20
Sat, Apr

སྤྱི་ཟུར་བློ་བཟང་བསྟན་འཛིན་ལགས

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༢༠ཉིན་སྤེལ། འདི་ཟླའི་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པ་ཆུ་ཚོད་དང་པོ་ཙམ་ལ་སྤྱི་ཟུར་བློ་བཟང་བསྟན་འཛིན་ལགས་བཞུགས་སྒར་དྷ་རམ་ས་ལའི་རང་ཤག་ཏུ་སྐུ་གྲོངས་པའི་གནས་ཚུལ་འདུག

བོད་ཚེས་བཞི་སྟེ་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པ་ཆུ་ཚོད་དང་པོ་ཙམ་ལ་སྤྱི་ཟུར་བློ་བཟང་བསྟན་འཛིན་ལགས་དྷ་རམ་ས་ལའི་རང་ཤག་ཏུ་དམིགས་བསལ་སྙུང་གཞི་གང་ཡང་མེད་པར་སྐུ་གྲོངས་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༦།༣༠ ཙམ་གྱི་ཐོག་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་ཡོད་ཅིང་། ད་ལོར་ཁོང་དགུང་གྲངས་ ༨༧ ཡིན་འདུག
 སྤྱི་ཟུར་བློ་བཟང་བསྟན་འཛིན་ལགས་ནི་ཕྱི་ལོ་ ༡༩༣༢ ལོར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ཧོར་གཙང་ཡར་ཤུལ་སྟོད་དུ་ཕ་འབྲུག་པ་དང་མ་སྒྲོལ་མ་སྐྱིད་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཕྱི་ལོ་༡༩༤༦ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་ནང་རབ་ཏུ་བྱུང་སྟེ་སློབ་གཉེར་གནང་། ཕྱི་ལོ་ ༡༩༥༤ དང་ ༡༩༥༧ ལོ་བཅས་སྔ་ཕྱིར་ཐེངས་གཉིས་ལ་ལྷ་སར་ཕེབས་ཏེ་ཚོང་ལས་གཉེར། ཕྱི་ལོ་ ༡༩༥༨ ལོར་ལྷ་སར་བཟའ་ཟླ་བུ་ཕྲུག་གཞན་ལ་བཅོལ་ཏེ་བསྟན་སྲུང་དང་བླངས་དམག་ཁོངས་སུ་ཞུགས། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་དང་ལྷན་བཅར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས།

ཕྱི་ལོ་ ༡༩༦༡ ལོར་བོད་གཞུང་གི་གོ་སྒྲིག་འོག་ལམ་བཟོའི་བཀོད་འདོམ་པར་ཨ་རུ་ན་ཅཱལ་དུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༦༣ ལོར་རྡོ་རྗེ་གླིང་དུ་མདོ་སྨད་ཆིག་བསྒྲིལ་ཚོགས་པ་གསར་འཛུགས་སྣེ་འཁྲིད་གནང་། ཕྱི་ལོ་ ༡༩༧༦ ལོར་སྐབས་དྲུག་པའི་མདོ་སྨད་སྤྱི་འཐུས་སུ་བདམས་འཐོན་བྱུང་། ཕྱི་ལོ་ ༡༩༨༢ ལོར་མདོ་སྨད་ཚོགས་པའི་སྣེ་འཁྲིད་མཛད་དེ་༧གོང་ས་མཆོག་གི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས།  ཕྱི་ལོ་ ༡༩༨༥ ལོར་བོད་ནང་གཉེན་འཕྲད་དུ་ཕེབས་ཏེ་བྱེས་ཀྱི་གནས་ཚུལ་ཁྱབ་སྤེལ་གནང་།

ཕྱི་ལོ་ ༡༩༨༢ ནས་ ༡༩༩༡ བར་མདོ་སྨད་རྒྱུན་ལས་སྐབས་གཉིས་པ་གསུམ་པ་བཞི་པ་་གནང་བ་དང་། ཕྱི་ལོ་༡༩༩༡ ནས་ ༢༠༠༠ བར་མདོ་སྨད་རྒྱུན་ལས་སྐབས་ལྔ་པ་དྲུག་པ་བདུན་པ་བཅས་ཀྱི་ཚོགས་གཙོའི་འགན་འཁུར་གནང་། མདོར་ན་ཁོང་གི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་དཀའ་བ་དང་དུ་བླངས་ཤིང་ངལ་བ་ཁྱད་དུ་བསད་དེ། ཆེས་གཉན་འཕྲེང་ཅན་དང་དཀའ་སྡུག་ཆེ་བའི་དུས་དེར་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཞུས་ཏེ་མི་ཚེ་དོན་དང་ལྡན་པའི་ངང་ཚེ་མཐར་འཁྱོལ་ཡོད་པ་རེད།