19
Fri, Apr

རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༩་ཚེས་༣་ཉིན། བོད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་ལ་རྒྱ་གཞུང་གིས་རྔ་པ་ནས་ལོ་༣་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ནི་ལོ་སྔོན་མའི་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ཞིག་གི་མཚན་མོ་རང་ཤག་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ཅིང་། དེ་ནས་བཟུང་ད་བར་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་ཡོད་འདུག

དེ་ཡང་། བོད་ནས་གནས་ཚུལ་འབྱོར་བར་ལྟར་ན། རང་ལོ་༣༦་ཡིན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་ལ་རྒྱ་གཞུང་གིས་རྔ་པ་ནས་ལོ་༣་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་སྔོན་ཁོང་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་ནི། ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཀྱང་། ཚེས་༣་ཉིན་ཁྲིམས་ཐག་གཅོད་སྐབས་ཉེས་མིང་ག་རེ་བཏགས་ཡོད་མེད་སོགས་ཀྱི་སྐོར་ཞིབ་ཕྲ་ཤེས་རྟོགས་བྱུང་མི་འདུག

ཁོང་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས། དེའི་སྔོན་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་གིས་ལོ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་ཡོད་པ་དང་། ད་ཐེངས་བཙོན་ཐག་ཁྲིམས་ཐག་བཅད་པ་དེ་ཐེངས་གཉིས་པ་ཆགས་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་འདི་གར་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་སོང་།