18
Thu, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༢༡་ཉིན། སེར་ཤུལ་རྫོང་རྫ་དབོན་པོ་ཡུལ་ཚོའི་གཞོན་སྐྱེས་ཡོན་ཏན་ལགས་དང་ལྷ་རྒྱལ་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༢༡་ཉིན། བོད་ནང་གི་ཉིན་གུང་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ། སེལ་ཤུལ་རྫོང་རྫ་དབོན་པོ་ཡུལ་ཚོ་ནས་ཡིན་པའི་གཞོན་སྐྱེས་ཡོན་ཏན་དང་ལྷ་རྒྱལ(ཆོས་རྒྱལ)གཉིས་ཀྱིས་བོད་རང་བཙན་ཡིན་པའི་སྐད་འབོད་དང་ཡིག་ཆ་གཏོར་ཡོད་པས། ས་གནས་ཉེན་རྟོག་པས་ཁོ་གཉིས་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་དབོན་པོ་ཡུལ་ཚོ་ནས་ཡིན་པའི་གཞོན་སྐྱེས་ཡོན་ཏན་དང་ལྷ་རྒྱལ(ཆོས་རྒྱལ)གཉིས་ཀྱིས། གོང་ཚེས་ཉིན་གྱི་ཉིན་གུང་བོད་ནང་གི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་རྫ་དབོན་པོ་ཡུལ་ཚོའི་ནང་དུ་བོད་རང་བཙན་ཡིན་པའི་སྐད་འབོད་རྒྱག་ཞོར་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། ས་གནས་སུ་རྒྱ་གཞུང་གི་གཞུང་ལས་ཁུངས་ཀྱི་ར་སྐོར་དུ་བོད་རང་བཙན་ཡིན་པའི་ཡིག་ཆ་ཡང་གཏོར་ཡོད་འདུག དེའི་རྗེས། ས་གནས་ཉེན་རྟོག་པས་ཁོ་གཉིས་འཛིན་བཟུང་བྱས་ཡོད་འདུག

ཁོ་གཉིས་འཛིན་བཟུང་མ་བྱས་པའི་སྔོན་དུ། ཁོ་གཉིས་ཀྱི་སྐད་འཕྲིན་གྱི་རྒྱབ་ལོག་ཏུ་སྐད་ཆ་དང་རང་གི་ཁ་ཕྱོགས་ཞེས་པའི་རྩོམ་ཐུང་རེ་སྤེལ་ཡོད་འདུག དེ་གཉིས་ཀྱི་ནང་དོན་གཙོ་བོ་ནི། སོ་སོའི་མི་རིགས་ཀྱི་ཆེད་དུ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་བློས་བཏང་གནང་ཡོད་པ་དང་། རང་ཉིད་ཀྱི་ཚེ་སྲོག་བློས་བཏང་དགོས་རུང་སོ་སོའི་མི་རིགས་ཀྱི་ཆེད་དུ། འཐབ་རྩོད་བྱེད་དགོས་པ་ནི་རང་ཉིད་ཀྱི་ཕྲག་ཏུ་འབབ་པའི་འགན་ཞིག་ཡིན་པ་སོགས་དང་། ཉེ་སྔོན་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གྲྭ་བཞི་ལ་མི་རིང་བར་མཇལ་ཡོང་ཞེས་སོགས་བྲིས་འདུག

གཞན་ཡང་། ཁོ་གཉིས་ཀྱིས་༸གོང་ས་མཆོག་གི་སྐུ་པར་དང་། བོད་རང་བཙན་བྲིས་པའི་ཡིག་ཆ། ཁོང་གཉིས་ཀྱི་པར་བཅས་ཀྱིས་བརྙན་ཐུང་བཟོས་ནས་དྲ་ཐོག་ཏུ་བཏང་འདུག

ཟླ་འདིའི་ཚེས་༧་ཉིན་མཚན་མོར། སེར་ཤུལ་རྫོང་གི་རྫ་དབོན་པོ་ཡུལ་ཚོ་ནང་དུ་ཡོད་པའི་རྒྱ་གཞུང་གི་གཞུང་ལས་ཁུངས་ཀྱི་ར་སྐོར་ནང་དུ་བོད་རང་བཙན་འཐོབ་དགོས་སྐོར་གྱི་ཡིག་ཆ་གཏོར་བ་བརྟེན་ནས། རྫ་དབོན་པོ་དགོན་པའི་གྲྭ་པ་ཀུན་གསལ་རང་ལོ་༢༠་དང་། གྲྭ་རྟ་མེ་རང་ལོ་༡༨་ཡས་མས། གྲྭ་བསོད་བཀྲ་རང་ལོ་༡༨་ཡས་མས། གྲྭ་ཚུལ་ཁྲིམས་རང་ལོ་༡༨་ཡས་མས་བཅས་ཡིག་ཆ་གཏོར་མཁན་ཡིན་པའི་དོགས་གཞི་འོག་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེའི་རྗེས། རང་ལོ་༡༥་ཡས་མས་ཡིན་པའི་གྲྭ་པ་ཉི་མེ་ཡིས་དྲ་ཐོག་ཏུ་ཁོ་ཚོར་བསྔགས་བརྗོད་ཀྱི་ཡིག་གེ་བྲིས་པར་བརྟེན་ནས། ཟླ་འདིའི་ཚེས་༡༨་ཉིན་ལ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ལྷ་རྒྱལ་ནི་གྲྭ་ཉི་མེ་ལགས་ཀྱི་ཕ་མ་གཅིག་གི་སྤུན་མཆེད་ཆེ་བ་ཡིན་འདུག