16
Tue, Apr

དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་བློན། བུམ་རམས་པ་དཀོན་མཆོག་བརྩོན་བཅས་ཀྱི་མཉམ་པར། པར་བ་ཡེ་ཤེ་ཆོས་བཟང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༡༨ཉིན་སྤེལ།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཁེ་སྤོག་ལྡན་པའི་ཚོང་གི་ཚོགས་པ་ཞིག་ཡིན་པ་མ་ཟད། ཚོང་ལས་ཚོགས་པ་འདི་ནི་བོད་པའི་སྤྱིགས་ཚོགས་སུ་ཆེས་ཐོག་པ་ཞིག་ཏུ་གྱུར་ཡོད།

ཁ་སང་ཕྱི་ཚེས་༡༧ ཉིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དབུ་འབྱེད་གནང་ཞིང་། སྐབས་དེར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་དང་། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ། ཌོག་ཊར་དཀོན་མཆོག་བརྩོན་འགྲུས། སྐུ་ཞབས་ཨ་ལོཀ་པཱར་ས་ཌི་བཅས་དྷ་ས་གངས་སྐྱིད་བོད་མི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ་ཕེབས་ཡོད་འདུག

དེ་ཡང་། འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ངོ་སྤྲོད་གནང་བ། “གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་།(Gangjong Development Finance Private Limited) ཞེས་ཚད་ཡོད་ཚོང་ལས་ཁང་ཞིག རྒྱ་གར་དབུས་གཞུང་ཚོང་འབྲེལ་སྡེ་ཚན་ནས་བཀའ་འཁྲོལ་ཐོབ་ཞིང་། དངུལ་གྱི་སྡེ་ཚན་ཞིག་བཙུགས་ཏེ་ད་ལོ་ནས་འགོ་འཛུགས་རྒྱུ་ཡིན། དེ་བཞིན་མུ་མཐུད་ནས་མ་འཇོག་ཡག་པོ་ཞིག་ཆགས་ཐུབ་ན། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མི་ཚང་མར་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད།" ཅེས་ངོ་སྤྲོད་གནང་སོང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་སྐོར་ལ་གསུངས་དོན། “ལྔ་དང་ལྔ་བཅུའི་འཆར་གཞི་ནང་ལ་བཀའ་ཤག་སྐབས་༡༤ དང་༡༥ པའི་ལྟ་གྲུབ་གསུམ་དེ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་གསུམ་རེད། རང་ཁ་རང་གསོའི་ནང་ལ་གཞི་རྩའི་ཆོས་རིག་གཞུང་། སྐད་ཡིག ཤེས་ཡོན། གཞིས་ཆགས་སྲ་བརྟན་ཡོང་ཐབས་བཅས་ཚང་མ་འགྲོ་བཞིན་ཡོད་ཀྱང་། དེའི་ནང་ནས་གལ་ཆེ་ཤོས་ཅིག་དཔལ་འབྱོར་གྱི་ཐོག་ནས་འཕྲལ་ཕུགས་རྒྱང་གསུམ་ལ་རང་ཁ་རང་གསོ་ཡོང་དགོས་ཀྱི་འདུག་ཟེར་བཞིན་ཡོད་རེད། དེར་བརྟེན་བཀའ་ཤག་སྐབས་སྔ་མ་དང་ད་ལྟ་གཉིས་ཀས་བགྲོ་གླེང་དང་གྲོས་བསྡུར་རིམ་པ་བྱས་ཏེ་དཔལ་འབྱོར་གྱི་ཐོག་ནས་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པ་གཅིག་དེ་རིམ་པས་དངུལ་ཁང་ཞིག་བྱུང་ཐུབ་ན་ཡག་པོ་འདུག་ཅེས་བྱུང་ཞིང་། བཀའ་བློན་རྣམ་པ་དང་སྲིད་སྐྱོང་། སློབ་གྲྭ་དང་གཞིས་ཆགས་ཁག་ལ་བཅར་དུས་ཤེས་རིག་ལས་ཁུངས་ཀྱིས་གནང་བའི་སློབ་ཡོན་དེ་ཕན་ཐོགས་པོ་འདུག་དེ། ཕྲུ་གུར་སློབ་སྦྱོང་ཚད་མཐོན་པོ་བྱེད་འཇུག་རྒྱུའི་དམིགས་འདུན་ཡོད་སྟབས་སློབ་ཡོན་ཤུགས་ཆེན་པོ་སྤྲོད་དགོས་དུས། སློབ་ཡོན་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། དངུལ་ཁང་ལ་བུ་ལོན་གཡར་དུ་འགྲོ་དུས་ཡིག་ཆ་ཡོད་མེད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་མཁན་བྱུང་བ་དང་།  དེ་བཞིན་ལ་ཧྥིང་འཚོང་མཁན་དང་ལམ་ཐོག་ཁྲོམ་སྟོན་མཁན། ཟ་ཁང་ཁག་བཅས་ཀྱིས་ཚོང་ལས་ཡར་རྒྱས་གཏོང་རྒྱུའི་དམིགས་འདུན་ཡོད་ཀྱང། དེའི་ཐོག་སློབ་གསོ་དང་ཟབ་སྦྱོང་མེད་པ་དང་། དཔལ་འབྱོར་གྱི་མཐུན་རྐྱེན་མེད་སྟབས་ཡར་རྒྱས་གཏོང་ཐུབ་ཀྱི་མེད་སྐོར་བརྗོད་མཁན་བྱུང་བའི་དབང་གིས་དེ་ལྟར་ལས་གཞི་འདི་འགོ་བརྩམས་པ་ཡིན།" ཞེས་གསུངས་སོང་།

མཇུག་ཏུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསུངས་དོན། “བཀའ་ཤག་རིམ་པ་ནས་བཟུང་བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡག་པོ་བཟོས་ན། རང་བཞིན་གྱིས་གཞན་རྟེན་གྱི་བསམ་བློ་ཉུང་དུ་འགྲོ་རྒྱུ་བ། རང་ཁ་རང་གསོར་ཕན་ཐོག་པས། འདས་པའི་དུས་ཡུན་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དངོས་སུ་དེབ་སྐྱེལ་བྱུང་ཞིང་། ཚོགས་པ་འདི་ཁེ་ཡོད་ཀྱི་ཚོང་ལས་དང་ཁྲལ་སྤྲད་དེ་ཚོང་ལས་བྱེད་པའི་ཚོགས་པ་དང་པོར་དེབ་སྐྱེལ་བྱས་པ་ཡིན་སྟབས། ”ཅེས་གསུངས་པ་བཅས།།