16
Mon, Dec

༢༠༡༨ལོའི་ཟླ་༡༠ཚེས་༡༦ཉིན་བོད་པའི་ན་གཞོན་ལུས་རྩལ་བ་ཤེས་རབ་འཚོ་ཡིས་གསེར་གྱི་རྟགས་མ་བླངས་འདུག་

བོད་ཀྱི་གསར་འགྱུར།
Typography

༢༠༡༨ལོའི་ཟླ་༡༠ཚེས་༡༦ཉིན། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇན་ཁྲི་ན( Argentina) ལ་དབྱར་ཁའི་ཨོ་ལམ་པི་ཁིའི་རྩེད་མོ་རྩེས་ཡོད་པ་དང་། དེར་ཁྱོན་རྒྱལ་ཁབ་༢༠༦་ཡི་རྩེད་མོ་བ་ཞུགས་ཡོད་འདུག དེ་ནང་ནས་བོད་པའི་བུ་མོ་ཤེས་རབ་འཚོ་ཡིས་བུད་མེད་སྨི་༥༠༠༠བང་རྒྱུགས་འགྲན་བསྡུར་ཁྲོད་དུ་ཨང་དང་པོ་བླངས་ནས་གསེར་གྱི་རྟགས་མ་ཐོབ་ཡོད་ཅིང་། མོ་ནི་བོད་པ་ཞིག་གིས་ཨོ་ལམ་པི་ཁིའི་ནང་གསེར་གྱི་རྟགས་མ་ཐོབ་མཁན་ཐོག་མ་དེ་ཆགས་ཡོད་པ་རེད།

ཤེས་རབ་འཚོ་ནི་མཚོ་སྔོན་མང་ར་ནས་ཡིན་པ་དང་། འདི་ལོའི་ཟླ་༧་པའི་ནང་ཐེ་ལན་ཊའི་(Thailand)ནང་འཚོགས་པའི་ཨེ་ཤེ་ཡའི་ན་གཞོན་རྩེད་འགྲན་ནང་༥༠༠༠བང་རྒྱུགས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་ཡོད་པ་དང་། ཐེངས་འདིར་ཨར་ཇན་ཁྲི་ན་(Argentina) རྒྱལ་ཁབ་ནང་རྒྱང་ཐག་སྨི་༥༠༠༠བང་རྒྱུགས་འགྲན་བསྡུར་ནང་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་ཁྱོན་རྩེད་འགྲན་པ་ ༢༦ མཉམ་ཞུགས་བྱས་པའི་ཁྲོད་ཤེས་རབ་འཚོ་ཡིས་ཨང་དང་པོ་བླངས་འདུག

ཤེས་རབ་འཚོ་ཕ་ཡུལ་ནས་༢༠༡༥་ཐོག་མར་ཁ་གྱེས་ཤིང་། ལོ་དེའི་ལོ་འགོ་ནས་ཧྲང་ཤིས་ཞིང་ཆེན་ཝུའེ་ནན་ལུས་རྩལ་རུ་ཁག་ཏུ་མཆོང་རྒྱུག་འཕེན་གསུམ་སྦྱངས་པ་དང་། རྒྱུག་ཤར་ཟླ་བ་ཁ་ཤས་སྦྱངས་རྗེས་འདུར་རྒྱུག་སྦྱོང་འགོ་ཚུགས། སྐབས་དེ་དུས་ཤེས་རབ་འཚོ་ལོ་༡༤སོན་ཙམ་རེད། ཁོ་མོས་ཁྱིམ་ནས་ས་ཐག་རིང་པོ་འདི་འདྲར་བསྐྱོད་ཐེངས་དང་པོ་ཡིན་པས་ནང་མི་ཧ་ཅང་དྲན་པོ་འདུག ཉིན་ལྟར་དགོང་མོ་ནང་མི་དང་བརྙན་ལམ་བཏང་རེས་བྱས་རྗེས་ངུ་ཤོར་གྱི་ཡོད་པར་བཤད།

དེ་ཡང་༢༠༡༨དབྱར་ཁའི་གཞོན་སྐྱེས་ཨོ་ལམ་པི་ཁི་རྩེད་མོ་(Olmpic)ནི་ལྷོ་ཨ་མེ་རིི་ཁའི་རྒྱལ་ཁབ་ཨར་ཇན་ཁྲི་ནའི་རྒྱལ་ས་བྷོ་ནོ་ཨི་རེ་སུ་ལ་འཚོགས་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་རྩེད་མོ་ཞིག་དང་། རིག་གཞུང་དང་སློབ་སྦྱོང་སོགས་ཀྱི་རྩེད་རིགས་ཤིག་ཡིན་འདུག་ཅིང་། ཟླ་འདིའི་ཚེས་༦ནས་༡༨བར་དུ་རྩེས་ཡོད་འདུག ཐེངས་འདིའི་ཨོ་ལམ་པི་ཁི་རྩེད་པོ་ལྷོ་ཨ་རིར་འཚོགས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད། ཐེངས་དང་པོ་དེ་བྷུ་ར་ཛི་ནང་ཚོགས་འདུག

ཨར་ཇན་ཁྲི་ན་རྒྱལ་ཁབ་དེ་༡༩༩༠ལོར་ཐེངས་དང་པོ་ཨོ་ལམ་པི་ཁིའི་རྩེད་འགྲན་དུ་ཞུགས་ཡོད་པ་དང་། དབྱར་ཁའི་ཨོ་ལམ་པི་ཁིའི་རྩེད་རིགས་ཁྲོད་ཨར་ཇན་ཁྲི་ན་ལ་གསེར་གྱི་རྟགས་མ་༢༡དང་། དངུལ་གྱི་རྟགས་མ་༢༥། ལིའི་རྟགས་མ་༢༨་བཅས་ཁྱོན་རྟགས་མ་༧༤ཐོབ་ཡོད་པ་དང་། རྟགས་མ་མང་ཤོས་ཐོབ་མཁན་གྱི་རྒྱལ་ཁབ་ཡིན་པར་བརྗོད་འདུག ཐེངས་འདིའི་ཨོ་ལམ་པི་ཁིའི་རྩེད་འགྲན་ནང་ནས་ཨར་ཇན་ཁྲི་ན་ཨང་དང་པོ་དང་། བྷེད་ཇམ་ཨང་གཉིས་པ། སུ་ལོ་ཝི་ཡ་ལ་ཨང་གསུམ་པ་བཅས་ཡིན་འདུག

གཞན་ཡང་། ཐེངས་འདིའི་དབྱར་ཁའི་གཞོན་སྐྱེས་ཨོ་ལམ་པི་ཁི་རྩེད་མོ་ཁྲོད་ནས་རྒྱ་གར་ལ་གསེར་གྱི་རྟགས་མ་༤་དང་། དངུལ་གྱི་རྟགས་མ་༢༢། ལིའི་རྟགས་མ་༣་བཅས་ཁྱོན་རྟགས་མ་༢༩་ཐོབ་འདུག་ཅིང་། རྒྱ་ནག་ལ་གསེར་གྱི་རྟགས་མ་༡༨་དང་། དངུལ་གྱི་རྟགས་མ་༩། ལིའི་རྟགས་མ་༩་བཅས་ཁྱོན་རྟགས་མ་༣༦ཐོབ་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།