25
Thu, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༢།༡༨ཉིན་སྤེལ། བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་མཐོ་སློབ་ཅིག་ལ་ཕེབས་པ་དང་། བོད་རྒྱལ་ལོ་༢༡༤༥རབ་གནས་ས་ཁྱིའི་ལོ་གསར་ཚེས་ལ་འཚམས་འདྲི། དེ་བཞིན་བོད་མིའི་སྲིད་སྐྱོང་མཆོག་སླར་ཡང་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་བཅས།

སྲིད་སྐྱོང་མཆོག་སླར་ཡང་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧  ནས་ ༢༤  བར་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྡ་ས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༨ ཉིན་ཉི་ཧོང་དུ་ཕེབས་འབྱོར་གྱིས་ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་རཱ་ཏཱ་ཀུ་གཙུག་ལག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་རྒྱུ། གསར་འགོད་པ་ཁག་གཅིག་ལ་བཅར་འདྲི་ལན་འདེབས། གཞན་ཡང་མི་མང་འདུ་འཛོམས་ཁག་གཉིས་སུ་གསུང་བཤད་གནང་རྒྱུ་སོགས་ཀྱི་སླད་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་འདུག
བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་ལོ་གསར་པ་ལ་་འཚམས་འདྲི།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༦ ཉིན་བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་དགའ་སྟོན་ལ་འཚམས་འདྲི་གནང་དོན།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པ། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤྲུན་ཟླ་རྣམ་པ། རྒྱ་གར་གཞུང་མང་གཉིས་དང་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་དྲང་བདེན་ལ་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་མཁན་བོད་ཀྱི་གྲོགས་པོ་བཅས་ལ་བཀའ་ཤག་དང་། སྲིད་སྐྱོང་སྒེར་གྱི་ངོས་ནས་བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་དགའ་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།
འདི་ལོར་ཕྱི་ལོ ༢༠༠༨ ནང་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་དང། རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་འགྲོ་གི་ཡོད།  འོན་ཀྱང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་དང་། བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་པ་ལ་བརྟེན་ནས་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཐུབ་ཡོད།  དེ་ལྟར་ང་ཚོས་མུ་མཐུད་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་སྔར་ལས་ལྷག་པའི་སེམས་ཤུགས་སྐྱེས་ནས་མདུན་སྐྱོད་བྱེད་དགོས། དེ་བཞིན་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་རྒྱ་ཆེན་པོ་གསོག་དགོས་རྒྱུ་གལ་ཆེན་ཡིན་པ་ལྷ་དང་བླ་མའི་ལུང་བསྟན་རིམ་པ་ཕེབས་ཡོད་པ་ལྟར་ཚང་མས་ཚོགས་གསོག་སྒྲིབ་སྦྱོང་གི་ལས་ལ་འབད་འབུངས་དགོས་པ་ཡིན། ལྷག་པར་དུ་བོད་མིའི་ངོ་བོ་མཚོན་པའི་ཡ་རབས་བཟང་སྤྱོད་དང་། རྩ་ཆེའི་ཆོས་དང་རིག་གཞུང་། གོམས་སྲོལ་བཟང་པོ་དེ་ཚོ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་ཡང་བོད་མིའི་འཐབ་རྩོད་རྒྱུན་སྐྱོང་ཆེད་དུ་ཧ་ཅང་གལ་ཆེན་པོ་རེད།
བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ། ༢༠༡༩ དེ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་དྲུག་བཅུ་འཁོར་བཞིན་པར་དུས་ཡུན་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་དྲན་ཆེད་དུ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་གནང་གི་ཡོད་སྟབས་ཚང་མས་མཉམ་ཞུགས་བྱེད་དགོས་པ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཡོད། ཚང་མར་ལོ་གསར་པའི་ནང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་ལམ་ཡོད། བཀྲ་ཤིས་བདེ་ལེགས།།
 
དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཧནྶ་རཱཇ་ Hansraj College མཐོ་སློབ་ཀྱི་སློབ་ཟུར་ལྷན་ཚོགས་ཀྱི་མཛད་སྒོར་སྐུ་མགྲོན་དུ་ཕེབས་པ།
ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧནྶ་རཱཇ་ Hansraj College  མཐོ་སློབ་ཏུ་ ༢༠༡༨ ལོའི་སློབ་ཟུར་ལྷན་ཚོགས་ཀྱི་སྐུ་མགྲོན་དུ་མགྲོན་འབོད་པ་ལྟར་ཕེབས་འདུག
 
དེ་ཡང་མཐོ་སློབ་ཀྱི་སློབ་ཟུར་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་ཀྱི་རྩ་དོན་དང་བཙན་བྱོལ་བོད་མིར་ཐུགས་ཁུར་ཆེན་པོས་རྒྱབ་སྐྱོར་རོགས་རམ་སོགས་གནང་དང་གནང་མུས་ཡིན་པས། རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་གནང་ཡོད།
ན་ནིང་ལོར་མཐོ་སློབ་ནས་སྲིད་སྐྱོང་མཆོག་ལ་ Mahatma Hansraj Gaurav Samman ཞེས་པའི་གཟེངས་རྟགས་ཤིག་ཕུལ་བ་དང་། མཛད་སྒོའི་སྟེང་རྒྱ་གར་གཞུང་འབྲེལ་མི་སྣ་དང་ཤེས་ལྡན་མི་སྣ་གྲགས་ཅན། ཚོང་པ་གྲགས་ཅན་བཅས་ཕེབས་ཡོད།