22
Sun, Sep

ཀིརྟི་དགོན་པའི་གྲྭ་བློ་བཟང་ཐམས་མཁས་ལགས། གྲྭ་ཐུབ་པ་ལགས་དང་གྲྭ་བློ་བཟང་རྡོ་རྗེ་ལགས།

བོད་ཀྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༨་ཚེས་༡༤་ཉིན་སྤེལ། བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐམས་མཁས་ལགས་ལ་ཁྲིམས་ཐག་བཅད་ཡོད་པ་དང་། གྲྭ་ཐུབ་པ་དང་གྲྭ་བློ་བཟང་རྡོ་རྗེ་གཉིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འབྱོར་བ་ཞིག བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་སོང་།

དེ་ཡང་། བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཀིརྟི་དགོན་པའི་གྲྭ་བློ་བཟང་ཐམས་མཁས་ནི་ཕྱི་ལོ་༢༠༡༩ ཟླ་ ༧ ཚེས་ ༣༠ ཡས་མས་ཤིག་ལ་རྒྱ་གཞུང་གིས་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ནག་ཉེས་ག་རེ་བཙུགས་ཡོད་མེད་དང་། ས་གནས་གང་དུ་ཡོད་མེད་སོགས་ཞིབ་ཕྲ་གང་ཡང་ཤེས་རྟོགས་བྱུང་མི་འདུག

དེ་མིན་ཕྱི་༢༠༡༧ ལོའི་ལོ་མཇུག་ཙམ་ལ་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ། རང་ལོ་ ༣༢ ཡིན་པ་ཁོང་རྒྱ་གཞུང་གི་ཉེན་རྟོག་པས་མཚན་མོ་རང་ཤག་ནས་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནས་བཟུང་ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པར་ལྷག་འདུག

དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་༨ ཡས་མས་ཤིག་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ། རང་ལོ་༣༦ ཙམ་ཡིན་པ་ཁོང་མཚན་མོ་རང་ཤག་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནས་བཟུང་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

ཀིརྟི་དགོན་པའི་གྲྭ་བློ་བཟང་ཐམས་མཁས་ནི་རང་ལོ་༣༧་ཙམ་ཡིན་པ་དང་། ལྷ་སྡེ་གོང་མའི་བློ་ཁོའི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས། དེ་སྔོན་རྒྱ་གཞུང་གིས་སྒོ་བརྒྱབ་པའི་ནང་བསྟན་གཞོན་ནུའི་རིག་སློབ་ཁང་གི་སྐབས་གསུམ་པའི་མཐར་ཕྱིན་སློབ་མ་ཡིན་པ་དང་། རྗེས་སུ་མཚན་ཉིད་གྲྭ་ཚང་དུ་གཞུང་ཆེན་སློབ་སྦྱོང་གི་དེང་སྐབས་དབུ་མའི་འཛིན་གྲྭར་སླེབས་ཡོད་འདུག

སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ་ནི་རང་ལོ་༣༢་ཡིན་པ་དང་། སྤྲོ་ཚིགས་ཐང་བ་མའི་མགར་བ་ཚང་གི་ཡིན་པ་དང་། ཁོང་གི་ཕ་སྐལ་བཟང་ལགས་ཀྱང་། ཕྱི་ལོ་༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་ཀྱིས་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་འདུག ཐུབ་པ་ལགས་ཆུང་ཆུང་སྐབས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་བྱས། ཕྱི་ལོ་༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་སྤྲོ་ཚིགས་ཡུལ་ཚོིའི་ཐོག་ནས་ངོ་རྒོལ་སྐད་འབོད་དང་རྒྱའི་དར་དམར་མེར་སྲེག་བཏང་བའི་ཉེས་མིང་གཡོག་ནས་ལོ་༡ ཟླ་ ༦ ལ་ངལ་རྩོལ་བསྒྱུར་བཀོལ་གྱི་མིིང་ཐོག་ནས་བཙོན་འཇུག་བྱས་ཡོད་འདུག

ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ནི་རང་ལོ་༣༦ ཡིན་པ་དང་། རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཕྱི་ལོ་༢༠༡༡ ལོར་འཛིན་བཟུང་གིས་བཙོན་འཇུག་ལོ་གསུམ་བྱས་ཡོད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།