19
Fri, Apr

རྒྱལ་གཅེས་དཔའ་མོ་དགུང་ལོ་ ༥༡ ལ་ཕེབས་ཡོད་པའི་བཙུན་མ་ངག་དབང་མཚོ་མོ་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༠༢ཉིན་སྤེལ། འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་དོན། རྒྱལ་གཅེས་དཔའ་མོ་དགུང་ལོ་ ༥༡ ལ་ཕེབས་ཡོད་པའི་བཙུན་མ་ངག་དབང་མཚོ་མོ་ལགས་གློ་བུར་དུ་སྐུ་གཤེགས་པའི་གནས་ཚུལ་འབྱོར་སོང་།

དེ་ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན།
སྤྱི་ལོ་ ༡༩༩༣ ལོར་རྒྱ་གཞུང་གི་སྲིད་བྱུས་སྤྱི་དང་། ལྷག་པར་བོད་རང་དབང་སླར་གསོའི་ཆེད་བོད་ཀྱི་རྒྱལ་ས་ལྷ་སའི་དཔའ་བོའི་ཁྲོམ་ལམ་བར་བསྐོར་དུ་རོགས་པ་འགའ་ཤས་དང་མཉམ་དུ་ཞི་བའི་ངོ་རྒོལ་སྐད་འབོད་ཁྲོམ་བསྐོར་བྱས་སྟབས། སྐབས་དེ་རང་ལ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གི་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཡོད་པའི་རྒུར་ཚ་བཙོན་ཁང་ནང་བཙོན་བཅུག་བྱས། འཛིན་བཟུང་དང་བཙོན་བཅུག་བྱས་པའི་བརྒྱུད་རིམ་ནང་ཉེས་བརྡུང་ཚད་མེད་བཏང་བ་ནི་བརྗོད་ག་ལ་དགོས།

དེ་ནས་རྒུར་ཚ་བཙོན་ཁང་དུ་བསླེབས་ནས་རིང་པོར་མ་ཕྱིན་པར་རྒྱ་གཞུང་ཁྲིམས་ཁང་ནས་ཁྲིམས་རྩོད་པ་ལྟ་ཅི་ཁྲིམས་ཀྱི་རྒྱུད་རིམ་ཆ་ཚང་མེད་པའི་སྒོ་ནས་ཕྱི་ཚུལ་ཙམ་གྱི་ཁྲིམས་གཤེར་བྱས་ཏེ་ལོ་བདུན་གྱི་དུས་བཀག་བཙོན་བཅུག་གི་ཉེས་ཆད་བཏང་ནས་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་སྤོ་སྐྱེལ་བྱས། གྲྭ་བཞི་བཙོན་ཁང་ནང་ལོ་བདུན་བཞུགས་རིང་ཆབ་སྲིད་བཙོན་པ་སྤྱི་མཚུངས་ལྟར་བསམ་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་མྱང་དགོས་བྱུང་བའི་ལོ་རྒྱུས་བརྗོད་ཀྱི་མི་ལངས།

ལྷག་པར་སྤྱི་ལོ་ ༡༩༩༨ ལོའི་ནང་གྲྭ་བཞི་བཙོན་ཁང་དུ་རྒྱ་དམར་གྱི་རྒྱལ་དར་སྒྲེང་འཛུགས་དང་། རྒྱལ་གླུ་བཏང་རྒྱུའི་བྱ་འགུལ་སྤེལ་བར་སྐབས་དེའི་ཆབ་སྲིད་བཙོན་པ་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་གཞུང་གི་བྱེད་སྟངས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་ལས་འགུལ་དེར་མ་ཞུགས་པ་མ་ཟད། བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་པར་རྒྱ་གཞུང་ཉེན་རྟོག་པས་མེ་མདའ་གང་བྱུང་བརྒྱབ་ནས་རྒྱལ་གཅེས་པ་གཉིས་དམར་གསོད་དང་། མང་པོར་དམ་དྲགས་དང་། ཉེས་བརྡུང་མནར་གཅོད་ཚད་མེད་བཏང་བའི་དོན་རྐྱེན་ཆེན་པོ་ཞིག་བྱུང་བའི་སྐབས། རྒྱལ་གཅེས་དཔའ་མོ་ངག་དབང་མཚོ་མོ་ལགས་ཁོང་སྲོག་སྐྱོན་བྱུང་མེད་ཀྱང་དམྱལ་བ་མི་ཡུལ་དུ་ཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་རབས་དང་རིམ་པ་མང་པོ་མྱང་དགོས་བྱུང་།

མཐར་སྤྱི་ལོ་ ༢༠༠༠ ལོར་རྒྱལ་གཅེས་བཙུན་མ་ཁོང་ངག་དབང་མཚོ་མོ་ལགས་ཁོང་ལོ་བདུན་གྱི་དུས་བཀག་བཙོན་བཅུག་གི་ལོ་ཚད་རྫོགས་པར་བརྟེན་རྒྱ་གཞུང་གིས་བཙོན་གྲོལ་བཏང་། སྐབས་དེར་སྐུ་གཟུགས་ཕན་མེད་གཅོང་ཅན་དུ་འགྱུར་ཡང་བཙོན་ཁང་ལས་སྲོག་སྒོ་ཐོན་ཙམ་བྱུང་ནས་ཁྱིམ་དུ་སྒུག་བསྡད་པའི་ནང་མི་སྤུན་མཆེད་དང་ངོ་འཕྲད་བྱུང་བའི་གོ་སྐལ་བཟང་པོ་ཐོབ།

བཙོན་གྲོལ་རྗེས་ལ་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་བསགས་ནས་བཙོན་ཁང་ནང་བསྡད་མྱོང་བའི་མི་སྣ་ཞིག་སླར་ཡང་དགོན་པ་དང་། སློབ་གྲྭ། ལས་ཁུངས་ནང་འཛུལ་ཞུགས་མི་ཆོག་པ་བཟོས་ཡོད་ལ། སྤྱི་ཚོགས་ནང་ལས་ཀར་ཞུགས་རྒྱུར་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་བཞིན། སྐུ་གཤེགས་རྒྱལ་གཅེས་དཔའ་མོ་ཁོང་ཡང་བཙོན་གྲོལ་རྗེས་རང་དགོན་རྒྱ་ར་དགོན་པར་འཛུལ་ཞུགས་བྱེད་བཅུག་མེད་ལ། སྤྱི་ཚོགས་ནང་དཀའ་ངལ་སྣ་ཚོགས་ཤིག་ལ་གདོང་ལེན་གནང་ནས་ད་བར་འཚོ་ཐབས་ཆེད་དཀའ་ངལ་ཆེ་བའི་ལས་ཀ་མང་པོ་གནང་དགོས་བྱུང་།

མཐའ་དོན། རྒྱལ་གཅེས་དཔའ་མོ་ཁོང་འཚོ་ཐབས་ཆེད་སྡུག་ལས་སྣ་ཚོགས་བྱེད་མུས་སྔ་ལོའི་དབྱར་དུས་ཙམ་ནས་ལས་ཀ་བཞག་ནས་འཕན་པོའི་རི་ཁྲོད་ཅིག་ལ་བསྙེན་མཚམས་ལ་བཞུགས་པའི་སྐབས། གཅིག་ནས་དེ་སྔ་བཙོན་ཁང་ནས་དོན་དུས་ནས་གཟུགས་གཞི་གཅོང་ཅན་ཡིན་ཁར་སྨན་བཅོས་ཚད་ལྡན་བྱེད་ཐུབ་མེད་པ། གཉིས་ནས་སྐུ་གཟུགས་སྐྱོ་བའི་སྒང་ལ་གསོལ་ཆས་དཀར་ཟས་ཁོ་ནར་བསྟེན་ནས་བཞུགས་ཀྱི་ཡོད་པ། གསུམ་ནས་བཙོན་ཁང་ནང་བཞུགས་རིང་མགོ་ལ་ཟུག་གཟེར་བརྒྱབ་པ་དང་མགོ་ཡུ་འཁོར་བའི་ནད་གཞི་ཡོད་པ་དེ་བསྐྱར་ལོག་བྱུང་ནས་དུས་ཚོད་གང་ཙམ་སོང་ཡང་། ཚེ་དང་སྒྲུབ་པ་མཉམ་པའི་བསྙེན་སྒྲུབ་མཐའ་འཁྱོལ་སླད་སྨན་བཅོས་དུས་ཐོག་ལ་གནང་ཐུབ་མེད་པ་བཅས་ལ་བརྟེན་ཉིན་རེ་བཞིན་སྐུ་གཟུགས་ཇེ་སྡུག་ཇེ་ཞན་ལ་སོང་ནས་མཐར་སྤྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༧ ཉིན་སྨན་བཅོས་གནང་རོགས་ཞེས་འབོད་ཞུས་ནས་འཕན་པོ་རྫོང་སྨན་ཁང་ལ་བསྐྱལ་ཡང་སྟབས་མ་ལེགས་པར་སྨན་བཅོས་ཕྱིས་དྲགས་པའི་རྐྱེན་གྱིས་སྨན་ཁང་གི་སྒོ་འཛུལ་ནས་སྨན་བཅོས་བྱ་རྒྱུར་བསྒུག་བཞིན་པའི་སྐབས་སུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག སྐུ་གཤེགས་དུས་དགུང་གྲངས་ ༥༡ ལ་ཕེབས་ཡོད།

མདོར་ན། བོད་ཀྱི་རྒྱལ་གཅེས་ཆབ་སྲིད་བཙོན་པ་སྤྱི་མཚུངས་བཞིན་བཙུན་མ་ངག་དབང་མཚོ་མོ་ལགས་ཁོང་ཡང་མཛེས་སྡུག་ལྡན་པའི་མི་ཡུལ་འདིར། དཀའ་སྡུག་དང་། མནར་གཅོད། སྡུག་སྦྱོང་། མུན་ནག་གི་འཁྱོལ་དཀའ་བའི་ལོ་ཟླ་རིང་པོ་ཞིག་འགྲིམས་ནས་མཐར་ང་ཚོ་དང་དུས་གཏན་དུ་ཞལ་གྱེལ་ཞིང་། དམ་པ་ཁོང་བཏང་སྙོམ་དང་དྲང་བདེན་མེད་པའི་འཇིག་རྟེན་འདིར་ཡིད་ཐང་ཆད་པའི་སྒོ་ནས་རང་ཉིད་ལ་དབང་བའི་ཞིང་ཁམས་གཞན་བྱོན་ཟིན་ཡང་། ཁོང་གིས་བཞག་པའི་རླབས་ཆེ་བའི་མཛད་རྗེས་དང་། གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་རྡོ་རིང་དེ་དག་ང་ཚོའི་མི་རབས་ནས་མི་རབས་བར་དྲན་ངོས་སུ་ལྷ་ནེ་ལྷ་ངེར་གནས་ངེས་རེད།

རྒྱལ་གཅེས་དཔའ་མོ་ཁོང་ནི། སྤྱི་ལོ་ ༡༩༦༧ ལོར་དབུས་ཕྱོགས་འཕན་པོའི་གསུམ་འཕྲེང་ཤང་། རྟ་སྒ་གྲོང་ཚོར་སྐུ་འཁྲུངས། ཕ་མས་བཏགས་པའི་སྐྱ་མིང་ལ་བདེ་སྐྱིད་ཅེས་འབོད། ཁོང་ཆུང་དུས་ནས་འཕན་པོར་ཡོད་པའི་རྒྱ་ར་དགོན་པར་ཆོས་ཞུགས་བྱས་ཏེ་བསླབ་པ་སློབ་གཉེར་དང་། རང་གིས་ཁས་ལེན་པའི་དམ་སྡོམ་རྣམས་མིག་འབྲས་བཞིན་སྲུང་བཞིན་བཞུགས། ཅེས་འགྲེལ་གནང་སོང་བ་བཅས།།