19
Fri, Apr

སྲིད་སྐྱོང་མཆོག་ཡོ་རུབ་ཀྱི་ཡུལ་གྲུ་ཁག་ལ་གཞུང་འབྲེལ་གཟིགས་སྐོར་དང་བོད་དོན་དྲིལ་བསྒྲགས་གནང་བའི་སྐོར་གྱི་འདྲ་བར་ཕྱོགས་བསྒྲིགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཡོ་རུབ་ཀྱི་ཡུལ་གྲུ་ཁག་ལ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་ཏེ་ཡུལ་གྲུ་དེ་དག་གི་གཞུང་འབྲེལ་གནད་ཡོད་མི་སྣ་དང་ཡོ་རུབ་གྲོས་ཚོགས་སུ་བོད་དོན་གསུང་བཤད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འབྲེལ་ཡོད་མི་སྣ་ཁག་ལ་མཇལ་འཕྲད། མ་ཟད་ས་གནས་བོད་མི་རྣམས་སུ་མཇལ་འཕྲད་དང་བཀའ་སློབ་གནང་བ་སོགས་ཁུལ་དེ་དག་དུ་གཟིགས་སྐོར་མཇུག་བསྒྲིལ་བྱུང་ཡོད་འདུག དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་གནས་སུ་ཐོན་གསལ་ལྟར་ན་སྲིད་སྐྱོང་མཆོག་གི་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་ཡོད་ལུགས་སྤེལ་བ་གཤམ་དུ་ཕྱོགས་བསྒྲིགས་ཞུས་ཡོད།

ཁོང་གིས་ཧྥ་རན་སིའི་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་དོན།
དེ་ཡང་༢༠༡༨ཟླ་༡ཚེས་༢༩རེས་གཟའ་ཟླ་བ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཧྥ་རན་སིའི་ས་གནས་བོད་རིགས་རྣམས་ལ་བོད་མིའི་ཐུན་མིན་རིག་གཞུང་དང་སྐད་ཡིག་སོགས་རྒྱུན་འཛིན་གྱིས་རང་ཉིད་བོད་མི་ཚད་ལྡན་ཞིག་ཆགས་ཐུབ་པའི་ཐོག་ནས་རྒྱལ་ཁབ་གཞན་གྱི་རིག་གཞུང་སོགས་ལ་མཐོང་རྒྱ་ཐོས་རྒྱ་ཇི་ཙམ་རྒྱ་སྐྱེད་ཐུབ་པ་བྱུང་ཡང་རྒྱན་དུ་འགྲོ་རྒྱུ་ལས་གཞན་རང་ཉིད་ཤ་ཁྲག་རུས་ཙམ་ལས་བོད་མིའི་ཐུན་མིན་རིག་གཞུང་དང་གོམས་གཤིས་སོགས་གང་ཡང་སྟོན་རྒྱུ་མེད་པ་ཆགས་ན་ཐབས་སྐྱོ་པོ་ཡིན་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ཚན་རིག་དང་དཔུང་པ་མཉམ་གཤིབ་ཐོག་ནས་འགྲོ་ཐུབ་མཁན་གྱི་ཆོས་ནི་ནང་ཆོས་ཁོ་ན་ཡིན་པ་མ་ཟད། རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་བྱ་དགོས་ན། བོད་ཀྱི་སྐད་ཡིག་ལས་གཞན་རེ་བ་རྒྱག་ས་ལྷག་མེད་སྟབས། བོད་སྐད་ངེས་པར་དུ་སྦྱོང་དགོས་པའི་བཀའ་སློབ་ཡང་ཡང་སྩོལ་བཞིན་པ་ལུང་འདྲེན་ཞུས་ཏེ། ཕ་མ་ཚོས་མ་སྐུལ་དང་བླངས་ཐོག་ནས་རང་གི་བུ་ཕྲུག་རྣམས་ལ་བོད་སྐད་རྒྱག་དགོས་པ་དང་།  བོད་མིའི་ཆོས་དང་རིག་གཞུང་། ཡ་རབས་བཟང་སྤྱོད་དེ་དག་ལམ་སྟོན་འཐུས་སྒོ་ཚང་བའི་ཐོག་ནས་མི་རབས་ནས་མི་རབས་རྒྱུན་འཛིན་བྱེད་དགོས་པར་བརྟེན་ཕྲུ་གུ་རྣམས་ངེས་པར་དུ་གཟའ་མཇུག་སློབ་གྲྭར་གཏོང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་སློབ་དགོས་པའི་འབོད་སྐུལ་ཡང་གནང་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ལུང་འདྲེན་གནང་སྟེ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་ཁོང་གིས་བློས་གཏོང་ཇི་ཙམ་གནང་བ་རྣམས་འགྲེལ་བཤད་གནང་བ་དང་སྦྲགས།  བོད་མི་རིགས་རིག་གཞུང་དང་བཅས་པར་སྲུང་སྐྱོབ་སླད་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༡ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་བའི་སྐོར་གསུངས།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་གནས་སྡོད་བོད་མི་རྣམས་ཀྱིས། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ལ་བརྩི་དགོས། ཟེར་བའི་དཔེ་ལྟར་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་གལ་སྐོར་གསུངས།
དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོ་དང་རང་དབང་སྐོར་གསུང་སྐབས་སྤྱི་ཚོགས་དྲ་ལམ་སོགས་ནང་དཀྲོག་གཏམ་ཁྱབ་འཕེལ་འགྲོ་བཞིན་པ་དེ་དག་ལ་བརྟག་དཔྱད་ཡག་པོ་བྱས་ནས་གཏམ་བརྗོད་རང་དབང་བེད་སྤྱོད་བྱ་དགོས་པ་ལས་རང་དབང་ཁ་ལ་འཁྱེར་ནས་གཡམ་རྒྱུག་བྱས་པ་ཡིན་ན། བོད་མིའི་ཆིག་སྒྲིག་དང་རྩ་དོན་ལ་གནོད་པ་ལས་ཕན་པ་གང་ཡང་མེད་པ་དང་། ལྷག་པར་སྐད་འཕྲིན་ WeChat app ཟེར་བ་བརྒྱུད་ནས་གཏམ་འཆལ་དེ་དག་གཏོང་རེས་མ་གནང་རོགས་ཞེས་འབོད་སྐུལ་ཡང་གནང་འདུག
དེ་སྔའི་བཙན་བྱོལ་བོད་མིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་བོད་མི་སེར་སྐྱ་མཆོག་དམན་ཀུན་གྱིས་དོ་སྣང་ཆེན་པོ་གནང་བ་ཙམ་མ་ཟད། དཀའ་ངལ་འཛེམས་མེད་ཐོག་ནས་འོས་བསྡུའི་ནང་ཆ་ཤས་བླངས་པ་དེ་དག་ནི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་དགའ་སྤོབས་སྐྱེ་འོས་པའི་འཕེལ་རིམ་ཞིག་ཡིན་ཞེས་གསུངས་པ་དང་སྦྲགས། ཧྥ་རན་སིའི་ས་གནས་བོད་མི་རྣམས་ནས་ཀྱང་འབྱུང་འགྱུར་བོད་མིའི་བཀའ་སྤྱིའི་འོས་བསྡུ་མཚོན་མང་གཙོའི་ལས་དོན་ཇི་འདྲ་ཞིག་ཡིན་ཡང་ཚ་ཚ་འུར་འུར་ཐོག་ནས་ཆ་ཤེས་ལེན་དགོས་གལ་སྐོར་གསུངས།
མཚམས་དེར་སྲིད་སྐྱོང་མཆོག་གིས་གཟའ་མཇུག་སློབ་གྲྭའི་ལས་གཞིར་མ་སྐུལ་དང་བླངས་ཐོག་ནས་ཕྱག་ལས་གནང་མཁན་དགེ་རྒན་དང་སློབ་ཕྲུག ཕ་མ་སོགས་འབྲེལ་ཡོད་ཚང་མར་བཀའ་ཤག་གི་ཚབ་ཞུས་ནས་ཡི་རངས་བསྔགས་བརྗོད་དང་འབྲེལ་མུ་མཐུད་ལས་གཞི་དེ་རིགས་མཇུག་སྐྱོང་དགོས་གལ་སྐོར་འབོད་སྐུལ་ཡང་གནང་འདུག
སྤྱིར་སྲིད་སྐྱོང་མཆོག་གིས་བོད་རིགས་རྣམས་ལ་གསུང་བཤད་མ་གནང་གོང་དོན་ཁང་ནང་བོད་དོན་རྒྱབ་སྐྱོར་ཚོགས་མི་ ༢༥ དང་ཐུག་འཕྲད་གནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངལ་ཇི་ཙམ་སྐྱོན་གནང་མཛད་བཞིན་པ་དང་།  ལྷག་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར། གྲོགས་པོ་རྙིང་པ་རྣམས་ཡོད་མུས་སུ་གྲོགས་པོ་གསར་པ་འཚོལ་དགོས་པའི་བཀའ་སློབ་ལུང་འདྲེན་ཞུས་པ་དང་སྦྲགས།   གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་དག་གིས་ད་བར་བོད་ཀྱི་རྩ་དོན་ཆེད་རྒྱབ་སྐྱོར་གནང་བ་དེ་དག་ལ་བསྔགས་བརྗོད་དང་ལྷན་མུ་མཐུད་བོད་དོན་བདེན་མཐའ་གསལ་བར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག
ཚོགས་འདུ་དེ་གོ་སྒྲིག་ཞུ་མཁན་པེ་རི་སི་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས་ཡིན་པ་དང་།  སྐབས་དེར་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱང་ལྷན་བཅར་ཞུས་ཡོད་པ་བཅས།

སྲིད་སྐྱོང་མཆོག་གིས་སུད་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་བོད་མི་གཞོན་སྐྱེས་རྣམས་ལ་གསུང་བཤད་གནང་དོན།
ཕྱི་ལོ་༢༠༡༨ཟླ་༡ཚེས་༢༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སུད་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་བོད་མི་གཞོན་སྐྱེས་རྣམས་ལ་གསུང་བཤད་གནང་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གསོལ་སྩལ་མཛད་པའི་ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་འཕེལ་རིམ་དང་།  བཙན་བྱོལ་བོད་མི་མང་ཚོགས་རྣམས་ཀྱིས་འོས་བསྡུ་སོགས་མང་གཙོའི་ཐོབ་ཐང་ཙམ་མ་ཟད། ལས་འགན་ཡང་འཁྱེར་དགོས་གལ་སྐོར་སོགས་གསུངས།
སྲིད་སྐྱོང་མཆོག་གིས་སུད་སིར་གནས་སྡོད་བཙན་བྱོལ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་ ༢༠ ལྷག་རིང་སྲི་ཞུ་བསྒྲུབས་མཁན་ཁག་གཅིག་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ།  ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་མི་གཞོན་སྐྱེས་ཚོས་ཀྱང་མིག་དཔེ་ཡར་བལྟ་བྱས་ནས་བོད་མིའི་སྒྲིག་འཛུགས་ནང་གང་ཐུབ་ཕྱག་ལས་གནང་ཐབས་དང་། ལྷག་པར་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ Tibet Corps བརྒྱུད་ནས་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཡོད་སྐོར་གསུངས།
དེ་བཞིན་བོད་མི་གཞོན་སྐྱེས་ཚོས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཐོག་མདུན་བསྐྱོད་ཡོང་སླད། ཕྱར་གྲུ་མཉམ་འདེགས་ཞུ་པར་ཐོག་མར་རང་ཉིད་བོད་མི་ཚད་ལྡན་ཞིག་ཡོང་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། དེའི་ཁར་ཕྱིའི་རྒྱལ་ཁབ་ཀྱི་ཤེས་བྱའི་རྣམ་གྲངས་ཐོག་མཐོང་རྒྱ་ཐོས་རྒྱ་མང་ཙམ་བྱེད་རྒྱུ་མ་ཟད། ཉམས་མྱོང་ཇི་ཙམ་བསགས་ཐུབ་པ་དེ་ཚོད་ཀྱིས་རྒྱན་དུ་འགྱུར་རྒྱུ་ཡིན་པ་ལས།  རང་ཉིད་ཤ་ཁྲག་ཙམ་ལས་གཞན་བོད་མི་ཡིན་པའི་ཁུངས་སྐྱེལ་གང་ཡང་མེད་པ་ཞིག་ཆགས་པ་ཡིན་ན་ཧ་ཅང་ཐབས་སྐྱོ་པོ་ཡིན་པར་བརྟེན།  གཞོན་སྐྱེས་ཚོས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག  བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དེ་དག་མི་ཉམས་རྒྱུན་འཛིན་ཐུབ་དགོས་པ་ཧ་ཅང་གལ་ཆེ་ཡིན་སྟབས། གཟའ་མཇུག་སློབ་གྲྭ་སོགས་བརྒྱུད་ནས་བོད་སྐད་དང་བོད་ཡིག་ལ་ངེས་པར་དུ་སྦྱང་བརྩོན་གནང་རོགས་ཞེས་འབོད་སྐུལ་ཡང་གནང་འདུག
ཉེ་ཆར་ཟླ་ ༡ ཚེས་ ༢༠ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐེངས་ ༥ པའི་མཇུག་སྡོམ་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་དབུ་བཞུགས་གནང་བར་བརྟེན། ལས་འགུལ་དེ་དག་ལ་བསྔགས་བརྗོད་གནང་བ་དང་སྦྲགས།  འབྱུང་འགྱུར་ལས་འགུལ་དེ་རིགས་མུ་མཐུད་དགོས་པ་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས།
སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་གཙོས་བོད་མི་ཚོགས་བཅར་བ་མི་གྲངས་ ༡༠༠༠ ལྷག་ལྷན་ཞུགས་གནང་འདུག  གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཇེ་ནེ་ཝ་ Geneva ནང་རྟེན་གཞིས་བྱས་པའི་བོད་ཀྱི་དོན་གཅོད་ཁང་གི་དྲ་རྒྱ་གསར་པ་དབུ་འབྱེད་ཀྱང་གནང་འདུག་པ་བཅས།

ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་པའི་སྐོར།
ཕྱི་ལོ་༢༠༡༨ཟླ་༡་ཚེས་༢༥ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་བ།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥
ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སི་ཏྲས་སི་སྦག་ Strasbourg Proposal ཡུ་རོབ་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་གནང་ཡོད་པ་དང་།དེ་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པ་བྱུང་ཡོད། དེར་བརྟེན་བོད་པ་ཚོར་མཚོན་ན་ཕ་རན་སི་ནི་འཐབ་ཇུས་ཀྱི་ཆ་ནས་རྒྱལ་ཁབ་གལ་ཆེན་པོ་ཞིག་ཆགས་ཡོད་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འགྲོ་སྟངས་དང་། དབུ་མའི་ལམ་གྱི་སྲིད་བྱུས། སྐབས་བཅོ་ལྔ་པའི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད།
ལྷག་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་དོན། བོད་མིའི་སྒྲིག་འཛུགས་ནས་བོད་ནང་གི་བོད་མི་ཚོར་རང་ལུས་མེར་སྲེག་མ་གཏོང་རོགས་ཞེས་རེ་སྐུལ་ཐེངས་མང་ཞུས་ཡོད་ཀྱང་། ད་བར་བོད་ནང་གི་བོད་མི་ ༡༥༡ གིས་རང་ལུས་མེར་སྲེག་བཏང་ཡོད་པས། སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པ་དང་། དེའི་ཐད་ལ་རྒྱ་ནག་གཞུང་ལ་འགན་ཡོད་པ་རེད། ཅེས་དང་། ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་ Freedom House ཞེས་པས་ཕྱི་ལོ་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་། ཞེས་པའི་སྙན་ཐོ་ཞིག་བཏོན་པ་ལྟར་ན། འཛམ་གླིང་ནང་ཆེས་དམ་བསྒྲགས་ཆེ་བའི་ལུང་པ་ཨང་དང་པོ་དེ་སི་རི་ཡ་ Syria ཡིན་པ་དང་། ཨང་གཉིས་པ་བོད་ཡིན་པ་བཀོད་ཡོད། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ལ་ཆབ་སྲིད་ཐོག་དྲག་གནོན་དང་། དཔལ་འབྱོར་གྱི་བཤུ་གཞོག ཁོར་ཡུག་གཏོར་བཤིག མི་རིགས་དབྱེ་འབྱེད་བྱས་དང་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ནས་བླ་རུང་སྒར་ནང་བསྟན་སློབ་གླིང་ནས་གྲྭ་བཙུན་ ༥༠༠༠ ཉུང་དུ་བཏང་ཡོད་པ་དང་། དེ་བཞིན་དུ་ཡ་ཆེན་སྒར་ནས་གྲྭ་བཙུན་ ༢༠༠༠ ནས་ ༣༠༠༠ ཙམ་ཉུང་དུ་བཏང་ཡོད། ད་བར་གྲྭ་ཤག་ ༡༥༠༠ ཙམ་གཏོར་བཤིག་དང་གྲྭ་བཙུན་ ༤༦༠༠ ཙམ་ཕྱིར་འབུད་བཏང་འདུག རྒྱ་གཞུང་གིས་བཙན་དབང་དང་སུན་གཙེར་འོག་བཙུན་མ་རིག་འཛིན་སྒྲོལ་མ་ལགས་དང་། ཚེ་རིང་སྒྲོལ་མ་ལགས། སེམས་དགའ་ལགས་གསུམ་ནས་རང་སྲོག་འདོར་དགོས་བྱུང་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་པ་ཁག་ནས་བོད་ནང་གི་བོད་མི་ཚོས་དངོས་ཡོད་ཀྱི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་སྐོར་མཁྱེན་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧྥི་རན་སིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ France 24TV, TV 5Monde དང་དུས་དེབ་གྲགས་ཅན་ The Nouvel Observation Magazine སོགས་ཀྱི་བཅར་འདྲི་ཁག་ལ་དང་ལེན་ཞུས་གནང་སོང་།

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞུ་གཏུག་གནང་བའི་སྐོར།
ཕྱི་ལོ་༢༠༡༨ཟླ་༡ཚེས་༢༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞུ་གཏུག་གནང་ཡོད། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨན་ཊོ་ནིའོ་ལགས་ཀྱིས་ཉན་ཞིབ་ཀྱི་ཚོགས་འདུ་དེ་གཙོ་སྐྱོང་གནང་བ་རེད།
དེ་ཡང་ཉན་ཞིབ་ཀྱི་ཚོགས་འདུའི་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཡོ་རོབ་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པར་བརྟེན། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་གྲོས་ཚོགས་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་དགོས་པ་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཡོ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དེས་གཞིས་ལུས་བོད་མི་ཡོངས་ལ་རེ་བའི་བརྡ་ལན་བཟང་པོ་ཞིག་སྤྲད་ཡོད། ཅེས་དང་།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མུ་མཐུད་གསུང་དོན། འདི་ལོ་ནི་བོད་རྒྱ་ནག་གི་བཙན་དབང་འོག་གནས་ནས་མི་ལོ་༦༠འཁོར་གྱི་ཡོད་པ་དང་། ལོ་ངོ་འདི་དག་རིང་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ལ་ཆབ་སྲིད་ཐོག་དྲག་གནོན་དང་། དཔལ་འབྱོར་གྱི་བཤུ་གཞོག ཁོར་ཡུག་གཏོར་བཤིག མི་རིགས་དབྱེ་འབྱེད་བྱས་དང་བྱེད་བཞིན་ཡོད། ད་ལྟའི་བོད་ནང་གི་གནས་སྟངས་ནི་རིག་གནས་གསར་བརྗེ་བསྐྱར་གསོ་བྱས་པ་ལྟ་བུ་འོག་ཡོད་པ་དང་། འདས་པའི་ལོ་ངོ་༡༠རིངབོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་སྔ་ལས་ཇེ་སྡུག་ཏུ་ཕྱིན་པར་བརྟེན། ང་ཚོས་ཤེས་རྟོགས་ལྟར་ན། བོད་ནང་ད་བར་སེར་སྐྱ་ཕོ་མོ་ཁྱོན་མི་གྲངས་༡༥༡ལྷག་གིས་རྒྱ་ནག་གཞུང་གིས་བོད་ཐོག་་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁག་ལག་བསྟར་བྱས་དང་བྱེད་བཞིན་པ་དེ་དག་ལ་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ནས་མཐའ་ན་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་ཚུན་ཆད་བློས་བཏང་ཡོད།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ནས་བླ་རུང་སྒར་ནང་བསྟན་སློབ་གླིང་ནས་གྲྭ་བཙུན་ ༥༠༠༠ ཉུང་དུ་བཏང་ཡོད་པ་དང་། དེ་བཞིན་དུ་ཡ་ཆེན་སྒར་ནས་གྲྭ་བཙུན་ ༢༠༠༠ ནས་ ༣༠༠༠ ཙམ་ཉུང་དུ་བཏང་ཡོད། ད་བར་གྲྭ་ཤག་ ༡༥༠༠ ཙམ་གཏོར་བཤིག་དང་གྲྭ་བཙུན་ ༤༦༠༠ ཙམ་ཕྱིར་འབུད་བཏང་འདུག རྒྱ་གཞུང་གིས་བཙན་དབང་དང་སུན་གཙེར་འོག་བཙུན་མ་རིག་འཛིན་སྒྲོལ་མ་ལགས་དང་། ཚེ་རིང་སྒྲོལ་མ་ལགས། སེམས་དགའ་ལགས་གསུམ་ནས་རང་སྲོག་འདོར་དགོས་བྱུང་ཡོད།
ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་ Freedom House ཞེས་པས་ཕྱི་ལོ་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་། ཞེས་པའི་སྙན་ཐོ་ཞིག་བཏོན་པ་ལྟར་ན། འཛམ་གླིང་ནང་ཆེས་དམ་བསྒྲགས་ཆེ་བའི་ལུང་པ་ཨང་དང་པོ་དེ་སི་རི་ཡ་ Syria ཡིན་པ་དང་། ཨང་གཉིས་པ་བོད་ཡིན་པ་བཀོད་ཡོད། རྒྱལ་སྤྱིའི་གསར་འགོད་པ་ཚོས་བརྗོད་པ་ལྟར་ན། བྱང་ཀོ་རེ་ཡ་ལས་ཀྱང་བོད་ནང་གནས་ཚུལ་བསྡུ་ལེན་བྱེད་པར་ཁག་པོ་ཡོད་པ་བཀོད་འདུག རྒྱ་ནག་གི་གསར་འགོད་པ་དང་ཤེས་ཡོན་པ་སོགས་ཡུ་རོབ་ནང་ཡང་ཡང་ལྟ་སྐོར་དུ་བསྐྱོད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཡུ་རོབ་ནང་གི་གསར་འགོད་པ་ཚོ་ཅིའི་ཕྱིར་བོད་ནང་དུ་ལྟ་སྐོར་དུ་འགྲོ་འཇུག་གི་མེད་དམ། ཞེས་དང་། ཕྱོགས་མཚུངས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། སྤྱི་ནོར་༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་སྐོར་གསུང་བཤད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞུ་གཏུག་སྐབས་ཚོགས་ཞུགས་པ་མི་གྲངས་ ༥༠ ལྷག་གིས་དང་ལེན་ཞུས་འདུག་པ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འཐུས་མི་རྣམས་དང་། ཡུ་རོབ་གྲོས་ཚོགས་ཀྱི་ལས་བྱེད། ལྕམ་བདེ་རན་ Ms Deren Derya, External Action Service ལགས། ཆབ་སྲིད་སློབ་སྟོན་པ་རྣམ་པ། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཕྱག་རོགས་གནང་མཁན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་འཐུས་མི་སོགས་ལྷན་ཞུགས་གནང་ཡོད།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ས་བྷ་སོ་གོར་ Csaba Sogor ལགས་དང་། མོ་ལེ་སི་ཁོ་ཊི་ Molly Scott Along ལགས་རྣམ་གཉིས་ཀྱིས་་གོ་སྒྲིག་ཞུས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་འདུའི་སྟེང་མཉམ་ཞུགས་ཀྱིས་ཡོ་རོབ་སྤྱི་མཐུན་ཚོགས་པ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཨ་མ་ལྟ་བུ་ཡིན་པ་དང་ཨ་རི་ནི་དབུ་མའི་ལམ་སྲིད་བྱུས་ཀྱི་ཕ་ལྟ་བུ་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། ཡོ་རོབ་སྤྱི་མཐུན་ཚོགས་པས་དབུ་མའི་ལམ་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་འདེམས་ཀ་གཞན་མེད། ཅེས་གསུངས་ཡོད། །

སྲིད་སྐྱོང་གིས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་དང་མཇལ་འཕྲད་གནང་བ།
ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྦེལ་ཇམ་ Belgium ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་འདུག
དེ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་ཐོག་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ས་བྷ་སོ་གོར་ Csaba Sogor ལགས།  ལ་ཛི་ལོ་ཊོ་ཀེ་སི་ LaszloTokes ལགས། ཏུན་ནེ་ཀེ་ལམ་ Tunne Kelam ལགས། མོ་ལེ་སི་ཁོ་ཊི་ Molly Scott Along ལགས། དེ་བཞིན་གྲོས་ཚོགས་འཐུས་མིའི་ཕྱག་རོགས་ ༡༧ ཙམ་མཉམ་ཞུགས་གནང་འདུག
སྐབས་དེར་ཐོག་མར་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ཚོགས་འདུར་ཕེབས་པར་དགའ་བསུ་དང་སྦྲགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་དགོས་དམིགས་རྣམས་ཇི་ཡིན་འགྲེལ་བརྗོད་མདོར་ཙམ་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཡོ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པར་བརྟེན། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་གྲོས་ཚོགས་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་གནང་འདུག་པ་མ་ཟད།  ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༦ ནས་ ༢༩ བར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་༧ རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚུགས་གཏན་འཁེལ་ཡོད་སྟབས། སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་ངེས་པར་དུ་མཉམ་ཞུགས་གནང་རྒྱུའི་རེ་སྐུལ་ཞུས་གནང་འདུག
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ན་ནིང་བཞུགས་སྒར་རྡ་ས་རུ་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་གོ་སྒྲིག་གནང་བའི་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་འོག་བོད་མིའི་བདེན་པའི་འཐབ་རྩོད་མུ་མཐུད་མདུན་སྐྱོད་བྱེད་བཞིན་ཡོད་སྐོར་སོགས་གསུངས།
དེ་བཞིན་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་སྐོར་དང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ལ་བཙན་འཛུལ་ཇི་ལྟར་བྱས་པའི་སྐོར་གསུང་དོན། རྒྱ་ནག་གིས་བོད་ནང་གཞུང་ལམ་བཟོ་ཕྱིར་བོད་པ་ཚོར་དངུལ་ཏཱ་ཡང་ཕངས་མེད་སྤྲད་ཡོད། དེར་བརྟེན་སྐབས་དེར་བོད་མིའི་ཁ་རྒྱུན་དུ། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་ཡིན། །དངུལ་ཏཱ་ཡང་ཆར་བ་འབབ་འབབ་རེད། །ཅེས་ཀླུ་གཞས་གཏོང་སྲོལ་ཡང་བྱུང་བ་རེད།  
ཕྱིས་སུ་བོད་པ་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ཁྲིན་ཏུར་དངུལ་ཏཱ་ཡང་གི་བཟོ་གྲྭ་ཞིག་བཙུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བཟོ་གྲྭ་དེ་ནས་དངུལ་ཏཱ་ཡང་བཟོས་ནས་བོད་པ་ཚོར་སྤྲད་པ་ཞིག་རེད་འདུག   རྗེས་སུ་ཁོང་ཚོས་བོད་པའི་ལག་ནས་དངུལ་སྤྲད་པ་དེ་དག་ཚུར་ལེན་ཐུབ་རྒྱུ་ཡིན་པ་ཤེས་པས་ཡིན།  རྒྱ་ནག་གཞུང་གིས་བོད་ནང་གཞུང་ལམ་བཟོས་ཟིན་རྗེས། ཁོ་པ་ཚོས་བོད་ལ་གོ་མཚོན་དབོར་འདྲེན་བྱེད་མཁན་གྱི་རླངས་འཁོར་བཏང་ནས་རིམ་བཞིན་བོད་བཙན་བཟུང་བྱས་ཡོད།
བཙན་འཛུལ་བྱས་པའི་ཉེར་ལེན་ལ་བརྟེན་ནས་དེ་སྔ་བོད་མིའི་ལག་ཏུ་སྤྲད་པའི་དངུལ་ཏཱ་ཡང་དེ་དག་ཕྱིར་བླངས་པ་ཙམ་མ་ཟད། མཐའ་ན་བོད་པའི་སྐུ་དྲག་མི་དྲག་ཚོས་རང་ཉིད་རྒྱ་ནག་གི་དབང་འོག་ནས་ཐར་ཆེད་དངུལ་ཏཱ་ཡང་ཧ་ཅང་མང་པོ་ལྐོག་ཏུ་སྤྲད་པའི་གནས་ཚུལ་ཡང་བྱུང་ཡོད།
དེང་སྐབས་རྒྱ་ནག་གི་དཔལ་འབྱོར་སོགས་ཀྱི་ཤུགས་རྐྱེན་ཡོ་རོབ་ནང་སླེབས་ཟིན་ཡོད་སྟབས། ཁྱེད་ཚོས་རྒྱ་ནག་གཅིག་བསྡུས་ལམ་ལུགས་དེར་འགྱུར་བ་གཏོང་རྒྱུ་ཡིན་ནམ། ཡང་ན་ཁྱེད་རང་ཚོ་རང་ཉིད་རྒྱ་ནག་གི་གནོན་ཤུགས་འོག་ཚུད་ནས་རང་དབང་དང་གུ་ཡངས་རྩ་བ་ནས་མེད་ཁར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ལའང་བརྩི་བཀུར་ཞུ་མི་ཐུབ་མཁན་ཞིག་ཆགས་རྒྱུ་ཡིན། འདམ་ག་དེ་གཉིས་ལས་མེད།  བོད་ནང་གནས་ཚུལ་ཐབས་སྡུག་པོ་བྱུང་བ་བཞིན་ཁྱེད་ཚོ་ལའང་དེ་ལྟར་འབྱུང་སྲིད་པ་ཞིག་རེད། ཅེས་གསུང་བཤད་གནང་།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་དྲན་རྟེན་ཕྱག་རྟགས་རེ་ཕུལ་འདུག  མཇལ་འཕྲད་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་མཉམ་ཞུགས་གནང་ཡོད་པ་བཅས།

སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་སོགས་ཀྱིས་གཙོས་མི་སྣ་གལ་ཆེ་རྣམས་དང་མཇལ་འཕྲད་གནང་བའི་སྐོར།
ཕྱི་ལོ་༢༠༡༨ ཟླ་ ༡ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྦེལ་ཇམ་ Belgium ནང་ཡོད་པའི་ཧྥི་ལེ་མི་ཞི་གྲོས་ཚོགས་ Flemish Parliament ཀྱི་ཚོགས་གཙོ་སྐུ་ཞབས་འཇན་པེ་ཊར་Jan Peter Peumans མཆོག་དང་མཇལ་འཕྲད་གནང་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལམ་སྟོན་ལྟར། དེ་སྔ་བོད་ཀྱི་གྲོགས་པོ་རྙིང་པ་རྣམས་དང་འབྲེལ་བ་དམ་ཟབ་ཡོད་པ་དེ་དག་རྒྱུན་སྐྱོང་ཐོག་གྲོགས་པོ་གསར་པ་འཚོལ་སླད་ཐེངས་འདིར་ཡོ་རོབ་ཁུལ་གྱི་གྲོས་ཚོགས་འཐུས་མི་དང་བོད་མི་རྣམས་དང་ཐུག་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་མང་ཙམ་སྤེལ་རྒྱུ་ཡིན་སྐོར་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་ཤིག་ཡིན་པ་དང་། སྲིད་བྱུས་དེ་བརྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་དང་།
དེ་བཞིན་ཡོ་རོབ་གྲོས་ཚོགས་ནས་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་མགྱོགས་མྱུར་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སླད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་ཚོགས་གཙོ་མཆོག་ལ་དྲན་རྟེན་གྱི་ཕྱག་རྟགས་ཤིག་ཀྱང་ཕུལ་བ་མ་ཟད།  མ་འོངས་པར་བཞུགས་སྒར་རྡ་ས་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྐོར་དུ་ཕེབས་རྒྱུའི་མགྲོན་འབོད་ཀྱང་གནང་འདུག
ཕྱེད་ཡོལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྦེལ་ཇམ་ Belgium གྱི་གྲོས་ཚོགས་འཐུས་མི་ལྕམ་ས་བྷི་ན་ Sabina De Bethune མཆོག་དང་མཇལ་འཕྲད་གནང་སྟེ། བོད་མཐོ་སྒང་ནི་ཨེ་ཤི་ཡའི་གླིང་ཆེན་ནང་གི་ཆུ་མཛོད་ལྟ་བུ་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་གཏེར་ཁ་གང་བྱུང་སྔོག་འདོན་བྱས་དང་བྱེད་བཞིན་པར་བརྟེན། བོད་མཐོ་སྒང་གི་གནམ་གཤིས་ཀྱི་ཚ་དྲོད་རྒྱས་ནས་འཁྱགས་རོམ་རྣམས་མྱུར་ཚད་ཆེན་པོའི་ཐོག་ནས་བཞུ་བཞིན་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཆུ་བགོ་འགྲེམས་ཀྱི་ཆིངས་དོན་ལ་མིང་རྟགས་མ་བཀོད་པར་བརྟེན། འབྱུང་འགྱུར་ཆུའི་ཐོག་ཁྱིམ་མཚེས་རྒྱལ་ཁབ་དང་འཁྲུགས་འཛིངས་ཤོར་ངེས་མ་ཟད།  མཐའ་ན་འཛམ་གླིང་དམག་ཆེན་གསུམ་པའང་ལང་མི་སྲིད་པ་ཞིག་མིན་སྐོར་གསུངས།
དེ་བཞིན་སྲིད་འཛིན་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། ཟེར་བར་སྙད་ནས་སྔར་རྒྱ་ནག་གི་དར་གོས་ཚོང་ལམ་ silk road ཞེས་པ་དཔེར་བླངས་ནས།  དེང་སྐབས་ལས་འཆར་གསར་པ་རྒྱུད་གཅིག་ལམ་གཅིག་ཟེར་བ་བརྒྱུད་རྒྱ་སྐྱེད་རིང་ལུགས་ལག་བསྟར་བྱེད་ཐབས་བྱེད་བཞིན་ཡོད་པར་བརྟེན།  རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནང་རྒྱལ་ཁབ་སུས་ཆ་ཤས་ལེན་ཡང་མང་གཙོའི་ལམ་ལུགས་ལ་བརྩི་མེད་རྡོག་རོལ་གཏོང་དགོས་པ་མ་ཟད། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། རང་དབང་། ཁོར་ཡུག་ཐོབ་ཐང་། དེ་བཞིན་མཐའ་ན་གཏམ་བརྗོད་ཀྱི་རང་དབང་ཚུན་ཆད་བློས་གཏོང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་རྒྱུ་ཡིན་སྟབས།  ང་ཚོར་འདམ་ཁ་གཉིས་ལས་མེད་པ་ནི། ཡང་ན་ང་ཚོས་རྒྱ་ནག་མང་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་གཅིག་བཟོ་རྒྱུ་དང་། དེ་མིན་ང་ཚོ་རང་ཉིད་རྒྱ་ནག་ལྟ་བུའི་མང་གཙོ་དང་རང་དབང་བྲལ་ཞིང་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐབ་ཙམ་ཡང་མེད་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་དེ་རེད། ཅེས་གསུངས།
སྐབས་དེར་སྦེལ་ཇམ་གྲོས་ཚོགས་འཐུས་མི་ལྕམ་ས་བྷི་ན་ Sabina De Bethune མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་བོད་ཀྱི་རྩ་དོན་ཐོག་གང་ཐུབ་གླེང་སློང་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས།

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྦེལ་ཇམ་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་གནང་བ་གཤམ་གསལ།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༡ རེས་གཟའ་ཉི་མ་ཉིན་སྦེལ་ཇམ་ Belgium ས་གནས་སུ་བདེ་འབྱོར་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། ས་གནས་བོད་རིགས་ཚོགས་པའི་འགན་འཛིན་རྣམ་པ། དེ་བཞིན་མང་ཚོགས་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་བོད་རིགས་མང་ཚོགས་སྤྱི་དང་། ཧོ་ལན་ཌི་ Holland བོད་རིགས་ཚོགས་པའི་འགན་འཛིན་བཅས་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་གལ་གནད་སྐོར་དང་། རྒྱ་ནག་གཞུང་གིས་འགལ་རྐྱེན་སྣ་ཚོགས་ཤིག་བཟོས་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ལ་བརྩི་བཀུར་དང་ཆེ་མཐོང་བྱེད་ཀྱི་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་ནས་ཀྱང་གོམ་པ་མདུན་སྤོས་ཀྱིས་བོད་དོན་དེ་རྒྱལ་སྤྱིའི་སྡིངས་ཆ་སྟེང་སླེབ་ཐུབ་པའི་ཞབས་ཞུ་མུ་མཐུད་ནས་བསྒྲུབས་དང་སྒྲུབ་བཞིན་ཡོདསྐོར་སྤྱི་དང་།
ལྷག་པར་འདི་ལོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་མངའ་སྡེ་བརྒྱུད་ནས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་འཕགས་པའི་ཡུལ་ལ་ཆིབས་སྒྱུར་བསྐྱངས་པ་དང་འབྲེལ་བོད་མི་༨༠༠༠༠ ལྷན་བཅར་ཞུས་པའི་ལོ་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནས་བཟུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་ལ་ཆིབས་སྒྱུར་བསྐྱངས་ནས་ལོ་ངོ་ཧྲིལ་བོ་༦༠ འཁོར་བའི་ཉིན་མོ་འཁེལ་གྱི་ཡོད་སྟབས། ཕྱི་ལོ་ ༢༠༡༨ ལོ་འདི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ།
འདི་ལོ་ནི་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་ལོ་ངོ་ ༦༠ འཁོར་བའི་ཉིན་མོ་ཡང་ཡིན་པ་དང་། ཕྱོགས་གཅིག་ནས་དེ་ནི་བོད་ཀྱི་ལོ་རྒྱུས་ནང་སྔར་བྱུང་མྱོང་མེད་པའི་ཆག་སྒོ་ཞིག་དང་ཡིད་སྐྱོ་བའི་ལེའུ་ཞིག་རེད་མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན། རྒྱལ་སྤྱིའི་རྒྱབ་སྐྱོར་དང་། ལྷག་པར་རྒྱ་གར་གཞུང་དང་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས། འདས་པའི་ལོ་ངོ་ ༦༠ རིང་གི་བཙན་བྱོལ་བའི་གནས་སྟངས་དེ་འཛམ་གླིང་ནང་ཆེས་གྲུབ་འབྲས་ལྡན་པའི་བཙན་བྱོལ་བ་ཞིག་ཆགས་ཡོད་པ་རེད་ཅེས་བཤད་ཆོག
རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་དང་བཀའ་དྲིན་ལ་བརྟེན་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མིའི་སྒྲིག་འཛུགས་འདི་ཚགས་ཚུད་ཤོས་བྱུང་ཡོད། དེར་བརྟེན་ཕྱི་ལོ་ ༢༠༡༨ ལོ་འདི་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུའི་ལོ་ཡིན་པས་མཛད་རིམ་ཁག་གོ་སྒྲིག་ཞུ་བཞིན་ཡོད།
ད་ལྟའི་བར་དུ་དོལ་རྒྱལ་རྗེས་འབྲང་པ་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་སྐུ་ཕྱྭ་ལ་གནོད་པའི་ངོ་རྒོལ་བྱས་དང་བྱེད་བཞིན་པ་དེ་ནི་བློ་འཚབ་སྐྱེ་དགོས་པ་ཞིག་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།

གསར་འགོད་པ་ཡེ་ཤེས་ལྷ་མོ།