16
Tue, Apr

བོད་སེར་ཤུལ་ནས་ཡིན་པའི་དབང་ཆེན་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༢༩ཉིན། བོད་སེར་ཤུལ་གྲོང་སྡེ་ཡི་ས་གནས་བོད་རིགས་མང་ཚོགས་ཀྱིས་བོད་སེར་ཤུལ་དགོན་པའི་རྒྱབ་རིར་བསང་གསོལ་དང་རླུང་རྟ་དར་ལྕོག་བཙུགས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སྐབས་རང་ལོ་༢༠་ཡིན་པའི་བོད་མི་དབང་ཆེན་ལགས་ཀྱིས་ཀུན་ཟིགས་པཎ་ཆེ་རིན་པོ་ཆེ་གློད་གྲོལ་ཡོང་བ་ཤོག ༸རྒྱལ་བ་པཎ་ཆེ་རྣམ་གཉིས་བོད་དུ་ལྷན་དུ་འཛོམས་པ་ཤོག་ཅེས་སྨོན་ལམ་བརྒྱབ་རྗེས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

དེ་ཡང་། བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་། སེར་ཤུལ་གྲོང་སྡེ་ཡི་ས་གནས་བོད་རིགས་མང་ཚོགས་ཀྱིས་སེར་ཤུལ་དགོན་པའི་རྒྱབ་རིར་བསང་གསོལ་དང་རླུང་རྟ་དར་འཛུགས་སོགས་བྱས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སྐབས། རང་ལོ་༢༠ ཡིན་པའི་བོད་མི་དབང་ཆེན་ལགས་ཀྱིས་ཀུན་གཟིགས་པཎ་ཆེ་རིན་པོ་ཆེ་མཆོག་གློད་གྲོལ་ཡོང་བ་ཤོག ༸རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་དུ་ལྷན་དུ་འཛོམས་པ་ཤོག་ཅེས་སྨོན་ལམ་བརྒྱབ་ཡོད་པ་དང་། སྐབས་དེར་བོད་མི་ཚོས་དབྱར་རྩྭ་དགུན་འབུ་སྐོ་སྐབས་དང་ཁེལ་ཙམ་ཡུལ་མི་ཚོས་སྐད་དེ་འདྲ་རྒྱག་རྒྱུ་མེད་པའི་ཁ་ཏ་བྱས་འདུག་ཀྱང་། ཁོང་གིས་ལམ་སང་ད་བར་བོད་མི་༡༥༠ ལྷག་རང་ལུས་མེར་བསྲེག་བཏང་བའི་འགན་ང་རང་ཚོའི་ཕྲག་པ་ན་ཡོད་རེད་ཅེས་ལན་འདེབས་བྱས་འདུག

བསང་གསོལ་ཚར་ཏེ་འགྲོ་སྡེ་ལ་ལོག་འགྲོ་བའི་ལམ་བར་དུ། བོད་ནང་གི་སྔ་དྲོའི་ཕྱག་ཚོད་༡༠ དང་ཕྱེད་ཀ་ཙམ་ལ་ས་གནས་རྒྱ་ནག་ཉེན་རྟོག་པ་ཡོང་ནས་ཁོང་དང་ཁོང་གི་རོགས་པ་བློ་བཟང་དང་། ཡོན་ཏན། ད་དུང་ལྐུག་པ་ཞིག་བཅས་བོད་མི་བཞི་འཛིན་བཟུང་བྱས་འདུག་པ་དང་། ཁོང་ཚོའི་ལག་ཐོག་ཁ་པར་ཡང་བཙན་འཕྲོག་བྱས་ཏེ་ད་ལྟར་སེར་ཤུལ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་འདུག

འཛིན་བཟུང་བྱས་པའི་གྲས་ནས་བོད་མི་ལྐུག་པ་དེ་རྗེས་སུ་གློད་གྲོལ་བཏང་ཡོད་ཀྱང་། ཁོང་དང་རོགས་པ་གཉིས་བཅས་མི་གསུམ་ད་ལྟ་སེར་ཤུལ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་འདུག ཕྱི་ཚེས་༣༠ ཉིན་གྱི་ཞོགས་པ་གསར་དུ་ཤེས་རྟོག་བྱུང་བར་རྫོང་གི་ཉེན་རྟོག་པས་ཉིན་གྲངས་༡༥ ནང་ཚུད་ཁོང་ཚོར་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

བོད་མི་དབང་ཆེན་ལགས་ནི་སེར་ཤུལ་གྲོང་སྡེ་ལ་གཏན་སྡོད་བྱེད་མཁན་ཞིག་ཡིན་པ་དང་། ཁོང་རང་ལོ་ན་གསུམ་གྱི་སྐབས་སུ་ཕ་འདས་གྲོངས་སུ་གྱུར་བ་དང་། ཨ་མ་ནི་ལམ་བཟོ་རྒྱུགས་མཁན་ཞིག་ཡིན་ཞིང་། ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་འོག་སློབ་གྲྭར་གཏན་ནས་སྐྱོད་ཐུབ་མེད་པ་རེད་འདུག ད་ལྟར་རང་ལོ་༢༠ ལ་སོན་ཡོད་འདུག ཁོང་ནི་མགོ་ལོག་དང་སྐྱེ་དགུ རྫ་སྟོད་བཅས་ས་གནས་གང་སར་རྟ་རྒྱུགས་འགྲན་བསྡུར་ཁག་ནང་ཞུགས་མཁན་གྱི་རྟ་རྩལ་པ་གྲགས་ཆེ་བ་ཞིག་ཡིན་པ་མ་ཟད། ཁོང་གིས་རྟ་རྒྱུགས་འགྲན་བསྡུར་ལ་རྟེན་ནས་ཁྱིམ་ཚང་གི་འཚོ་རྟེན་ལ་རོགས་པ་བྱེད་ཀྱི་ཡོད་པ་རེད་འདུག གཞན་ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་རོགས་པ་གཞན་གཉིས་ཀྱང་ཁོང་དང་གྲོང་སྡེ་གཅིག་ཡིན་པ་དང་རྟ་རྒྱུགས་འགྲན་བསྡུར་བ་ཡང་ཡིན་འདུག

སྤྱིར་བཏང་ས་གནས་ཡུལ་མིའི་བསང་གསོལ་གྱི་བྱེད་སྒོ་དེ་ནི་ལོ་ཤས་གོང་ནས་བཟུང་། ལོ་ལྟར་སེར་ཤུལ་གྲོང་སྡེ་ཡི་ས་གནས་མང་ཚོགས་ཀྱིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པའི་སྐུའི་འཁྲུངས་སྐར་ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཅིག་ཙམ་རིང་། ཡུལ་ལུང་དེའི་ནང་ཁོར་ཡུག་གཙང་བཟོ་བྱེད་པའི་ལས་འགུལ་ཞིག་སྤེལ་སྲོལ་ཡོད་པ་དང་། ད་ལོ་ཡང་བདུན་གཅིག་ཙམ་རིང་ཁོར་ཡུག་གཙང་བཟོ་གྲུབ་པ་དང་ཆབས་ཅིག རི་འགོར་བསང་གསོལ་བྱེད་སྐབས་དོན་རྐྱེན་དེ་བྱུང་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ནས་དབང་ཆེན་ལགས་ཀྱི་སྤུན་མཆེད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་།