18
Mon, Nov

ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་གློད་གྲོལ་བཏང་འདུག

བོད་ཀྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༢༧་ཉིན་སྤེལ། ནག་ཆུ་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་རྫོགས་ནས་། འདི་ལོའི་ཟླ་༣་པའི་ཚེས་༧་ཉིན་ལ་བཙོན་ནས་གློད་གྲོལ་བཏང་ཡོད་འདུག་པ་དང་། ཁོང་གི་གཟུགས་གཞིའི་གནས་སྟངས་སོགས་ཀྱི་སྐོར་གང་ཡང་ཤེས་རྟོགས་བྱུང་མི་འདུག

དེ་ཡང་། བོད་རང་དབང་ཚོགས་པས་མཁོ་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། བོད་གནས་ལྟ་ཞིབ་ཁང་གིས་ངག་དབང་རྒྱལ་མཚན་ལགས་འདི་ལོའི་ཟླ་༣་པའི་ཚེས་༧་ཉིན་ལ་བཙོན་ནས་གློད་གྲོལ་བཏང་ཡོད་པར་ར་སྤྲོད་བྱས་ཡོད་འདུག ཁོང་ནི་༢༠༡༥ལོའི་ཟླ་༢་ཚེས་༢༤་ཉིན་ནག་ཆུ་རྫོང་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་རེད་འདུག

ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ནི་ནག་ཆུའི་ཤག་རོན་པོ་དགའ་ལྡན་དར་རྒྱས་གླིང་གི་གྲྭ་པ་ཡིན་པ་དང་། ལོ་དྲུག་ནས་དགོན་པར་ཞུགས་འདུག ཁོང་ནི་ཐང་ག་འབྲི་མཁན་གྱི་རི་མོ་བ་སྐད་གྲགས་ཅན་ཞིག་ཡིན་པ་མ་ཟད། ཕུལ་ཏུ་བྱུང་བའི་འཆམ་པ་ཞིག་ཀྱང་ཡིན་འདུག་པར་འགྲེལ་བརྗོད་བྱས་འདུག

ཁོང་འཛིན་བཟུང་བྱེད་དགོས་དོན་ནི། ༢༠༡༠ལོའི་ཟླ་༥་ཚེས་༢༠་ལ་རྒྱ་གཞུང་གིས་ཤག་རོན་པོ་དགའ་ལྡན་དར་རྒྱས་གླིང་གི་གྲྭ་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བའི་སྐབས། གྲྭ་པ་ཚོས་༸གོང་ས་མཆོག་དང་བླ་མ་རྒན་པ་ཚོར་མཚན་སྨད་བྱེད་དགོས་དུས། ཁོང་གིས་རྒྱ་གཞུང་གི་ལས་བྱེད་ལ་ཁ་གཏད་བྱས་ནས་ཁ་རྩོད་བརྒྱབ་ཡོད་འདུག དེའི་རྗེས། རྒྱ་གཞུང་གི་ལས་བྱེད་པ་ཚོས་ཁོང་ལ་བརྙས་བཅོས་དང་། དོགས་ཟོན། ལྟ་རྟོག་བཅས་བྱས་པ་མ་ཟད། ཁོང་དང་གྲྭ་པ་ཁ་ཤས་ཤིག་དགོན་པ་ནས་ཕྱིར་འབུད་ཡང་བཏང་ཡོད་པ་རེད ། ཁོང་དགོན་པ་ནས་ཕྱིར་འབུད་བཏང་ཚར་རུང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་འགྲོ་འདུག་སྤྱོད་གསུལ་ལ་དམ་དྲག་མུ་མཐུད་ནས་བྱས་ཡོད་འདུག ༢༠༡༥ལོའི་ཟླ་༢་ཚེས་༢༤་ཉིན་ཁོང་ནག་ཆུ་རྫོང་ནས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ཁོང་འཛིན་བཟུང་བྱས་རྗེས། དེ་མ་ཐག་ཏུ་ཁོང་གི་སྐོར་ལ་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་ཅིང་། དེའི་རྗེས་ཁོང་གྲྭ་བཞི་བཙོན་ཁང་དུ་ཁྲིད་ཡོད་པའི་སྐོར་ཤེས་རྟོགས་བྱུང་ཡོད་འདུག ཁོང་ལོ་གསུམ་ལ་བཙོན་ཁང་དེར་བཙོན་འཇུག་བྱས་མཐར། འདི་ལོའི་ཟླ་༣་ཚེས་༧་ཉིན་གློད་གྲོལ་བཏང་ཡོད་ཅིང་། བཙོན་ཁང་ནང་དུ་ཡོད་སྐབས་ཁོའི་ཨ་ཕ་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁོང་གློད་གྲོལ་གཏོང་སྐབས། ནང་མིར་བརྡ་ལན་གང་ཡང་མ་སྤྲད་པར་ཁུ་སིམ་མེར་གློད་ཡོད་འདུག ཁོང་གི་སྤུན་མཆེད་ཁོར་ཐུག་ཏུ་སོང་ཡོད་པ་དང་། དེ་ནས་གྲོང་པ་ནང་སླེབས་སྐབས། སྤུན་མཆེད་དང་གྲོང་མི་ཚོས་ཁ་བཏགས་ཁྱེར་ནས་བསུ་མ་བྱས་འདུག ད་ལྟའི་ཁོང་གི་གཟུགས་པོའི་གནས་སྟངས་དང་། བཙོན་དུ་སྡུག་རྩུབ་ག་ཚོད་མྱངས་ཡོད་མེད་སོགས་ཀྱི་སྐོར་གང་ཡང་ཤེས་རྟོགས་བྱུང་མི་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།