12
Thu, Dec

༢༠༡༩་ལོའི་ཟླ་༩་ཚེས་༡༩་ཉིན། རྒྱ་གཞུང་གི་ཉེན་རྟོག་པས་གྲྭ་བསོད་ནམས་དཔལ་ལྡན་འཛིན་བཟུང་བྱས་འདུག

བོད་ཀྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༩་ཚེས་༡༩་ཉིན། བོད་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན་ལགས། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཁོང་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་གསལ་པོ་བརྗོད་མེད་པ་དང་། གང་དུ་བཀག་ཉར་བྱས་ཡོད་མེད་ཀྱང་ཤེས་རྟོགས་བྱུང་མི་འདུག

དེ་ཡང་། ཟླ་འདིའི་ཚེས་༣་ཉིན། བོད་ནང་ནས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ལ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་ ༩ ཚེས་ ༡༩ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན་ལགས། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཤེས་རྟོགས་བྱུང་མེད་པ་རེད།

འོན་ཀྱང་། བོད་ནང་གི་གྲྭ་བསོད་ནམས་དཔལ་ལྡན་ངོ་ཤེས་མཁན་ཞིག་གིས་བརྗོད་པ་ལྟར་ན། གྲྭ་བསོད་ནམས་དཔལ་ལྡན་གྱི་སྐད་འཕྲིན་རྒྱབ་ལོག(བར་སྟོང་)ལ་བོད་ཀྱི་སྐད་ཡིག་གི་ཉམ་ང་བའི་གནས་སྟངས་སོགས་ཀྱི་རྩོམ་ཐུང་སྤེལ་ཡོད་པའི་རྒྱུ་མཚན་མ་གཏོགས། གཞན་འཛིན་བཟུང་བྱེད་པའི་རྒྱུ་མཚན་གང་ཡིན་ཤེས་རྟོགས་མེད་ཚུལ་བརྗོད་འདུག

རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན་ལགས་ནི། ད་ལྟར་རང་ལོ་ ༢༢ ཡིན་པ་དང་། ཁོང་ནི་ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ཕ་ཡུལ་རྔ་བ་རྫོང་གཅའ་ཡུལ་ཚོ་ནག་ཚང་མའི་སྡེ་བ་ནས་ཡིན་ཞིང་། མ་མིང་ལ་སྐལ་ཁོ་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།