18
Thu, Apr

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ནི། རྨ་ལྷོ་རྩེ་ཁོག་རྫོང་དགོན་ཤུལ་སྒར་བ་ནས་སྐྱེས་ཏེ་ཆུང་དུས་ནས་འགར་རྩེ་དགོན་པའི་ཆོས་སྒོར་ཞུགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༠༥ ཉིན་སྤེལ། འདི་ཟླའི་ཕྱི་ཚེས་ ༤ ཉིན། ཕྱི་ལོ་༢༠༡༣ལོར་<<བཙན་པོའི་སྙིང་སྟོབས>>ཀྱི་རྩོམ་པ་པོ་གྲྭ་འགར་རྩེ་འཇིགས་མེད་ལགས་ཀྱི་བཙོན་འཇུག་དུས་ཡུན་ལོ་ ༥ རྫོགས་ཏེ་གློད་གྲོལ་བཏང་ཡོད་འདུག

དེ་ཡང་འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིག་ན། འདི་ཟླའི་ཕྱི་ཚེས་ ༤ ཉིན། གྲྭ་མགར་རྩེ་འཇིགས་མེད་ལགས་བཙོན་གྲོལ་བཏང་ཡོད་པའི་གནས་ཚུལ་འབྱོར་སོང་།

འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་བརྗོད་དོན། "ཁོང་རང་བཙོན་གྲོལ་ཐོབ་ཡོད་ཀྱང་། ལོ་གཅིག་གི་རིང་ལ་ཕྱིར་དགོན་པའི་ནང་དུ་ཡོང་མི་ཆོག་པ་དང་ཚོགས་སྡེ་ཁག་ལ་གཏམ་བཤད་གནང་གི་སོང་མི་ཆོག་པ། ཆབ་སྲིད་བསྐོར་གྱིས་ལས་ཀ་སོགས་ལས་མི་ཆོག་པར། རྩེ་ཁོག་རྫོང་དང་རྡོ་དཀར་ཡུལ་ཚོ་གཉིས་ཀྱི་ནང་ནས་རྩ་འཛུགས་ཀྱིས་མི་ལྔ་ཙམ་བཏང་ནས་ལྟ་རྟོགས་བྱེད་བཞིན་འདུག་ཟེར། དེ་མིན་ཁ་སང་དེ་རིང་ལ་ཚང་མའི་སྐད་འཕྲིན་སོགས་ཀྱི་བར་སྟོང་དུ་ཁོང་གི་པར་སོགས་བཞག་ཡོད་པ་དེ་དག་ཀྱང་བཞག་མི་ཆོག་པའི་བཀའ་ཡང་བཏང་ཡོད་འདུག” ཅེས་དང་།

ཡང་མུ་མཐུད་དུ་འབྲེལ་ཡོད་གནས་ཚུལ་བརྗོད་པར། “ཕྱི་ཚེས་ ༤ ཉིན་སྣེ་ལེན་བྱེད་དུ་སོང་དུས་སྔ་བོ་ཡིན་མོད། ཟི་ལིང་ནས་ཡིག་ཆ་དང་མཁས་ལེན་ཁག་འཁུར་སོགས་བྱས་བཅུག་སྟེ་དགོང་མོ་དུས་ཚོད་བདུན་ཙམ་ལ་མ་གཏོགས་ཁོང་ཕྱིར་ནང་དུ་སླེབས་ཐུབ་མ་སོང་། སྤྱིར་ང་ཚོའི་ཕ་ཡུལ་གྱི་ལམ་ཁ་ནི་རྡོ་དཀར་ཡུལ་ཚོ་ནས་རེབ་གོང་དང་དེ་ནས་ཟི་ལིང་ལ་སོང་ན་ལམ་ཁ་སྟབས་བདེ་ཡིན་མོད། ཁ་སང་ང་ཚོ་ལ་ལམ་དེ་ནས་ཡོང་གི་མ་བཅུགས་པར་ཁྲི་ཀ་རུ་བསྐོར་ནས་ཡོང་དགོས་འཁེལ་སོང་། ཁོ་རང་གི་གཟུགས་པོའི་གནས་སྟངས་སོགས་ཡག་པོ་འདུག་མོད་ལུས་པོ་སྐྱོ་བོ་ཆགས་འདུག” ཅེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་འབྲེལ་ཡོད་ཅིག་གིས་བརྗོད་པར། “མགར་རྩེ་མཇིགས་མེད་ལགས་ནི་ཏོ་པ་བཙོན་ཁང་(多巴监狱) ནས་གློལ་གྲོལ་བཏང་ཡོད་པ་དང་། མགར་རྩེ་འཇིགས་མེད་ལགས་ཀྱིས་གསུངས་པ་ལྟར། ‘བཙོན་ཁང་དེར་བཙོན་པ་ ༦༠༠༠ ལྷག་འདུག་ལ། ཨེ་ཛི་ནད་པ་ཡང་ཁ་ཤས་ཡོད་པ་དང་། བཙོན་ཁང་གི་ལས་ཀ་ནི།
 མཛེར་མ་ར་མགོ་བཟོ་བ།  གྱོན་ཆས་བཟོ་བ། ལྒོག་པའི་པགས་པ་བཤུ་བ། སྐྲ་རྫུན་བཟོ་བ་སོགས་ཀྱི་ཤུགས་ལས་བྱེད་དགོས་ཀྱི་འདུག’ བརྗོད་སོང་།” ཅེས་འགྲེལ་བརྗོད་གནང་སོང་།

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ནི། རྨ་ལྷོ་རྩེ་ཁོག་རྫོང་དགོན་ཤུལ་སྒར་བ་ནས་སྐྱེས་ཏེ་ཆུང་དུས་ནས་འགར་རྩེ་དགོན་པའི་ཆོས་སྒོར་ཞུགས། སྔ་ཕྱིར་<<གྲྭ་བ་པི་ཝང་ཅན་>>དང་<<ངུར་སྨྲིག་འཚོ་བའི་ཀློང་གི་ཕྱི་མིག>> <<བཙན་པོའི་སྙིང་སྟོབས>>་སོགས་དཔེ་དེབ་དང་རྩོམ་ཡིག་བརྒྱ་ལྷག་བོད་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་བཀོད་མྱོང་ཞིང་། སློབ་གྲྭ་དང་དགོན་སྡེ་སོགས་སུ་གསུང་བཤད་མང་པོ་གནང་ཡོད་པ་བཅས།།