ནག་ཚོགས་པ་གཅིག་གི་དབང་འཛིན་བཟོ་རྒྱུ་ཡིན་པར་བརྟེན། རྒྱ་ནག་མང་གཙོའི་རྒྱལ་ཁབ་ཞིག་ཏུ་འགྱུར་ཐབས་དང་། དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་དེ་རྒྱ་ནག་ལྟ་བུར་འགྱུར་རྒྱུ་མ་གཏོགས། གཞན་ང་ཚོར་འདེམས་ཀ་གང་ཡང་མེད། གལ་སྲིད་རྒྱ་ནག་འགྱུར་བ་གཏོང་དགོས་ཀྱི་ཡོད་ན། བོད་ནི་རྒྱ་ནག་འགྱུར་བ་གཏོང་རྒྱུའི་ལྡེ་མིག་ཡག་ཤོས་ཡིན་སྐོར་གསུངས་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༨ཉིན།

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་རཱ་ཏཱ་ཀུ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་ལས་སློབ་མ་ཡོངས་ལ་གསུང་བཤད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་ཉི་ཧོང་དུ་བདུན་ཕྲག་གཅིག་གི་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། དེ་རིང་ཚེས་ ༡༩ རེས་གཟའ་ཟླ་བའི་ཉིན་ཉི་ཧོང་རྒྱལ་ས་ཊོག་ཡོར་ Tokyo ཕེབས་འབྱོར་གྱིས་རཱ་ཏཱ་ཀུ་གཙུག་ལག་སློབ་གྲྭ་ཆེན་མོའི་ Reitaku University དགེ་ལས་སློབ་མ་ཡོངས་ལ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས་གསུང་དོན། ང་ཚོ་བོད་པས་རྒྱ་ནག་ལ་དགོས་འདུན་བཏོན་པ་དེ་ནི་རང་དབང་དང་དྲང་བདེན། མང་གཙོའི་ཁེ་དབང་ཡིན་པ་དང་། འཛམ་གླིང་མི་མང་གིས་བོད་ཀྱི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད་གྱི་གནད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་དེས་སྤྱིར་དྲང་བདེན་དང་འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་ཀྱི་རིན་ཐང་ལ་རྒྱབ་སྐྱོར་མཚོན་གྱི་ཡོད། ཉེ་ཆར་ང་རང་ལྷོ་ཨ་ཕི་རི་ཀར་གཞུང་འབྲེལ་ཕྱོགས་བསྐྱོད་འགྲོ་རྒྱུའི་གོ་སྐབས་བྱུང་། སྐབས་དེར་རྒྱ་ནག་གཞུང་ཚབ་བརྒྱུད་རྒྱ་གཞུང་གིས་ལྷོ་ཨ་ཕི་རི་ཀའི་གཞུང་ལ་ཚོང་འབྲེལ་ལ་དོ་ཕོག་གཏོང་རྒྱུའི་ཉེན་བརྡ་གཏང་བ་དང་། དེ་བཞིན་ངའི་གཏམ་བཤད་བྱ་ཡུལ་ཁྲིམས་ཀྱི་གཙུག་ལག་སློབ་ཆེན་ཞིག་གི་སར་ཡུལ་དེར་གནས་སྡོད་རྒྱ་རིགས་ ༣༠ ཙམ་གྱིས་ངོ་རྒོལ་སྐད་འབོད་བྱས་ཏེ་གནོན་ཤུགས་ཤུགས་ཆེ་སྤྲད་ཡོད་ནའང་། སློབ་གྲྭས་དེར་འཛེམས་བཟོན་རྩ་བ་ཉིད་ནས་མེད་པར་སྔོན་གྱི་འཆར་གཞི་གཞིར་བཟུང་གཏམ་བཤད་གོ་སྒྲིག་གནང་བ་དེས་རྒྱ་ནག་གཞུང་ལ་ལྷོ་ཨ་ཕི་རི་ཀའི་གཞུང་གིས་དངུལ་གལ་ཆེན་པོ་ཡིན་ཡང་དྲང་བདེན་དང་ཞི་བའི་འཐབས་རྩོད་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་པའི་བརྡ་ལན་དང་རྣམ་འགྱུར་ཤུགས་ཆེན་པོ་སྟོན་བཞིན་ཡོད། ཅེས་གསུངས་འདུག

མུ་མཐུད་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༡༩༤༩ ལོར་བོད་ས་བཙན་བཟུང་བྱས་པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་ཆོས་རྩ་མེད་བཟོ་རྒྱུའི་ཐབས་ལམ་སྣ་ཚོགས་བྱས་ཡོད་ནའང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ནང་ཆོས་དེ་བོད་དང་རྒྱ་གར་གཉིས་ནང་ཉམས་པ་སླར་གསོ་གནང་ཐུབ་པ་མ་ཟད། དེང་སྐབས་རྒྱ་ནག་ནི་ནང་ཆོས་ལ་དད་གུས་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཆགས་ཡོད། ཅེས་གསུངས་འདུག

དེ་ནས་རཱ་ཏཱ་ཀུ་གཙུག་ལག་སློབ་གྲྭ་ཆེད་འཛུགས་གནང་མཁན་སྐུ་ཞབས་ཊོག་ཊར་ཆི་ཀུ་རོ་ ཧི་རོ་ཀ་ Dr Chikuro Hiroike མཆོག་གིས་གསུང་བཤད་ནང་། ལོ་རྗེས་མ་ནས་བོད་པའི་སློབ་མ་ཆེད་དམིགས་བསལ་སློབ་ཡོན་འབུལ་རྒྱུ་ཡིན་ཞེས་དང་། རཱ་ཏཱ་ཀུ་གཙུག་ལག་སློབ་གྲྭའི་ནང་དུ་ནང་ཆོས་དང་། རྒྱལ་རབས། བཟང་སྤྱོད་སྐོར་སློབ་ཁྲིད་གནང་གི་ཡོད་པས་བོད་པའི་སློབ་མར་ཐུགས་ཕན་ཡོང་རྒྱུའི་རེ་བ་ཡོད་ཞེས་གསུང་འདུག

སྲིད་སྐྱོང་མཆོག་གིས་སྐུ་ཞབས་ཊོག་ཊར་ཆི་ཀུ་རོ་ཧི་རོ་ཀ་མཆོག་གིས་བོད་པའི་སློབ་མར་སློབ་ཡོན་འབུལ་རྒྱུའི་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག ཤེས་ཡོན་བརྒྱུད་བོད་ཀྱི་འཐབ་རྩོད་མུ་མཐུད་གནས་རྒྱུ་དང་ནུས་པ་ཐོན་ཐུབ་པའི་རེ་བ་ཡོད་ཅེས་གསུང་འདུག

དེ་རྗེས་ཉི་ཧོང་ནང་གི་སྲིད་བྱུས་ཉམས་ཞིབ་ཁང་ Japan Institute of National Fundamentals ཞེས་པའི་འགན་འཛིན་དང་གསར་འགོད་པ་གྲགས་ཅན་ལྕམ་སྐུ་ས་ཀུ་རཡི་ཡོ་ཤི་ཀོ་ Ms Sakurai Yoshiko མཆོག་གིས་གསུང་བཤད་ནང་། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ཉི་ཧོང་རྒྱལ་ཁབ་ཀྱིས་གདོང་ལེན་བྱ་རྒྱུ་བཟང་སྤྱོད་ཐོག་ནས་འགན་དབང་ཡོད་པ་དང་། སྤྱིར་ཉི་ཧོང་ནི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་རིན་ཐང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་སྟབས། བོད་མིའི་ཞི་བའི་འཐབ་རྩོད་ལ་སྔར་ལྷག་རྒྱབ་སྐྱོར་བྱེད་དགོས་སྐོར་སོགས་གསུང་འདུག

ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ཉི་ཧོང་རཱ་ཏཱ་ཀུ་གཙུག་ལག་སློབ་གྲྭ་ཆེན་མོར་ཕེབས་སྐབས་ས་གནས་ཡུལ་མི་དང་བོད་པ་བརྒྱ་ལྷག་གིས་ལག་ཏུ་ཉི་ཧོང་དང་བོད་ཀྱི་རྒྱལ་དར་འཕྱར་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ད་ཐེངས་སྲིད་སྐྱོང་མཆོག་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐེངས་ ༤ ཆགས་ཀྱི་ཡོད་པ་བཅས།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ནས་ ༢༤ བར ་སྲིད་སྐྱོང་མཆོག་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ནས་ ༢༤ བར་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྡ་ས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༨ ཉིན་ཉི་ཧོང་དུ་ཕེབས་འབྱོར་གྱིས་ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་རཱ་ཏཱ་ཀུ་གཙུག་ལག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་རྒྱུ། གསར་འགོད་པ་ཁག་གཅིག་ལ་བཅར་འདྲི་ལན་འདེབས། གཞན་ཡང་མི་མང་འདུ་འཛོམས་ཁག་གཉིས་སུ་གསུང་བཤད་གནང་རྒྱུ་སོགས་ཀྱི་སླད་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་བཅས།།