20
Sat, Apr

ཆབ་སྲིད་བཙོན་ཟུར་དགེ་སློང་བཀྲ་ཤིས་ཕུན་ཚོགས་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༡༦་ཉིན། བོད་ཁམས་ཉག་ཆུ་རྫོང་ཨོ་ཐོག་ནས་ཡིན་པའི་ཆབ་སྲིད་བཙུན་ཟུར་དགེ་སློང་བཀྲ་ཤིས་ཕུན་ཚོགས་ལགས་གློ་བའི་སྙུང་གཞི་དང་བཙོན་དུ་ཉེས་རྡུང་དྲག་པོ་བཏང་རྐྱེན་བཅས་ཀྱིས་འདས་གྲོངས་སུ་ཕྱིན་འདུག ༡༩༩༣་ལོར་རྒྱ་གཞུང་འགོ་ཁྲིད་ཁག་ཅིག་གིས་ས་གནས་མི་མང་གི་ཤིང་ནགས་བཙན་འཕྲོག་བྱས་པར་ཁོང་གིས་ངོ་རྒོལ་བྱས་ཤིང་། ༢༠༠༢ ལོར་འཛིན་བཟུང་བྱས་ཏེ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

དེ་ཡང་། བཞུགས་སྒར་རྡ་སར་ཡོད་པའི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་ཁང་ལ་དགེ་སློང་བཀྲ་ཤིས་ཕུན་ཚོགས་ཀྱི་སྐོར་ངོ་སྤྲོད་གནང་དོན། ང་དང་ཁོང་ནི་ཆུང་ཆུང་སྐབས་ནས་ངོ་ཤེས་ཀྱི་ཡོད། རྗེས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གར་ནས་མར་ཕ་ཡུལ་ལ་ཕེབས་རྗེས། རིན་པོ་ཆེའི་ལམ་སྟོན་འོག་ཁོང་དང་ངེད་གཉིས་ཀྱིས་དགོན་པའི་ལས་དོན་མང་པོ་མཉམ་དུ་བྱས་ཡིན། ཕྱི་ལོ་༡༩༩༣་ལོར། དཀར་མཛེས་ཁུལ་གྱི་འགོ་ཁྲིད་དང་། ཉག་ཆུ་རྫོང་གི་འགོ་ཁྲིད། ཨོ་ཐོག་ཐང་ཀ་མའི་ས་གནས་འགོ་ཁྲིད་ཁག་བཅས་ཀྱིས་ལྐོག་ནས་ཁ་མཐུན་བྱས་ཏེ། ཐང་ཀ་མའི་ཉེ་སར་ཡོད་པའི་རྡི་རི་སྒོའི་ཤིང་ནགས་ནི། རྒྱ་གཞུང་དང་ས་གནས་མི་མང་གི་ཤིང་ནགས་ཞེས་ཁག་གཉིས་སུ་ཕྱེ། དེ་ཡང་འགོ་ཁྲིད་དེ་ཚོས་དབྱེ་མཚམས་ཀྱི་རྟགས་རྙིང་པ་མེད་པ་བཟོས་ནས་རྟགས་གསར་པ་བརྒྱབ་ཏེ་མི་མང་གི་ཤིང་ནགས་རྒྱ་གཞུང་གི་ཤིང་ནགས་ནང་ཡར་བསྣན་ནས་མི་མང་གིས་ཤིང་ནགས་དེ་ཚོ་གཅོད་མི་ཆོག་པར་བྱས། དེ་དག་ནི་རྒྱ་གཞུང་གི་ཤིང་ནགས་མིན་པར་ས་གནས་མི་མང་གི་ཤིང་ནགས་ཡིན་པའི་སྐོར་ས་གནས་འགོ་ཁྲིད་རྙིང་པ་ཚོས་ཤེས་ཀྱི་ཡོད།

དེར་བརྟེན། མི་མང་གིས་ཚོགས་འདུ་མང་པོ་ཚོགས་མཐར་ས་གནས་སྲིད་གཞུང་ལ་གྱོད་བརྒྱབ་པ་རེད། འོན་ཀྱང་། གྱོད་རྒྱག་ཐུབ་མེད་པ་མ་ཟད་གྲོང་མི་ཁ་ཤས་འཛིན་བཟུང་བྱེད་གྲབས་བྱས། མི་མང་གི་ཤིང་ནགས་རྒྱ་གཞུང་ལ་ཤོར་བའི་དུས་ལ་སླེབས་ཡོད། དོན་དག་དེའི་དོན་དུ་དགེ་སློང་བཀྲ་ཤིས་ཕུན་ཚོགས་གཙོས་དང་ང་། ད་དུང་རོགས་པ་གཅིག་བཅས་ཉག་ཆུ་རྫོང་ཐོག་ཏུ་གྱོད་རྒྱག་ཏུ་ཕྱིན་ཡིན། རྫོང་ཐོག་གི་ཡིག་ཆ་ནང་ཡོད་པའི་ས་གནས་ས་ཐོག་གི་ས་སྐལ་འགྱུར་བ་བཏང་ནས་རྫུན་མ་བཟོས་འདུག དེའི་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཉག་ཆུ་རྫོང་ལ་བཞུགས་ཡོད། རིན་པོ་ཆེ་མཆོག་གིས་ཁོང་བཙོན་ཁང་དུ་འགྲོ་དགོས་རུང་མི་མང་གི་ཤིང་ནགས་རྒྱ་གཞུང་ལ་མི་ཤོར་ཐབས་བྱེད་རྒྱུ་ཡིན་གསུངས་སོང་། དེ་ནས་ང་དང་དགེ་སློང་བཀྲ་ཤིས་ཕུན་ཚོགས་ལགས། ད་དུང་རོགས་པ་གཅིག་བཅས་ངེད་གསུམ་ཐང་ཀ་མའི་ས་གནས་སྲིད་གཞུང་ལ་སོང་ནས། ཁྱོད་ཚོས་མི་མང་གི་ཤིང་ནགས་བཙན་འཕྲོག་བྱས་པ་དེ་ང་ཚོས་རྩ་བ་ནས་སྤྲོད་རྒྱུ་མིན། ཁྱོད་ཚོས་ང་ཚོ་འཛིན་བཟུང་བྱས་ཀྱང་རུང་དེ་སྤྲོད་རྒྱུ་མིན་ཞེས་ངོ་རྒོལ་བྱས་ཡིན། སྐབས་དེར། མི་མང་ཐང་ཀ་མར་འཛོམས་ནས་མ་ཎི་འདོན་བཞིན་པའི་དུས་རེད། དེ་ནས་མི་མང་པོ་སླེབས་ནས་ས་གནས་སྲིད་གཞུང་ལ་ངོ་རྒོལ་བྱས་སོང་། དེ་ནས་ཉིན་མ་གཅིག་གཉིས་ནང་དུ་རྒྱ་གཞུང་གིས་དམག་མི་འབོར་ཆེན་བཏང་ནས་ཐང་ཀ་མར་ཧ་ཅང་དམ་བསྒྲགས་བྱས། ང་ཚོ་རིའི་སྒང་ལ་བྲོས་ཕྱིན་པ་ཡིན། དེའི་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལའང་ཉེན་རྟོག་པས་གནས་ཚུལ་འདི་བྱུང་དགོས་དོན་ཁོང་ཡིན་པའི་སྐྱོན་འཛུགས་བྱས་འདུག

དེ་ནས་བཀྲ་ཤིས་ཕུན་ཚོགས་དང་ང་ཚོས་མི་མང་གི་ཤིང་ནགས་བཙན་འཕྲོག་བྱས་པའི་གྱོད་དེ་སི་ཁྲིན་ཞིང་ཆེན་དུ་ཞུ་གཏུགས་བྱེད་ཆེད་དུ་ཕྱིན། སྐབས་དེར། སི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་གཞོན་པ་ཡངས་གླིང་རྡོ་རྗེ་ལགས་ལ་གནད་དོན་དེའི་སྐོར་ནས་ཞུས་ཡིན། གལ་སྲིད། གནད་དོན་འདི་ཞིང་ཆེན་ནང་སེལ་མི་ཐུབ་ན་རྒྱ་ནག་དབུས་གཞུང་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་ཞུས་པ་ཡིན། ཁོང་གིས་ཁྱོད་ཚོ་སེམས་ཁྲལ་མ་བྱེད། ང་ཚོས་ས་གནས་ལ་ཞིབ་འཇུག་བྱེད་དུ་གཏོང་གི་ཡིན། ཁྱོད་ཚོའི་དཀའ་ངལ་སེལ་ཐབས་བྱེད་དགོས་ཞེས་རྒྱབ་སྐྱོང་གནང་སོང་།

༢༠༠༢་ལོར་སྤྲུལ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་བདུན་ཕྲག་གཅིག་གི་རྗེས་ཏེ། དགེ་སློང་བཀྲ་ཤིས་ཕུན་ཚོགས་རྫོང་ཐོག་ལ་གློ་བའི་སྙུང་གཞི་ལ་སྨན་བཅོས་བྱེད་བཞིན་ཡོད་སྐབས། ཁྲིན་ཏུའུ་འབར་རྫས་གས་གཏོར་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག ཁོང་ལ་རྗེས་སུ་ལོ་བདུན་ལ་ཁྲིམས་ཐག་བཅད་འདུག འོན་ཀྱང་། ཁོང་ལ་ཉེན་རྟོག་པས་བཙོན་ཁང་དུ་ཉེས་རྡུང་དྲག་པོ་ཚད་མེད་བཏང་ནས་ཤི་གྲབས་ཡོད་སྐབས། བཙོན་ནས་གློད་གྲོལ་གཏོང་གི་ཡིན། བཙོན་དུ་ལེན་དུ་ཤོག་ཅེས་ཡུལ་མི་ཚོ་སྐད་བཏང་འདུག ཁོ་ཚོ་བཙོན་དུ་བཀྲ་ཤིས་ཕུན་ཚོགས་ལེན་དུ་འགྲོ་སྐབས། བཀྲ་ཤིས་ཕུན་ཚོགས་ལགས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ནས་རུས་པ་མ་གཏོགས་མཐོང་རྒྱུ་མི་འདུག་ཟེར། ཁོང་མི་གཅིག་གིས་སྒལ་པ་ཁུར་ནས་འཁྱེར་ཡོང་སྐབས་སྐད་ཆ་གང་ཡང་ཤོད་མི་ཐུབ་པ་དང་ཁ་ནང་ནས་ཆུ་ཟགས་ཀྱི་འདུག་ཟེར། ཟ་མ་ཡང་ཟ་མི་ཐུབ་པའི་གནས་སྟངས་ལ་སླེབས་འདུག་ཟེར།

དེ་ནས་ཁྱིམ་ནང་དུ་ལོ་གཅིག་གཉིས་ལ་གཟུགས་པོ་གསོ་ཐབས་བྱས་ནས་བསྡད་ཡོད། འོན་ཀྱང་། རྒྱ་གཞུང་གིས་ཁོང་དགོན་པ་ནང་འགྲོ་ཆོག་པ་དང་འགྲོ་སྐྱོད་བཅས་ཀྱི་ཐོག་དམ་བསྒྲགས་བྱས་ནས་ཡང་ཡང་སུན་པོ་བཟོས་མཐར། ཁོང་བར་ལམ་ཞིག་ལ་ལོ་མང་པོ་གར་སོང་ཆ་མེད་དུ་གྱུར། དེ་ནས་༢༠༡༩་ལོར་ཕྱིར་ཁྱིམ་དུ་ལོག་ཡོད་འདུག འོན་ཀྱང་། ལོ་འདིའི་ཟླ་༣་ཚེས་༡༦་ཉིན། གཙོ་བོ་གློ་བའི་སྙུང་གཞི་དང་དེ་ནས་སྔོན་མ་བཙོན་ཁང་དུ་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག ཁོང་དགུང་ལོ་༦༠་གཡས་གཡོན་ཡིན། ཞེས་འགྲེལ་བརྗོད་གནང་སོང་། 

དགེ་སློང་བཀྲ་ཤིས་ཕུན་ཚོགས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ནི། བོད་ཁམས་ཉག་ཆུ་རྫོང་ཨོ་ཐོག་ནས་སྐྱེས་ཞིང་། ཁོང་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་ཕྱག་བཏབ་པའི་ཁམས་ནཱ་ལེན་དྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་དགོན་པའི་དགེ་བསྐོས་གནང་མྱོང་ཡོད་པ་དང་། ཕྱི་ལོ་༡༩༩༣་ལོར་ཉག་ཆུ་རྫོང་ནགས་ལས་ཁང་གིས་གཞུང་གི་ཐོབ་དབང་ཟེར་བའི་ཤིང་ནགས་གཅོད་འབྲེག་གི་ལས་འགུལ་ཞིག་ཨོ་ཐོག་སྡེ་དྲུག་གི་ས་གནས་སུ་སྤེལ་བར་བཀག་འགོག་ངོ་རྒོལ་གྱི་ལས་སྤེལ་མཁན་གཙོ་བོ་ཞིག་ཡིན་ཞིང་། སྐབས་དེར་ས་གནས་རྒྱ་གཞུང་གིས་འཛིན་བཟུང་བྱེད་རྩིས་བྱས་ནའང་མི་དམངས་རྒྱབ་ལངས་བྱས་ཏེ་འཛིན་བཟུང་བྱེད་དུ་བཅུད་མེད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཉེན་བྱོལ་སྐབས། ཐེངས་གཉིས་ཙམ་ལ་ཁུལ་དེའི་རྫོང་ཁག་གཉིས་ཀྱི་མི་དམངས་ཁྲི་ལྷག་གི་མཚན་རྟགས་བསྡུ་རུབ་བྱས་ནས་ཞིང་ཆེན་དང་རང་སྐྱོང་ཁུལ་དུ་རིན་པོ་ཆེར་ཉེས་མེད་ཁག་ཐེག་གི་ཞུ་གཏུགས་བྱེད་མཁན་གྱི་གྲས་སུ་ཡང་ཡོད་པར་བརྟེན། ཕྱི་ལོ་༢༠༠༢་ལོའི་ཟླ་༤་ཚེས་༡༧་ཉིན། གློ་བའི་གཅུད་ནད་ཀྱིས་མནར་ནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སྐབས། འབར་རྫས་གས་གཏོར་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས། ལོ་དེའི་ཟླ་༡༡་པའི་ཟླ་མཇུག་ཙམ་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས་ཁོང་ལ་ལོ་བདུན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད།