20
Sat, Apr

༢༠༡༨ལོའི་ཟླ་༡༢ཚེས་༢༤ཉིན་བོད་དབུས་ཁུལ་གཞིས་རྩེའི་བཞད་མཐོང་སྨོན་གྲོང་འཁྱེར་ལ་ཚད་རིམ་༥.༨་ཅན་གྱི་ས་ཡོམ་བརྒྱབ་ཡོད་འདུག

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༢ཚེས་༢༤ཉིན། བོད་དབུས་ཁུལ་གཞིས་རྩེའི་བཞད་མཐོང་སྨོན་གྲོང་འཁྱེར་ལ་ཚད་རིམ་༥.༨་ཅན་གྱི་ས་ཡོམ་བརྒྱབ་ཡོད་རུང་། སྟབས་ལེགས་པ་ཞིག་ལ་མིའི་སྲོག་ཤོར་བའི་གནས་ཚུལ་ཐོན་མི་འདུག འོན་ཀྱང་། མི་༢༡༠༠ཞིག་གནས་སྤོ་བྱེད་དགོས་བྱུང་པའི་གནས་ཚུལ་བརྒྱུད་ལམ་ཁག་ནས་སྤེལ་བཞིན་འདུག

དེ་ཡང་ཟླ་འདིའི་ཚེས་༢༤ཉིན་གྱི་ཞོགས་པ། བོད་ནང་གི་ཆུ་ཚོད་༣་དང་སྐར་མ་༣༢་ཐོག་ལ་གཞིས་རྩེའི་བཞད་མཐོང་སྨོན་གྲོང་འཁྱེར་ལ་ཚད་རིམ་༥.༨་ཅན་གྱི་ས་ཡོམ་བརྒྱབ་ཡོད་པ་དང་། ས་ཡོམ་དེའི་ཁྱབ་ཚད་་ནི་སྨི་སྟོང་བརྒྱད་ཟིན་ཞིང་། ས་ཡོམ་རྒྱག་ཡུལ་གྱི་ལྟེ་བ་དེ་ནས་ཕྱོགས་བཞིའི་སྤྱི་ལེ་༢༠་ཡི་མཚམས་སུ་མི་གནས་སྡོད་བྱེད་པ་ཧ་ཅང་ཉུང་བ་དང་། དེ་ནས་སྤྱི་ལེ་༥༠ཡི་ཁྱབ་ཁུངས་སུ་ཧ་ལམ་མི་༥༩༠་བསྡད་ཡོད་པ་དང་། སྤྱི་ལེ་༡༠༠་ཡི་ཁྱབ་ཁུངས་སུ་ཧ་ལམ་མི་༣༠༠༠་ཡོད་པ་བཅས་སྤེལ་འདུག

གནས་ཚུལ་སྤེལ་བའི་ནང་དུ། གཞིས་རྩེའི་བཞད་མཐོང་གྲོང་འཁྱེར་དང་གྲོང་སོགས་ལ་ས་ཡོམ་འགུལ་ཚོར་ཅུང་ཆེ་ན་ཡང་། འཕྲིན་གཏོང་ཆད་མེད་པ་དང་ད་བར་མི་ཤི་རྨས་ཀྱི་གནས་ཚུལ་འབྱོར་མི་འདུག

བརྒྱུད་ལམ་གཞན་ནས་སྤེལ་བའི་གནས་ཚུལ་ནང་། མི་མང་གི་སྡོད་ཁང་དང་སྒོ་ཕྱོགས་ཀྱི་གཡབ་ཁང་སོགས་ལ་གཏོར་བཤིག་ཐེབས་འདུག་པར་བརྗོད།