16
Thu, Jul

ལྷ་ས་རུ་ནག་སེལ་གཤེད་བཅོམ་ཞེས་པ་ཐེར་འདོན་བྱས་ན་བྱ་དགའ་ཡོད་ཟེར།

བོད་ཀྱི་གསར་འགྱུར།
Typography

རྒྱ་གཞུང་གིས་ནག་སེལ་གཤེད་བཅོམ་ཞེས་པའི་མིང་ཐོག་ནས་བོད་མི་ཞི་བའི་ངོ་རྒོལ་བྱེད་མཁན་རྣམས་ཐེར་འདོན་བྱས་ན་བྱ་དགའ་སྤྲད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པར་མ་ཟད། ལྷ་ས་རུ་ས་གནས་མི་འདྲ་བ་ཁག་༣༠་ལ་ཐེར་འདོན་སྒམ་བཙུགས་ཡོད་པ་རེད་འདུག

དེ་ཡང་༢༠༡༨ལོའི་ཟླ་༡༡་ཚེས་༡༤ཉིན་གནས་ཚུལ་ཐོན་པ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་ས་རུ་ནག་སེལ་གཤེད་བཅོམ་ཞེས་པའི་ལས་འགུལ་སྤེལ་ཆེད། མི་མང་རྣམས་ལ་ནག་ཚོགས་ཁྲིམས་འགལ་གྱི་ལས་བྱེད་མཁན་རྣམས་ཐེར་འདོན་བྱེད་པའི་སྐུལ་མ་བཏང་ཡོད་འདུག དེ་བཞིན་ཐེར་འདོན་སྒམ་༣༠་ཞིག་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ། དགོན་སྡེ་ཁག་གི་སྲང་ལམ་ཁག སྨན་ཁང་ཁག་གི་སྒོ་འགྲམ། སློབ་གྲྭ་ཁག་གི་སྒོ་འགྲམ། སྲང་ལམ་དང་འགྲིམ་འགྲུལ་སྐྱེལ་སའི་ས་ཆ་སོགས་སུ་འཛུགས་ཡོད་འདུག

རྒྱ་གཞུང་གིས་ལྷ་ས་གྲོང་འཁྱེར་དུ་ཐེར་འདོན་སྒམ་བཙུགས་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན། མི་སུས་མི་གཞན་གྱིས་ཁྲིམས་འགལ་ཅན་གྱི་ལས་བྱེད་པ་ཡང་ཁུངས་སྣེ་མཐོང་ཚེ་གནས་ཚུལ་གསལ་བོར་བྲིས་ནས་ཐེར་འདོན་སྒམ་ནང་དུ་བླུགས་ན་མི་དེར་བྱ་དགའ་ཡོད་པ་འཁོད་འདུག དེ་ནི་བོད་མིས་ཚོས་རྒྱ་གཞུང་ལ་ངོ་རྒོལ་མི་བྱ་ཆེད་དང་ཞི་རྒོལ་བྱེད་མཁན་དག་ལ་དཀའ་ཁག་བཟོ་བཞིན་ཡོད་པ་ཞིག་རེད་འདུག

དེ་སྔོན་རྒྱ་གཞུང་གིས་ནག་ཚོགས་སྟོབས་ཤུགས་རྒོལ་ལེན་བྱས་པའི་ལས་འགུལ་སྤེལ་ཡོད་དང་། ད་ཐེངས་ཡང་ལྷ་ས་རུ་མི་མང་ལ་ཞི་རྒོལ་བྱེད་མཁན་གྱི་བོད་མི་རྣམས་ཐེར་འདོན་བྱེད་པའི་སྐུལ་མ་བཏང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།