22
Sun, Sep

རྒྱ་གཞུང་གིས་སྐད་འཕྲིན་དམ་དྲག་བྱས་ཏེ་སྨྲ་བརྗོད་རང་དབང་བཀག

བོད་ཀྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༨་ཚེས་༢༧་སྤེལ། ཉེ་ཆར་བོད་ནང་དུ་རྒྱ་གཞུང་གིས་སྐད་འཕྲིན་དང་འབྲེལ་བའི་དོན་ཚན་བཅུ་ཅན་གྱི་སྒྲིག་ཁྲིམས་ཤིག་བཟོས་ཏེ། མི་བཅུ་ཡན་གྱི་སྐད་འཕྲིན་ཚོགས་པ་ཡོངས་ལ་དྲ་བའི་ཉེན་རྟོག་པས་སྔར་ལས་ལྷག་པའི་སྒོ་ནས་ཚད་མཐོའི་རང་འགུལ་འཕྲུལ་ཆས་ཀྱིས་ལྟ་ཞིབ་ནན་པོ་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ་དང་། ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་གནས་ཚུལ་སྤེལ་བ་སོགས་སྒྲིག་ཁྲིམས་དེ་དག་དང་འགལ་ན་ལོ་གཅིག་ནས་ལོ་བརྒྱད་བར་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་པར་བསྒྲགས་འདུག

དེ་ཡང་། ཟླ་འདིའི་ཚེས་༢༤་ཉིན། རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ཞིག་གིས་བརྡ་ཐོ་ཞིག་སྤེལ་བ་ལྟར་ན། རྒྱ་གཞུང་གིས་སྐད་འཕྲིན་ནང་གི་མི་བཅུ་ཡན་གྱི་ཚོགས་པ་ཡོངས་ལ་དྲ་བའི་ཉེན་རྟོག་པས་སྔར་ལས་ལྷག་པའི་སྒོ་ནས་ཚད་མཐོའི་རང་འགུལ་འཕྲུལ་ཆས་ཀྱིས་ལྟ་ཞིབ་ནན་པོ་བྱེད་རྒྱུ་དང་། སྐད་འཕྲིན་ཚོགས་པ་སོགས་ལ་དོ་དམ་བྱེད་རྒྱུ། ས་གནས་གང་ཞིག་དང་དུས་ཚོད་ནམ་ཞིག་ཡིན་རུང་། སྐད་འཕྲིན་ཚོགས་པའི་ནང་། རྒྱ་གཞུང་ལ་གནོད་པའི་ཁྲིམས་འགལ་གྱི་ཆ་འཕྲིན་སྒྲོག་མི་རུང་བ་དང་། སྐད་འཕྲིན་ནང་རྒྱ་གཞུང་ལ་གནོད་པའི་བརྗོད་གཞི་སྤེལ་བའི་ཚོགས་པ། མི་སྒེར་སུ་ཡིན་རུང་། ནག་ཚོགས་གཏོར་བཅོམ་གྱི་ལས་འགུལ་ཞེས་པ་དེའི་ཁྲོད་ནས་ནན་གྱིས་ཐག་གཅོད་བྱེད་རྒྱུ་དང་། ཁྲིམས་ལུགས་ཀྱི་ཆད་པ་གཏོང་རྒྱུ། དེ་བཞིན་སྐད་འཕྲིན་ཚོགས་པ་ཡོངས་ནས་ཚོགས་མི་སོ་སོར་ནན་གཤེར་བྱེད་དགོས་ཅིང་། ཁ་དམ་པོ་བཟུང་ནས་འཆལ་གཏམ་སྒྲོག་མི་ཆོག་པ་དང་། རང་ཚིག་བརྟན་པ། དེ་ལྟར་མ་བྱས་ཚེ། མཇུག་འབྲས་རང་གིས་འགན་ཁུར་དགོས་པ་བཅས་ཀྱི་བརྡ་ཁྱབ་བཏང་ཡོད་པ་དང་། དེ་ནི་རྒྱ་གཞུང་གིས་བོད་ནང་སྔ་ལས་ལྷག་པའི་སྨྲ་བརྗོད་རང་དབང་མེད་པ་བཟོ་པའི་ལས་འགུལ་ཞིག་ཡིན་འདུག

རྒྱ་གཞུང་གིས་བརྡ་ཁྱབ་དེའི་ནང་འདི་ལྟར་གསལ་འདུག རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་གཏན་འབེབ་དང་གླེང་བཤད་ལས་འགུལ་པས། ཁྲིམས་འགལ་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་མཁན་ལ་ཁྲིམས་ཆད་ལོ་གཅིག་ནས་ལོ་བརྒྱད་བར་ཁྲིམས་ཆད་གཅོད་རྒྱུ་དང་། སྐད་འཕྲིན་ཚོགས་པའི་ཚོགས་གཙོས་འགན་ཁུར་བ་དང་གཞན་ལ་ཁྱབ་སྤེལ་བྱེད་དགོས་པ། ད་ནས་བཟུང་། དྲ་རྒྱའི་བདེ་འཇགས་ལ་ཞིབ་གཤེར་ནན་མོ་བྱེད་རྒྱུའི་འགོ་བརྩམས་ཡོད་པ་དང་། སྐད་འཕྲིན་ཚོགས་པ་ཚོས་བདེ་འཇགས་ཆེད་དུ་ལྟ་ཞིབ་ནན་མོ་བྱེད་དགོས་པ་དང་། མི་བཅུ་ཡན་གྱི་གྲུབ་པའི་ཚོགས་པར་རང་འགུལ་འཕྲུལ་ཆས་ཀྱིས་ལྟ་ཞིབ་བྱེད་བཞིན་ཡོད་ཅིང་། ཚོགས་པ་སོ་སོའི་བདེ་འཇགས་ཆེད་དུ་ཚོགས་པ་རང་བཅགས་ནན་མོ་བྱེད་པ་དགོས་པ། གལ་སྲིད་ཚོགས་པ་ནང་གནས་ཚུལ་འདྲ་མིན་སྐུར་ན་ཚོགས་གཙོ་ལ་ལྡབ་གཉིས་ཀྱི་ཁྲིམས་ཆད་གཅོད་རྒྱུ་ཡིན་པ། མི་བཅུ་ཡན་གྱི་གྲུབ་པའི་ཚོགས་པ་ཞིག་ཡིན་ཕྱིན། ཚོགས་པའི་ནང་དུ་ཚོར་སྐྱེན་གྱི་ཆ་འཕྲིན་སྐུར་མི་ཆོག་པ་བཅས་ཡིན་འདུག

དེ་བཞིན། བརྡ་ཁྱབ་དེའི་ནང་བརྗོད་དོན། སྐད་འཕྲིན་ཚོགས་པ་ལ་ཁྲིམས་ལྟར་ཐག་གཅོད་བྱེད་བཞིན་ཡོད་པ་དང་། སྐད་འཕྲིན་ཚོགས་པའི་རྒྱབ་ཏུ་ལྟ་རྟོག་དོ་དམ་བྱེད་མཁན་ཡོད་པས། སྐད་འཕྲིན་ཚོགས་པའི་ནང་གི་ཚོགས་མི་ཡིས་བཤད་པའི་སྐད་ཆ་ལ་ངེས་པར་དུ་དོ་སྣང་བྱེད་དགོས་ཞེས་དང་།

དེ་ནས་རྒྱ་གཞུང་གིས་ཕྱོགས་ནས་མི་སྒེར་དང་སྐད་འཕྲིན་ཚོགས་པ་ཁག་གི་ནང་བྱེད་མི་ཆོག་པའི་དོན་ཚན་བཅུ་ནི། དང་པོ། ཆབ་སྲིད་ཀྱི་ཚོར་སྐྱེན་གྱི་བརྗོད་གཞི་སྐུར་མི་ཆོག་པ། གཉིས་པ། འཆལ་གཏམ་ལ་ཡིད་མི་ཆེས་ཞིང་མི་སྒྲོག་པ། གསུམ་པ། ནང་ཁུལ་གྱི་རྒྱུ་ཆ་ཕྱིར་སྐུར་མི་ཆོག་པ། བཞི་པ། དུག་དང་འབྲེལ་བའི་འཇིགས་སྐུལ་གྱི་བརྡ་འཕྲིན་སྐུར་མི་ཆོག་པ། ལྔ་པ། ཨོ་མན་དང་། ཧོང་ཀོང་། ཐེ་ཝན་གྱི་གསར་འགྱུར་གཞུང་ཕྱོགས་ཀྱི་དྲ་ཚིགས་ཀྱིས་ཁྱབ་བསྒྲགས་མ་བྱེད་གོང་བརྒྱུད་སྐུར་བྱེད་མི་ཆོག་པ། དྲུག་པ། དམག་དོན་དཔྱད་ཞིབ་ཀྱི་ཡིག་རིགས་གསར་འགྱུར་བརྒྱུད་སྐུར་བྱེད་མི་ཆོག་པ། བདུན་པ། རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བའི་ཡིག་ཆ་སྐུར་མི་ཆོག་པ། བརྒྱད་པ། ཞིབ་གཤེར་མ་བྱེད་པའི་རྣམ་པ་སྣ་ཚོགས་པའི་ཞལ་འདེབས་བསྡུ་རུབ་བྱེད་མི་ཆོག་པ། དགུ་པ། གོང་རིམ་སྣ་ཚོགས་ཀྱི་ཆ་འཕྲིན་དང་འཛིན་ཤོག་སྐུར་མི་ཆོག་པ། བཅུ་པ། ངེས་པ་དུ་ཁྲིམས་རྩིས་སྲུང་བྱེད་དགོས་པ། བཅས་ཡིན་འདུག

རྒྱ་གཞུང་གིས་སྒྲིག་ཁྲིམས་སྣ་ཚོགས་བརྒྱུད་ནས། བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་དང་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་ལ་སྔར་ལས་ལྷག་པའི་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།