20
Sat, Apr

ལྷ་དར་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༦་ཉིན་སྤེལ། བོད་ནག་ཆུ་རྟར་ཆེན་གེ་སོ་ཚ་ལྷིས་གྲོང་ཚོ་ནས་ཡིན་པའི་ལྷ་དར་ལགས། འདི་ལོའི་ཟླ་༡༠་ནང་དུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ལྷ་དར་ལགས་ནི་རྒྱ་གཞུང་གི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

དེ་ཡང་། བོད་མི་ཞིག་གིས་བོད་ནང་ནས་འབྱོར་བའི་གནས་ཚུལ་ཞིག་ངོ་སྤྲོད་གནང་དོན། ཟླ་སྔོན་མའི་ནང་དུ་བོད་ནག་ཆུ་རྟར་ཆེན་གེ་སོ་ཚ་ལྷིས་གྲོང་ཚོ་ནས་ཡིན་པའི་ལྷ་དར་ལགས། རྒྱ་གཞུང་གིས་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཁོང་ནི་རྒྱུན་དུ་རྒྱ་གཞུང་གིས་བོད་ཡུལ་ལ་ཆབ་སྲིད་ཀྱི་སློབ་གསོ་རྒྱག་བཞིན་པར་དང་ལེན་མི་བྱེད་མཁན་ཞིག་ཡིན་འདུག དེར་བརྟེན། རྒྱ་གཞུང་གིས་ལྷ་དར་ལགས་རྒྱུན་དུ་སུན་པོ་བཟོ་བཞིན་ཡོད་པ་དང་། འགྲོ་འདུག་སྤྱོད་ཀྱི་རང་དབང་ལ་བཀག་སྡོམ་བྱེད་བཞིན་ཡོད་འདུག

དེ་བཞིན། ལྷ་དར་ལགས་ནི་བོད་གཞིས་བྱེས་མཉམ་མཛོམས་དང་༧རྒྱལ་བ་རིན་པོ་ཆེའི་གསེར་ཞལ་མཇལ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་མཁན་ཞིག་ཡིན་པ་མ་ཟད། དེའི་ཐོག་རྣམ་འགྱུར་མངོན་གསལ་དོད་པོ་སྟོན་མཁན་ཞིག་ཡིན་འདུག

༢༠༡༣་ལོར། རྒྱ་ནག་གཞུང་གིས་དམ་དྲག་འོག་ཤག་རོང་པོ་དགོན་པར་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་བཞག་ནས་སྒོ་རྒྱག་སྐབས། སྲིད་གཞུང་གི་མི་སྣ་དང་ཡུལ་མི་དབར་རྩོད་རྙོག་བྱུང་བ་བརྟེན། ཡུལ་མི་༤༠་ནས་༥༠་བཀག་ཉར་དང་རྡུང་རྡེག་བྱས་ཏེ་གློད་གྲོལ་བཏང་ཡོད་འདུག ལྷ་དར་ལགས་ནི་དེའི་ནང་ནས་གཅིག་ཡིན་འདུག དུས་དེ་ནས་བཟུང་བོད་མི་དེ་དག་ལ་ཡར་མར་འགྲོ་བསྐྱོད་ལ་དཀའ་ངལ་བཟོ་བཞིན་ཡོད་འདུག

ལྷག་པར་དུ་ཉེ་སྔོན། སྤྱི་ཟླ་༩་ནང་དུ་སྲིད་གཞུང་གི་མི་སྣ་ནས་ལྷ་དར་ལགས་ལ་ཁ་པར་སླེབས་ནས་གང་སར་འགྲོ་སྐྱོད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག དེ་ནས་ཉིན་འགའ་ཤས་ཞིག་གི་རྗེས་སུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ད་ལྟའི་ཆར་གང་དུ་ཡོད་མེད་ཤེས་རྟོགས་བྱུང་མི་འདུག ས་ཁུལ་དེར་ད་ལྟར་དམ་བསྒྲགས་ཀྱི་གནས་སྟངས་འོག་ཏུ་གནས་ཡོད་པ་དང་། ཞིབ་ཕྲའི་གནས་ཚུལ་རྟོགས་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

ལྷ་དར་ལགས་ནི་ད་ལྟར་རང་ལོ་༣༦་ཙམ་ཡིན་པ་དང་ཕ་མ་གཉིས་འཚོ་ཞུགས་ཡིན་འདུག