23
Tue, Apr

༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་ཏེ་ལོ་ ༢༨ འཁོར་བའི་ཉིན་མོ་གཞུང་འབྲེལ་སྲུང་བརྩི་སྐབས་སུ་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོངས་སྦྱང་གནང་བཞིན་པ། པར་བ་ཆོས་ཉིད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༧།༡༢།༡༠ཉིན་སྤེལ། ༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་ཏེ་ལོ་ ༢༨ འཁོར་བའི་ཉིན་མོ་གཞུང་འབྲེལ་སྲུང་བརྩི་སྐབས་སུ་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོངས་སྦྱང་གནང་བ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ ༢༨ འཁོར་བའི་དུས་ཆེན་གྱི་མཛད་སྒོའི་ཐོག་བཀའ་ཤག་གི་གསུང་བཤད།

༄༅། །ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ཉེར་བརྒྱད་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་སྐབས་འདིར་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་རང་ཅག་ཁ་བ་རི་པ་རྣམས་ལ། མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གུས་ཕྱག་སྔོན་དུ་བཏང་སྟེ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག གཞིས་བྱེས་བོད་མི་ཡོངས་དང་། འདི་གར་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ཕྱི་ནང་གི་སྐུ་མགྲོན་རྣམ་པ། བོད་དང་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་གྱི་སྲིད་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དེ་བཞིན་རྒྱལ་སྤྱིའི་མང་ཚོགས་དང་བཅས་པར་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་བསྐྲུན་ཕྱིར། སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་ཇི་ལྟར་མཛད་པ་ལྟར་སྐུ་ངལ་ལ་མ་འཛེམས་པར་འཛམ་གླིང་གི་ཡུལ་གྲུ་དུ་མ་༸ཞབས་ཀྱིས་བཅགས་ཏེ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཆེད་ཆོས་ལུགས་ལ་མ་བརྟེན་པའི་བྱམས་པ་དང་། སྙིང་རྗེ། བཟོད་སྲན། གཞན་ཕན། ལྷག་བསམ་སོགས་རང་རྒྱུད་ལ་འཇགས་ཐབས། དེ་ཡང་གཙོ་བོར་མི་མང་དཀྱུས་མ་དང་། ལྷག་པར་གཞི་རིམ་དང་མཐོ་རིམ་སློབ་གྲྭར་འགྲིམ་བཞིན་པའི་མི་རབས་གསར་པའམ་གཞོན་སྐྱེས་ཚོ་དམིགས་བསལ་གལ་ཆེར་བརྩི་གནང་གིས་བཟང་སྤྱོད་དེ་དག་སྤྱི་ཚོགས་ཁྱོན་ཡོངས་ལ་སློབ་སྤེལ་ཡོང་ཆེད་དང་། དེ་བཞིན་རྡུལ་ཕྲན་མཚོན་ཆ་དང་དམག་འཁྲུག་མེད་པའི་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་སྤྱི་ཚོགས་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུར་འབད་བརྩོན་དང་ཐུགས་ཁུར་ཧ་ཅང་ཆེན་པོ་མཛད་བཞིན་པ་ནི་ཀུན་གྱི་བསྔགས་འོས་སུ་གྱུར་བའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཡིན།
དེ་བཞིན་ཚན་རྩལ་གྱི་དུས་རབས་འདིར་དེང་རབས་ཀྱི་ཤེས་བྱ་གཅིག་པུས་འགྲོ་བ་མིར་བདེ་སྐྱིད་རྣལ་མ་ཞིག་བསྐྲུན་མི་ཐུབ་པར་བརྟེན། བོད་པས་ལོ་ངོ་སྟོང་ཕྲག་གི་རིང་གཅེས་ཉར་བྱས་པའི་དཔལ་ནཱ་ལེཎ་དཱའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་ལྟ་གྲུབ་རྣམ་གཞག་གི་ལེགས་བཤད་དེ་དག ཆོས་ཁས་ལེན་མིན་ལ་མ་ལྟོས་པར་འགྲོ་བ་མིའི་རྣམ་དཔྱོད་གོང་འཕེལ་གཏོང་རྒྱུ་དང་འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་སོགས་ལ་ཆེས་མཁོ་བའི་ཤེས་ཡོན་གྱི་སྡེ་ཚན་ཞིག་ཏུ་ངོས་འཛིན་གྱིས་འགྲོ་བ་མི་ཡོངས་ཀྱིས་སློབ་སྦྱོང་བྱེད་དགོས་པར་སྐུལ་མ་ཡང་ཡང་གནང་བཞིན་པ་དང། རྒྱ་གར་ནང་དུའང་གནའ་བོའི་རིག་གཞུང་དེ་དག་སླར་གསོ་ཡོང་རྒྱུར་བཀའ་སློབ་ལམ་སྟོན་དང་ཐུགས་བརྩོན་ཡང་ཧ་ཅང་ཆེན་པོ་གནང་བཞིན་ཡོད། རྒྱ་གར་དབུས་དང་མངའ་གཞུང་སོ་སོ་ནས་ཀྱང་དེའི་ཐོག་ལ་མོས་མཐུན་དང་རྒྱབ་སྐྱོར་གང་ལེགས་གནང་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
བོད་ཀྱི་གནད་དོན་ལ་མཚོན་ནའང་ཐོག་མར་རྒྱ་དམར་གྱིས་བཙན་འཛུལ་བྱས་པ་ནས་བཟུང་གནས་སྟངས་ཛ་དྲག་ཆེ་ཆུང་ལ་མ་ལྟོས་པར་འཚེ་མེད་ཞི་བ་དང་། བཟོད་སྲན། ཕན་ཚུན་གཉིས་ཕན་གཙོ་བཟུང་གིས་གྲོས་མོལ་གྱི་ལམ་ནས་འགྲིག་འཇགས་ཡོང་ཐབས་དང་། དེ་བཞིན་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གི་གནད་དོན་སོགས་རྩོད་རྙོག་ཇི་ཡོད་རྣམས་ཀྱང་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་། འགྲོ་བ་མི་ཙམ་མ་ཡིན་པར་སའི་གོ་ལའི་སྣོད་བཅུད་དང་སྐྱེ་ཁམས་ཡོངས་ལ་འཚེ་བ་སྤོང་དགོས་པའི་ཀུན་ཁྱབ་སེམས་ཁུར་གྱི་ལྟ་གྲུབ་ལམ་སྟོན་གནང་ཐོག རང་ནུས་ཇི་ཡོད་ཀྱིས་གནད་དོན་དེ་དག་གི་ཐོག་ནུས་པ་འདོན་སྤེལ་མཛད་པ་བཅས་ལ་ཡི་རངས་དང་བསྔགས་བརྗོད་ཀྱིས་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཀྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༡༩༨༩ ལོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཕུལ་ཡོད་པ་ལྟར་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་ཐོག་ལ་མཛད་འཕྲིན་མཐའ་ཡས་པ་བསྐྱངས་དང་སྐྱོང་མུས་སུ་ཡོད་པ་བཅས་ལ་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་གུས་བཀུར་དང་དགའ་མོས་ཆེ་ཤོས་ཞུ་ཡུལ་གྱི་དབུ་འཁྲིད་ཅིག་ཡིན་པ་མ་ཟད། འཇིག་རྟེན་འདིར་ཞི་བདེ་དང་བྱམས་བརྩེའི་མཚོན་རྟགས་སུའང་ངོས་འཛིན་ཞུ་བཞིན་ཡོད།

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེས་གཟེངས་རྟགས་ཀྱི་རིན་ཐང་དང་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་བ་དང་ཆབས་ཅིག དུས་དེ་ནས་བཟུང་བོད་ཀྱི་བདེན་དོན་ཐོག་ལའང་རྒྱལ་སྤྱིའི་ནང་གོ་རྟོགས་དང་། དོ་སྣང་། དེ་བཞིན་རྒྱབ་སྐྱོར་ཇེ་ཆེར་སོང་ཡོད་པ་ནི་དགའ་སྤོབས་བྱེད་དགོས་པ་ཞིག་ཡིན།
ཉེ་ཆར་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་གནང་རྗེས་༸གོང་ས་མཆོག་ནས། བློས་ཐུབ་ཀྱི་གྲོགས་པོ་ཞིག་དང་མཇལ་མོལ་གནང་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། ད་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཡོངས་ནས་གོ་ལའི་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་བསམ་བློའི་འདུ་ཤེས་བསྐྲུན་རྒྱུའི་ཐོག་ལ་མཉམ་རུབ་གནང་རྒྱུའི་དུས་ལ་བབ་ཡོད་པ་ཡང་བཀའ་གནང་ཡོད། ཨོ་བྷ་མ་མཆོག་ཨ་རིའི་སྲིད་འཛིན་ལས་ཐོག་ཡིན་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་ཐེངས་བཞི་གནང་ཡོད་པ་ཐེ་བའི་ད་རེས་ཀྱི་ཁོང་རྣམ་གཉིས་ཀྱི་མཇལ་འཕྲད་ཐེངས་དྲུག་པ་དེ་ཆགས་ཡོད།
སྤྱི་ནོར་༸གོང་ས་༸མགོན་ཆེན་པོ་མཆོག་ནས་རྡུལ་ཕྲན་མཚོན་ཆ་མེད་པའི་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཕྱིར་འབད་བརྩོན་དང་བཀའ་སློབ་ལམ་སྟོན་རྒྱུན་མར་གནང་དང་གནང་བཞིན་ཡོད།

འདི་ལོ་རྡུལ་མཚོན་བེད་སྤྱོད་བྱས་རྐྱེན་གོ་ལའི་སྣོད་བཅུད་གཉིས་ཀར་གནོད་སྐྱོན་ཚབས་ཆེ་ཕོགས་ཡོད་པའི་དཔེ་མཚོན་དང་ལྷག་དོན་ཁྲིམས་ཐོག་ནས་མཚོན་ཆ་དེ་རིགས་བཟོ་འདོན་དང་བེད་སྤྱོད་རྩ་འགོག་ཡོང་ཆེད་ཀྱིས་འབད་བརྩོན་ལ་རྒྱལ་སྤྱིའི་ལས་འགུལ་ཁང་ (International Campaign to Abolish Nuclear Weapons – ICAN) ལ་ཞི་བདེའི་གཟེངས་རྟགས་འབུལ་ཐོབ་བྱུང་བར་གོ་སྐབས་འདི་བརྒྱུད་འཚམས་འདྲི་ཞུ་རྒྱུ་ཡིན།
གཞན་ཡང་ད་རིང་གི་ཉིན་མོ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡང་སྲུང་བརྩི་ཞུ་ཡི་ཡོད། འོན་ཀྱང་བོད་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་ཡོད་པ་དེ་དག་ལས་སྐྱོབ་ཐབས་གནང་དགོས་པ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱལ་སྤྱིའི་ནང་དྲང་བདེན་དང་རང་དབང་ལ་དགའ་བའི་གཞུང་མང་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་དང་བོད་མིའི་ཐོག་ལ་རྒྱ་གཞུང་གི་དབང་འཛིན་པ་ཚོས་ལོ་རེ་བཞིན་དྲག་གནོན་དང་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་པའི་གནས་སྟངས་ལས་དོན་དམ་གྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཞིག་མེད་པ་གསལ་པོ་ཡིན། དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྙན་ཐོ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ཐོག་གི་སྙན་ཐོ། ཨ་རིའི་རང་དབང་ཁང་པའི་སྙན་ཐོ་བཅས་རྒྱལ་སྤྱིའི་སྙན་ཐོ་ཁག་གི་ནང་ཁ་གསལ་འཁོད་ཡོད་པས་འགྲེལ་བརྗོད་ཞིབ་རྒྱས་ཞུ་དགོས་མ་མཐོང་།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སོ་སོའི་ནང་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་རྒྱུའི་ཆ་རྐྱེན་གསལ་བཀོད་ཡོད་པ་ལྟར་བོད་མི་ཚོས་ཁྲིམས་མཐུན་དང་། ཞི་བའི་སྒོ་ནས་རང་ཉིད་ཀྱི་ཐོབ་ཐང་སྲུང་སྤེལ་དང་མངོན་འདོད་བཏོན་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་སོགས་བྱེད་པའི་གནས་སྟངས་ཡོད་བཞིན་པ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་ཞིག་ཡིན། ལྷག་པར་དུ་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལ་མོས་མཐུན་མེད་པར། བོད་ལ་རང་དབང་དགོས་པ་དང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་བོད་རྒྱ་ཆེ་མི་མང་གི་མངོན་འདོད་ཁག་གསལ་འདོན་བྱ་ཆེད་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་ ༡༥༠ ཐམ་པས་རང་ལུས་མེར་བསྲེགས་གནང་ཡོད་ཁོངས་ནས་ ༡༢༨ འདས་གྲོངས་སུ་ཕྱིན་ཡོད།

འདི་ལོ་གཅིག་པུའི་ནང་བོད་མི་ན་གཞོན་བཞི་དང་གྲྭ་པ་རང་ལོ་ ༦༣ ཅན་གཅིག་བཅས་ཁྱོན་བོད་མི་ལྔ་ཡིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་བྱུང་ཡོད། བློ་ཕམ་པ་ཞིག་ལ་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཁོང་ཚོའི་མངོན་འདོད་ཁག་ལ་ཡ་ལན་མེད་པའི་ཐོག་རང་ལུས་མེར་བསྲེགས་གཏོང་མཁན་གྱི་སྐུ་ལུས་བཙན་འཁྱེར་དང་སྤུན་ཉེ་འཛིན་བཟུང་བཙོན་འཇུག་བྱེད་པའི་གནས་སྟངས་ཀྱང་ཡོད་མུས་ཡིན།
བོད་དང་བོད་མིའི་ཐོག་འབྱུང་བཞིན་པའི་གནས་ཚུལ་དེ་དག་ལ་གཞིགས་ན་ཡིད་ཞུམ་བྱེད་དགོས་པའི་གནས་སྟངས་ཤིག་ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱི་ཁྱོན་ཡོངས་ནང་དྲང་བདེན་དང་རང་དབང་ལ་དགའ་བའི་གཞུང་དང་མི་མང་མང་པོས་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གང་ཆེ་འཐོབ་བཞིན་ཡོད། དེ་ཡང་ཉེ་ཆར་རང་ཨ་རིའི་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་ཐུན་མོང་གིས་༸གོང་ས་མཆོག་དང་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་བཏོན་ཡོད་པ་དང་། ཐའེ་ཝན་གྲོས་ཚོགས་ནང་ཚད་མཐོའི་མང་མོས་གྲོས་ཆོད་བཞག་སྟེ་སྔ་ཕྱིར་བོད་མིའི་སྤྱི་ཚོགས་ནང་འཁྲུག་རྐྱེན་དང་བརྒལ་ཟླ་བཟོ་མཁན་གྱི་བོད་སོག་ལས་ཁུངས་ཟེར་བ་དེ་སྒོ་བརྒྱབ་འདུག་པར་དམིགས་བསལ་དགའ་བསུ་ཞུ་རྒྱུ་ཡིན།

དེ་བཞིན་ཡོ་རོབ་སྤྱི་མཐུན་ཚོགས་པ་དང་། ཁེ་ན་ཌ། ཨོ་སི་ཀྲོ་ལི་ཡ། ནོར་ཝེ། སུཝེ་ཌན། ཌན་མཀ་བཅས་ཐེ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མང་པོས་ཀྱང་བོད་དོན་གླེང་སློང་དང་། བོད་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་པ་དངོས་ཤུགས་བརྒྱུད་གསུམ་ནས་བསྟན་ཡོད་པ་བཅས་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཡིན།
ཁེ་ན་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ཌེ་ནིསེ་པཱ་ཊར་སོན་ (Senator Dennis Patterson) མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ལྔས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་མཆོག་གི་དབུས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་རྒྱུས་ལོན་ཡོང་ཆེད་ཁེ་ཎ་ཌའི་གྲོས་ཚོགས་ནང་གླེང་སློང་དང་འདྲི་རྩད་གནང་ཡོད་པ་མ་ཟད། ཁེ་ན་ཌའི་སྲིད་གཞུང་གིས་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་རྣམས་ཀྱི་གནས་སྟངས་གསལ་རྟོགས་ཐུབ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་བཅས་དང་མཇལ་འཕྲད་ཞུ་འཇུག་དགོས་པའི་དགོས་འདུན་བཏོན་ཡོད།
རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་ད་བར་བོད་མིའི་ཐོག་དྲག་གནོན་དང་གཡོན་ཐལ་གྱི་སྲིད་བྱུས་རིམ་པ་ལག་བསྟར་དང་། ཕྱོགས་གཞན་ནས་དཔལ་འབྱོར་ལྷུག་གཏོང་གི་སྲིད་བྱུས་ཤིག་ཀྱང་འཛིན་ཁུལ་བྱེད་ཀྱི་ཡོད་ནའང་བོད་མི་ཚོའི་བློ་སེམས་ནམ་ཡང་འགུག་ཐབས་བྲལ་བ་ཞིག་ཡིན། དེས་ན་རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་མཐུད་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་ཆབས་ཅིག ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལས་རང་བཙན་རྩོད་སྒྲུབ་བྱེད་ཀྱི་མེད་པ་ནན་བརྗོད་བྱེད་རྒྱུ་ཡིན།

འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་ནང་རོབ་ཙམ་ཞུས་དོན་བཞིན་ཕྱི་ལོ་ ༢༠༡༨ དེ་བཞིན་༸གོང་ས་མཆོག་གིས་དབུས་བོད་མི་འབུམ་གཅིག་ལ་ཉེ་བ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ ཐམ་པ་འགོ་ཚུགས་པའི་དྲན་གསོའི་དུས་ཚིགས་ཤིག་ལ་སོང་། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནས་ཟླ་ ༤ ཚེས་ ༤ བར་ཉིན་གྲངས་ལྔའི་རིང་ལྡི་ལིར་རྒྱ་གར་གཞུང་མང་ལ་བཀྲིན་རྗེས་དྲན་ཞུ་ཆེད་བོད་མིའི་སྒྲིག་འཛུགས་ནས་ལས་རིམ་བང་བསྒྲིགས་ཡོད་པ་དང་། དེ་བཞིན་བོད་མི་རྣམས་ནས་གནས་ཡུལ་རྒྱལ་ཁབ་སོ་སོའི་གཞུང་མང་ལ་བོད་མི་རིགས་ཀྱི་བསྟན་སྲིད་དང་། ཤེས་ཡོན། འཚོ་ཐབས་སོགས་ལ་རྒྱབ་སྐྱོར་དང་རོགས་རམ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་རྒྱུ་ཡིན། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་སའི་གཞུང་མང་གཉིས་ནས་བོད་མི་རིགས་ཀྱི་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་མཐུན་འགྱུར་རོགས་རམ་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་སྤྱི་ཁྱོན་ཡོངས་ལ་གནས་པའི་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་མཁན་གྱི་སྲིད་གཞུང་དང། དབུ་འཁྲིད། གྲོས་ཚོགས་དང་གྲོས་ཚོགས་ཀྱི་འཐུས་མི། ཚོགས་སྒེར་བཅས་ཡོངས་ལའང་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་བ་དང་ཆབས་ཅིག ཇི་སྲིད་བོད་ཀྱི་བདེན་དོན་མ་གསལ་དེ་སྲིད་དུ་རྒྱབ་སྐྱོར་མུ་མཐུད་གནང་བའི་རེ་བའང་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེ་འབྱུང་བ། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས།

བཀའ་ཤག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ལ།། །།