16
Tue, Apr

ནག་ཆུའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༨ཚེས་༧ཉིན་སྤེལ། ནག་ཆུའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་འདི་ལོ་ཟླ༣པའི་ནང་རྒྱ་ནག་ཁྲིའུ་ཏུའོ་ནས་ལྷ་སར་ལོག་པའི་ལམ་བར་དུ་ལྷོ་ཁ་༼གོང་དཀར་གནམ་ཐང་༽ནས་རྒྱ་གཞུང་གིས་གློ་བུར་དུ་འཇུ་བཟུང་བྱས་ཡོད་པ་དང་དེའི་རྗེས་ནང་མི་དང་གཉེན་འབྲེལ་རྣམས་ཀྱིས་བཙོན་ཁང་གང་དུ་བཅུག་ཡོད་མེད་སོགས་ཤེས་རྟོགས་བྱུང་མི་འདུག

དེ་ཡང་བོད་ནག་ཆུ་ས་ཁུལ་ཤག་རོང་རྟ་ཆེན་ཡུལ་ཚོ་ལྔ་པ་སྲ་ཁུ་གྲོང་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་ཕྱི་ལོ་༢༠༡༨ཟླ་༣པའི་ཟླ་མཇུག་ཏུ་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་ཀྱིས་ད་བར་དུ་ཟླ༥་ཕྱིན་ཡོད་པ་རེད། ཁོང་གི་ནང་མི་དང་སྤུན་མཆེད་རྣམས་ཀྱིས་ཁོང་བཙོན་ཁང་གང་དུ་བཅུག་ཡོད་མེད་ད་བར་བཙལ་ཀྱང་ཤེས་རྟོགས་བྱུང་མེད་པ་དང་ཁོང་གི་གནས་སྟངས་སོགས་ཅི་ཡང་རག་མེད་ཙམ། ཁོང་གི་ནང་མི་དང་གཉེན་འབྲེལ་རྣམས་སེམས་ཁྲལ་དང་འཇིགས་སྣང་སྐྱེས་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་དོན། འདི་ལོའི་ཟླ་༣་པའི་ཟླ་མཇུག་ཏུ་བསྟན་འཛིན་ཆོས་འཕེལ་ལགས་རྒྱ་ནག་ཁྲིའུ་ཏུའོ་ནས་ལྷ་སར་ལོག་པའི་ལམ་བར་དུ་ལྷོ་ཁ་༼གོང་དཀར་གནམ་ཐང་༽ནས་རྒྱ་གཞུང་གིས་གློ་བུར་དུ་འཇུ་བཟུང་བྱས་ནས་ཅ་དངོས་རྔོག་བཤེར་བྱས་སྐབས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་འགའ་ཞིག་ཐོན་ཡོད་པ་དང་། དེར་རྗེས་སྡོད་ཁྱིམ་དུ་རྔོག་བཤེར་སྐབས༧་གོང་ས་མཆོག་གི་སྐུ་པར་བཅས་ཐོན་པའི་གནས་ཚུལ་ཙམ་ལས་འཛིན་བཟུང་བྱེད་དགོས་པའི་ཞིབ་ཕྲའི་ཁ་གསལ་ཤེས་རྟོག་ཐུབ་ཀྱི་མེད་པ་དང་ད་ལྟའི་ཆར་ས་གནས་གང་ཞིག་ཏུ་ཡོད་མེད་དང་གནས་སྟངས་སོགས་གང་ཡང་ཤེས་ཐབས་བྲལ་བ་ཞིག་རེད་འདུག

ཁོང་གིས་མུ་མཐུད་ནས་གསུངས་དོན། བསྟན་འཛིན་ཆོས་འཕེལ་ལགས་ནི་རྒྱུན་དུ་བོད་རིགས་ལ་རྒྱ་ཅན་ཞིག་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བོད་མི་ཉམས་ཐང་ལ་རོགས་སྐྱོར་དང་། བོད་ཀྱི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་གང་ཞིག་ཡོད་ཀྱང་དེར་དཔལ་འབྱོར་གྱི་ཞལ་འདེབས་འབུལ་བ་དང་། བོད་མི་ནང་ཁུལ་ལ་མཐུན་སྒྲིལ་སོགས་ཀྱི་ཆེད་དུ་ལྷག་བསམ་གྱི་ལས་ཀ་མང་པོ་བྱས་མྱོང་བ་ཞིག་དང་། ལྷག་པར་དུ་ལོ་ཤས་སྔོན་ནས་ནག་ཆུ་བྱི་ནགས་འཁོར་གསུམ་རྒྱུད་ཀྱི་གཏེར་ཆུ་དང་གཏེར་ཁ་སོགས་ལ་སྲུང་སྐྱོབ་ཆེད་དུ་རྫོང་དང་། ལྗོངས་རིམ་པ་རྒྱུད་ནས་གནས་རི་དང་། གནས་ས་མང་པོ་ཞིག་རྒྱ་ནག་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཡིག་ཆ་བཞག་པ་དང་ལོ་རྒྱུས་ཀྱི་རྡོ་རིང་སློང་བ་སོགས་ཀྱི་ལས་གཞིའི་ཐད་ལའང་དཔལ་འབྱོར་གྱི་འགྲོ་སོང་མང་པོ་གཏོང་མྱོང་བ་ཞིག་རེད་།

སྤྱིར་རྒྱ་གཞུང་གི་འཛིན་བཟུང་བྱས་པའི་བོད་མི་རྣམས་གནས་ཚུལ་ཐག་གཅོད་མ་བྱུང་གོང་ལ་རང་དགར་མནར་གཅོད་འོག་རྒྱུན་རིང་མར་བཀག་ཉར་བྱ་བཞིན་ཡོད་པ་དང་། དཔེར་ན་དེ་སྔོན་ཕྱི་ལོ་༢༠༡༥ ལོར་ནག་ཆུ་ཤག་རོང་པོ་དགོན་གྱི་གྲྭ་ངག་དབང་རྒྱལ་མཚན་ལགས་ཀྱང་རྒྱ་གཞུང་གི་གསང་སྟབས་ཀྱི་འཛིན་བཟུང་བྱས་ནས་ཁྲིམས་ཐག་སོགས་གང་ཡང་མ་བཅད་པར་རྒྱུན་རིང་བཀག་ཉར་འོག་བཞག་ཏེ་སྡུག་སྦྱོང་བཏང་བ་དང་མཐར་ལྷ་སའི་ཉེ་ཁུལ་གྲ་བཞི་བཙོ་ཁང་དུ་ལོ་བཞི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག བསྟན་འཛིན་ཆོས་འཕེལ་ལགས་ཀྱང་གནས་ཚུལ་དེ་འདྲའི་འོག་རྒྱུན་རིང་སྡུག་པོ་གཏང་མ་ཡོང་ངམ་སྙམ་པའི་འབྲེལ་ཡོད་ཚོས་སེམས་ཁྲལ་བྱེད་ཀྱི་ཡོད་འདུག ཅེས་འབྲེལ་བརྗོད་གནང་སོང་།

བསྟན་འཛིན་ཆོས་འཕེལ་ལགས་ནི་ད་ལྟའི་ཆར་ལོ་ན་༤༠་ཡིན་པ་དང་། ནག་ཆུ་གྲོང་ཁྱེར་དུ་གཏན་སྡོད་བྱེད་ བཞིན་ཡོད་པ་དང་། ཁོང་ལ་བཟའ་ཟླ་དང་བུ་ཕྲུག་མེད་པར་རྒྱུན་དུ་ཚོང་ལས་གཉེར་མཁན་ཞིག་རེད་འདུག