19
Fri, Apr

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སེམས་དང་སེམས་ཀྱི་བྱེད་ལས་ཞེས་པའི་བགྲོ་གླེང་ལ་དབུ་བཞུགས་གནང་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༠༣ ཉིན་སྤེལ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སེམས་དང་སེམས་ཀྱི་བྱེད་ལས་ཞེས་པའི་བགྲོ་གླེང་ལ་དབུ་བཞུགས་གནང་བ།

སྟོང་ལོ་བཅུ་བདུན་པའི་ལོ་མཇུག་གི་ཕྱི་ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གྲྭར་རྒྱ་གར་གྱི་ལྟ་གྲུབ་དང་དེང་རབས་ཚན་རིག་གི་སེམས་ཁམས་སྐོར་ལས་བརྩམས་པའི་སེམས་དང་སེམས་ཀྱི་བྱེད་ལས་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་དབུ་བཞུགས་དང་བཀའ་སློབ་སྩལ་གནང་བ་ལས།
 “ ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་མགོ་སྟོད་དུ་སླེབས་ཡོད་པ་དང་། ལོ་ངོ་སྟོང་ཕྲག་རིང་ལ་འགྲོ་བ་མི་ཚོས་རང་གི་རྣམ་དཔྱོད་དེ་གཏོར་བཤིག་གཏོང་རྒྱུའི་ཐོག་ཏུ་བེད་སྤྱོད་བཏང་བ་བྱུང་ཡོད། སྤྱིར་བཏང་སེམས་ཅན་རིགས་མང་པོ་ཞིག་ཡོད་ཀྱང་མི་ཚོས་གཏོར་བཤིག་བཏང་བ་མང་པོ་བྱུང་ཡོད། དེར་བརྟེན་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དེ་ལྟ་བུའི་ངན་གོམས་དབང་གིས་ལྟ་བ་སོགས་མི་མཐུན་པ་ཞིག་བྱུང་བ་ཡིན་ན་འཕྲལ་དུ་དབང་ཤུགས་བེད་སྤྱོད་བཏང་ནས་སེལ་ཐབས་བྱེད་བཞིན་ཡོད།

ཡིན་ནའང་། ད་ཡོད་ཀྱི་གནས་སྟངས་ལ་དཔག་པའི་དེ་ནི་དུས་ཚོད་ཡོལ་བའི་ཐབས་ལམ་ཞིག་ཆགས་ཡོད། འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཐམ་པ་ཆ་ཚང་འཛམ་གླིང་འདིའི་སྒང་སྡོད་དགོས་ཀྱི་ཡོད། འཛམ་གླིང་ནུབ་ཕྱོགས་ཀྱི་མི་རྣམས་ཤར་ཕྱོགས་དང་བྱང་ཕྱོགས་ལྷོ་ཕྱོགས་ལ་བརྟེན་པ་སོགས་ཕན་ཚུན་བརྟེན་ནས་འཚོ་དགོས། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་དངོས་ཡོད་གནས་སྟངས་ཀྱི་ཆ་ནས་ས་མཚམས་ནི་དེ་ཙམ་གནད་འགག་ཆགས་ཀྱི་མེད།  དེར་བརྟེན་ད་ལྟ་དབང་ཤུགས་བེད་སྤྱོད་གཏོང་རྒྱུ་ནི་དུས་ཚོད་ཡོལ་བ་ཞིག་ཡིན་པར་བསམ་བློ་འཁོར་དགོས། 
ཕོ་མོ་རྒན་གཞོན་དང་མི་རིགས་ཕན་ཚུན་མི་མཐུན་པ་ཡོད་པ་ཡིན་ན་དཀའ་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱས་དེ་དུས་རབས་ ༢༡ པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ལ་འགྱུར་ཐབས་ང་ཚོས་བཟོ་ཐུབ་དགོས། གྲོས་མོལ་གནང་བ་དེ་ནི་མ་འཇོན་པའི་རྟགས་གང་ཡང་མིན། དེ་ནི་དེང་སང་གི་དངོས་ཡོད་གནས་ཚུལ་དང་འཚམ་པའི་ཐབས་ལམ་ཞིག་ཆགས་ཡོད། ད་ལྟ་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བཏང་བ་ཡིན་ན་གནའ་སྔ་མོའི་གནས་སྟངས་ལྟ་བུ་མ་རེད། གནའ་སྔ་མོ་སོ་སོའི་དགྲ་བཅོམ་པ་ཡིན་ན་རྒྱལ་ཁ་ཐོབ་པར་བརྩི་རྒྱུ་ཡོད་ཀྱང་། དེང་སང་གི་རྡུལ་ཕྲན་མཚོན་ཆ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དེ་དག་བེད་སྤྱོད་བཏང་བ་ཡིན་ན་རྒྱལ་ཁ་ཐོབ་མཁན་གཅིག་ལྷག་གི་མ་རེད།

སྟབས་མ་ལེགས་པ་ཞིག་ལ་ད་ལྟ་ཡིན་ནའང་མི་ཚོས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་ཡིན་པར་བརྩིས་ཏེ་འགྲོ་སོང་ཧ་ཅང་ཤུགས་ཆེན་པོ་གཏོང་གི་ཡོད་པ་རེད། ཞི་བདེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ངོས་ལེན་གནང་མཁན་ཚོས་འགྲོ་བ་མིའི་བདེ་དོན་ལ་བསམ་ནས་འགན་ཁུར་ཡོད་པ་ཞིག་ཚོར་དགོས། འགྲོ་བ་མིའི་བདེ་དོན་ལ་ང་ཚོར་འགན་ཡོད་པ་རེད།
གཏོར་གཤིག་གཏོང་བ་སོགས་ནི་མིའི་རྣམ་དཔྱོད་བེད་སྤྱོད་ཡག་ས་ནས་གཏོང་མ་ཐུབ་པར་ཁོང་ཁྲོ་ལ་སོགས་པའི་གཞན་དབང་དུ་གྱུར་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད། དེ་ལ་བརྟེན་ནས་དཀའ་རྙོག་མང་པོ་ཞིག་བཟོ་བཞིན་ཡོད། དེར་བརྟེན། ང་ཚོར་གནས་ཚུལ་ག་རེ་བྱུང་བ་ཡིན་ནའང་། ཚོགས་འདུ་འདིའི་ཐོག་ནས་མི་རབས་རྗེས་མ་ཚོར་དེང་དུས་ཀྱི་ཤེས་ཡོན་དང་མིའི་ཀླད་པ་དེ་མཉམ་དུ་འགྲོ་ཐུབ་པ་ཞིག་བཟོ་དགོས།  དེང་རབས་ཀྱི་ཤེས་ཡོན་ནང་དུ་ཕྱི་དངོས་པོའི་ཡར་རྒྱས་གཅིག་པུ་ལ་མ་གཏོགས་བསམ་བློ་གཏོང་གི་ཡོད་པ་མ་རེད། 

ང་རང་ངོས་ནས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་བཞིན་ཡོད། ད་ཡོད་ཀྱི་འཛམ་གླིང་གི་ཆོས་ལུགས་ཚང་མའི་ངོས་ནས་ད་ལྟའི་བར་དུ་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། རྒྱ་གར་གྱི་རིག་གཞུང་ལ་ཆ་བཞག་ན་སེམས་ཀྱི་གནད་དོན་དང་འབྲེལ་བའི་གཞུང་ལུགས་ཁག་གི་ནང་དུ་ཞི་ལྷག་གཉིས་སྒྲུབ་པའི་སྲོལ་རྒྱུན་ཡོད་པ་རེད།  དེར་བརྟེན་སེམས་ཀྱི་ཚོར་སྣང་གི་རིགས་དང་ཉོན་མོངས། བསམ་བློའི་འགྲོ་སྟངས་ཐོག་ཏུ་ཧ་ཅང་ཞིབ་ཚགས་མོ་བྱས་ཏེ་ཉམས་ཞིབ་བྱས་ཡོང་གི་ཡོད་པ་རེད།
ལྷག་མཐོང་གི་ངོས་ནས་ཞིབ་ཚགས་མོས་དཔྱད་པ་བྱས་པ་དང་མཉམ་དུ་ཞི་གནས་ཀྱི་སྒོ་ནས་ཏིང་ངེ་འཛིན་གྱིས་སེམས་ཀྱི་ནུས་པ་གཅིག་ཏུ་སྒྲིལ་ཡོང་བ་ཞིག་ཡོད་པ་རེད། དེར་བརྟེན་སེམས་ཀྱི་རྣམ་གཞག་དང་མྱོང་ཚོར་གྱི་ཐོག་ལ་དམིགས་བསལ་གྱི་འགྲེལ་བཤད་རྒྱ་ཆེན་པོ་ཞིག་ཡོད་པ་རེད། དེ་སྔ་ཡིན་ན་དེ་ཚོ་ཆོས་དང་འབྲེལ་ནས་ཉམས་ལེན་དང་ལག་ལེན་བསྟར་རྒྱུ་ཞིག་ལ་བརྩི་བཞིན་ཡོད་ཀྱང་། ད་ལྟ་ཤེས་ཡོན་གྱི་སྡེ་ཚན་ནང་ཚུར་འཁྱེར་ཐུབ་པ་བྱས་ཏེ་དེའི་ཐོག་ནས་སེམས་ཀྱི་མྱོང་ཚོར་གྱི་རིགས་ཐད་ལ་བེད་སྤྱོད་བཏང་ནས་དཀའ་ངལ་སེལ་ཐབས་གནང་གི་ཡོད།
ཚན་རིག་གི་ཐོག་ནས་མིའི་རང་བཞིན་ལྷན་སྐྱེས་བྱམས་བརྩེའི་རང་བཞིན་ཡིན་པ་བཤད་ཀྱི་ཡོད། དེང་རབས་ཀྱི་ཤེས་ཡོན་ཐོག་ནས་ནང་བསམ་བློ་ལ་ཡ་རབས་སྤྱོད་བཟང་སོགས་ཀྱིས་འདང་གི་མེད་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་རྒྱ་གར་གྱི་ལྟ་གྲུབ་ཁག་ནས་བཤད་པའི་སེམས་ཀྱི་རྣམ་གཞག་དེ་དག་ནི་གནའ་བོའི་རིག་གཞུང་ཞིག་ཡིན་པ་མ་ཟད།

དེང་སང་གི་དུས་ཚོད་ལ་དམིགས་བསལ་གྱིས་དགོས་མཁོ་ཡོད་པ་དང་འབྲེལ་བ་ཆགས་ཡོད། 
ང་ཚོ་ས་ཆ་འདིར་ཞི་བདེ་ལྷིང་འཇགས་བྱས་ཏེ་བསྡད་ཡོད་ཀྱང་། རྒྱ་གར་གྱི་ཁྱིིམ་མཚེས་རྒྱལ་ཁབ་ཨ་ཧྥུ་རྒ་ན་སི་ཐན་དང་། དེ་མ་ཡིན་པའི་རྒྱལ་ཁབ་སི་རུ་ཡ་ལ་སོགས་པར་ཟིང་ཆ་ཆེན་པོ་ལངས་ནས་བསྡད་ཡོད་པ་རེད། ཡེ་མན་ནང་དུ་ཆ་བཞག་ན་བྱིས་པ་མང་པོ་ལྟོགས་སྡིག་གིས་ཤི་ཡི་འདུག དེ་ལྟ་བུའི་མུ་གེས་ཤི་བ་དག་མཐོང་སྐབས་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་དང་། དེ་དག་འགྲོ་བ་མིའི་ཆ་ཤས་ཤིག་ཆགས་ཡོད་པ་དང་། ཆ་ཤས་ཡིན་པ་གཅིག་མཚུངས་ཡིན་པ་ལ་དེ་ལྟ་བུའི་དཀའ་ངལ་མྱངས་སྡོད་མཁན་ལ་ང་ཚོས་སྣང་མེད་འཇོག་ཐུབ་མེད། དེར་བརྟེན་འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་སྐྱེས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ང་ཚོ་ནང་པ་ཡིན་པའི་ཆ་ནས་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པའི་སྨོན་ལམ་འདེབས་ཀྱི་ཡོད། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་གི་མི་གྲངས་དུང་ཕྱུར་བདུན་ཅུ་ལ་དངོས་སུ་ལག་ལེན་གྱི་ཐོག་ནས་ཕན་ཐོགས་བྱེད་ཐུབ་ན་བྱེད་དགོས་པ་རེད་མ་གཏོགས། གླིང་གཞན་དང་གཞན་ལ་དངོས་སུ་ཕན་ཐོགས་བྱེད་ཐབས་ཡོད་པ་མ་རེད། སྨོན་ལམ་འདེབས་རྒྱུ་གཅིག་པུ་རེད། མི་དུང་ཕྱུར་བདུན་ཅུ་ལ་སོ་སོའི་སྐད་རིགས་ཡོད་པས་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད།
སེམས་ལ་ཞི་བདེ་ཡོད་པ་དེས་ལུས་ལ་བདེ་ཐང་ཡོང་བར་ཕན་གྱི་ཡོད་པ་སོ་སོའི་ཉམས་མྱོང་གི་ཐོག་ནས་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་སློབ་གྲྭ་ཁག་ཏུ་ལུས་པོའི་འཕྲོད་བསྟེན་སྐོར་སློབ་ཚན་ནང་དུ་ཡོད་པ་བཞིན། སེམས་ཀྱི་འཕྲོད་བསྟེན་གྱི་སྐོར་ནས་ཆོས་དང་འབྲེལ་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་དང་དམྱལ་བའི་སྐོར་བཤད་དགོས་པ་ཡོད་པ་མ་རེད། མིའི་སྒེར་སོ་སོའི་སེམས་སྐྱིད་པོ་དང་ཞི་བདེ་ལྷིང་འཇགས་ཡོད་པ་ཡིན་ན་སྒེར་གཅིག་སྐྱིད་པོ་ཡོད་པ་དེས་སྤྱི་ཚོགས་ཡང་སྐྱིད་པོ་དང་། མི་རེ་ངོ་རེ་ནས་སྐྱིད་པོ་ཡོད་ཚེ་ཚོགས་པ་ཡང་སྐྱིད་པོ་དང་། ཚོགས་པ་སྐྱིད་པོ་ཡོད་ཚེ་རྒྱལ་ཁབ་དང་མི་གྲངས་དུང་ཕྱུར་བདུན་ཅུ་ཆ་ཚང་སྐྱིད་པོ་སྡོད་རྒྱུ་ཡོང་གི་རེད། དེར་བརྟེན་ང་རང་ཚོས་ཚོགས་འདུ་འདི་བསྐོང་ནས་གྲོས་བསྡུར་བྱེད་རྒྱུ་ནི། འདས་པ་འདས་ཟིན་པ་རེད། ད་ལྟའི་འཛམ་གླིང་གི་མིའི་དཀའ་ངལ་ཇི་ལྟར་སེལ་དགོས་པ་ལ་གྲོས་བསྡུར་བྱས་ཏེ་འགྱུར་བ་གཏོང་ཐུབ་པ་ཞིག་ལ་རེ་བ་དང་གོ་སྐབས་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་རྒྱ་གར་གྱི་གྲངས་ཅན་པ་དང་གཉིས་མེད་ཀྱི་རིང་ལུགས་སོགས་ལ་ཆེད་མཁས་པའི་གསུང་བཤད་དང་དྲི་བ་དྲིས་ལན་སོགས་བགྲོ་གླེང་མཛད་ཡོད་པ་དང་། 


ཝཱ་ན་དབུས་བོད་ཀྱི་གཙུག་ལག་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་སེམས་དང་སེམས་ཀྱི་བྱེད་ལས་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་འདིར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲི་ཟུར་རིན་པོ་ཆེ་མཆོག ཁྲ་འགུ་རིན་པོ་ཆེ་མཆོག་སོགས་སྐུ་མགྲོན་རྣམ་པ་དང་། དེ་བཞིན་མུ་སྟེགས་པའི་གྲུབ་མཐའ་སྨྲ་བའི་ཁོངས་ནས་གྲངས་ཅན་པའི་ལྟ་གྲུབ་སྨྲ་བའི་མཁས་དབང་ལྕམ་སྐུ་ཇོ་ཤི་མཆོག Prof.Shubhda Joshi དང་། གཉིས་མེད་རིག་བྱེད་མཐའ་པའི་ལྟ་གྲུབ་སྨྲ་བའི་མཁས་དབང་ལྕམ་སྐུ་རུ་པ་བྷན་དུ་ཨུ་པདྱཱ་ Prof.Rupa Bandopadhya མཆོག  རིག་པ་ཅན་པའི་ལྟ་གྲུབ་སྨྲ་བའི་མཁས་དབང་ས་ཅིཏཨཱནནྡ་མིཤྲ་ Prof. Sachchidanand Mishra མཆོག་སོགས་དང་།  ༸སྐུའི་གསུང་སྒྱུར་གླང་རི་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས།  ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་རྒྱ་གཞུང་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གི་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ཨ་རི་དང་ཨོ་སི་ཊི་ལི་ཡ། རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་གྲངས་ཅན་པ་དང་། རིག་པ་ཅན་པ།  བྱེ་བྲག་པ། རིག་བྱེད་མཐའ་པ། རྒྱལ་བ་པ། གཉིས་མེད་རིག་བྱེད་མཐའ་པ། དེ་བཞིན་ནང་པ་སངས་རྒྱས་པའི་གནས་བརྟན་སྡེ་པ་དང་ཐེག་ཆེན་སྡེ་པའི་མཁས་དབང་དང་དགེ་བཤེས་སོགས།   དེ་བཞིན་ཝཱ་ན་མཐོ་སློབ་ཀྱི་སློབ་ཟུར་ ༢༠༠ ལྷག་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་གནང་ཡོད་པ་རྒྱལ་བ་རིན་པོ་ཆེའི་དྲ་རྒྱའི་སྟེང་འཁོད་པ་ཚུར་དྲངས་པ་བཅས།།