19
Fri, Apr

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་པས་གསར་འགོད་པར་ལན་འདེབ་བཞིན་པ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༡༨ ཟླ་བ་ ༥ ཚེས་ ༡༥ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་མིང་བྱང་ལ་ <<ཨེ་ཤ་ཡའི་ཆུ་མཛོད་-བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་འཇིག་པའི་ཉེན་ཁ་།>>ཞེས་པའི་བོད་ཀྱི་ཁོར་ཡུག་སྐོར་གྱི་རྒྱ་ཡིག་གི་འཕྲུལ་དེབ་(E-Book)ཅིག་དབུ་འབྱེད་གནང་ཡོད་འདུག

དེ་ཡང་བོད་ཀྱི་ཁོར་ཡུག་སྐོར་གྱི་འཕྲུལ་དེབ་(E-Book)དེ་ནི་འཇར་མན་དུ་ཞུགས་མཁན་རྒྱ་རིགས་ཤེས་ཡོན་ཅན་ཝང་ཝེ་ལོ་(Wang Weiluo)ཡིས་ལོ་མང་རིང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་ཁོར་ཡུག་སྐོར་གྱི་ཞིབ་འཇུག་རྩོམ་ཡིག་གྲངས་ ༤༥ ཕྱོགས་སྒྲིག་བྱས་པ་ཞིག་ཡིན་ཞིང་། དེ་དག་གི་ནང་དོན་གཙོ་བོ་ནི། བོད་ཀྱི་ཁོར་ཡུག་ཉམས་ཆགས་འགྲོ་བཞིན་པ་དེ་ནི་བོད་དང་རྒྱ་ནག་ལ་ཉེན་ཁ་ཆེ་བ་མ་ཟད། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་སྐྱེ་རྒུ་ཀུན་གྱི་ཁོར་ཡུག་གི་ཐོབ་ཐང་དང་། འཚོ་གནས་ཀྱི་ཐོབ་ཐང་ལ་ཡང་ཧ་ཅང་ཉེན་ཚབས་ཆེན་པོ་འཕྲད་རྒྱུ་ཡིན་པའི་སྐོར་ཡིན། དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསར་འགོད་པ་ཚོར་གསུང་དོན། ཁོར་ཡུག་གི་གནད་དོན་ལ་ཆེད་མཁས་རྒྱ་རིགས་ཤེས་ཡོན་ཅན་སྐུ་ཞབས་ཝང་གིས་བྲིས་པའི་རྩོམ་ཡིག་རྣམས་སྐུ་ཚབ་དོན་གཅོད་ཁང་ནས་ཕྱོགས་སྒྲིག་གིས་དེང་དུས་འཕྲུལ་དེབ་(E-Book)ལམ་ནས་འགྲེམས་སྤེལ་གནང་དགོས་པའི་རྒྱུ་མཚན་ནི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་གལ་ཆེའི་རང་བཞིན་དང་། བོད་ཀྱི་ཁོར་ཡུག་ཉམས་ཆགས་ཕྱིན་ན། བོད་ཙམ་མ་ཟད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་འཚོ་གནས་བྱེད་བཞིན་པའི་མི་འབོར་དུང་ཕྱུར་མང་པོར་གནོད་སྐྱོན་ཡོང་རྒྱུ་ཡིན་པ་ཤེས་པ་བཟོ་ཐབས་ཆེད་རྩོམ་ཡིག་རྣམས་བསྡུ་རུབ་ཀྱིས་གང་སར་ཁྱབ་བདེ་བའི་སླད་འཕྲུལ་དེབ་(E-Book)འདི་ཕྱོགས་སྒྲིག་འགྲེམས་སྤེལ་ཞུས་པ་ཡིན་ཅེས་གསུངས་ཡོད། འཕྲུལ་དེབ་(E-Book)འདིའི་ནང་རྩོམ་ཡིག་གྲངས་ ༤༥ བསྡུ་རུབ་ཕྱོགས་སྒྲིག་བྱས་པར་ཁྱོན་བསྡོམས་ཤོག་གྲངས་ ༣༤༤ ཡོད་ཅིང་། འགོ་བརྗོད་དུ་ <<བོད་ལ་མཚོན་ན། ཛ་དྲག་ཆེ་ཤོས་ཀྱི་གནད་དོན་གང་ཡིན་ནམ།>>ཞེས་འཁོད་པའི་སྐུ་ཞབས་ཝང་གི་རྩོམ་ཡིག་ནང་།

“བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་དབྱིང་རྗལ་ (Wu Yingjie )གྱིས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱས་ནས་ཡུན་རིང་སྤྱི་ཚོགས་བརྟན་ལྷིང་ཡོང་བ་བྱ་རྒྱུར་བོད་ཀྱི་གནད་དོན་དེ་ནི་ཛ་དྲག་ཆེ་ཤོས་ཀྱི་གནད་དོན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། སྐུ་ཞབས་ཝང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་བོད་ཀྱི་ཛ་དྲག་ཆེ་ཤོས་ཀྱི་གནད་དོན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།” ཅེས་གསུང་ཡོད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་འཕྲུལ་དེབ་(E-Book)འགྲེམས་སྤེལ་གྱི་གསལ་བཤད་ནང་། “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་བོད་མི་རིགས་འཚོ་གནས་དང་འབྲེལ་བ་ཆགས་ཡོད་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་ཡང་འབྲེལ་བ་ཆགས་ཡོད། འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་འཁྱག་རོམ་ནི་གོ་ལ་འདིའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་ཅིང་། བོད་ནི་ཨེ་ཤ་ཡའི་གལ་ཆེའི་ཆུ་བོ་ཁག་གི་འབྱུང་ཁུངས་ཡིན། འབྲི་ཆུ་དང་རྨ་ཆུ་ནི་རྒྱ་ནག་མི་དམངས་དུང་ཕྱུར་མང་པོ་འཚོ་ཞིང་རྟེན་སའི་ཆུ་བོ་ཡིན་པ་དང་། གལ་ཆེའི་ཆུ་བོ་དེ་གཉིས་ཀྱི་འབྱུང་ཁུངས་ཡང་བོད་ཡིན། རྒྱ་རིགས་ཤེས་ཡོན་ཅན་སྐུ་ཞབས་ཝང་གིས་ལོ་མང་རིང་ཁོར་ཡུག་གི་གནད་དོན་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ལ་ཐུགས་སྣང་དང་ཞིབ་འཇུག་གཏིང་ཟབ་གནང་སྟེ། རྩོམ་ཡིག་གི་ལམ་ནས་བོད་ཀྱི་ཁོར་ཡུག་ལ་འཕྲད་པའི་ཉེན་ཚབས་ཀྱི་གནད་དོན་གསལ་འདོན་གནང་བ་འདིས་རྒྱ་མི་རིགས་ཁྲོད་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་ཡོང་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་ཡོད། གོ་སྐབས་འདི་བརྒྱུད་སྐུ་ཞབས་ཝང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོང་གི་རྩོམ་ཡིག་ཕྱོགས་སྒྲིག་གིས་འཕྲུལ་དེབ་(E-Book)འདོན་ཐུབ་པར་དགའ་པོ་བྱུང་། འཕྲུལ་དེབ་(E-Book)སྒྲིག་སྦྱོར་ལས་དོན་ཐོག་ལག་རྩལ་གྱི་རོགས་པ་གནང་མཁན་རྒྱ་རིགས་སྐུ་ཞབས་སྦའེ་ཕུང་ Bei Feng དང་། ཤའོ་ཤའོ་ Xiaoxiao གཉིས་ལ་ཡང་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞེས་གསུང་ཡོད།

རྒྱ་རིགས་ཤེས་ཡོན་ཅན་སྐུ་ཞབས་ཝང་ཝེ་ལོ་(Wang Weiluo)ནི་འཇར་མན་དུ་བཅའ་ཞུགས་གནང་ཞིང་། དེ་སྔ་རྒྱ་ནག་ནན་ཅིན་སློབ་གྲྭ་ཆེན་མོའི་ས་གཤིས་རིག་པའི་ཚན་ཁག་ཏུ་སློབ་སྦྱོང་གནང་བ་དང་ཕྱིས་སུ་སློབ་གྲྭ་དེར་དགེ་རྒན་གནང་ཡོད་པ་མ་ཟད། འབྲི་ཆུ་འགག་གསུམ་(Yangtze River Three Gorges)གྱི་ལས་འཆར་དང་འབྲེལ་བའི་ལས་དོན་ནང་ཞུགས་མྱོང་ལ་ཆུའི་འབྱུང་ཁུངས་དང་འབྲེལ་ནས་ཁོར་ཡུག་གི་སྐོར་སྤྱི་དང་། ཡང་སྒོས་བོད་ཀྱི་ཁོར་ཡུག་གི་སྐོར་ལ་སྔ་རྗེས་སུ་ཞིབ་འཇུག་རྩོམ་ཡིག་མང་པོ་བྲིས་ཡོད། སྐུ་ཞབས་ཝང་གིས་ཁ་ས་ཟླ་བ་ ༥ ཚེས་ ༡༤ ཉིན་འདི་ག་དོན་གཅོད་ཁང་དུ་ཕྱག་བྲིས་ཤིག་གནང་བའི་ནང་འཁོད་དོན། གུས་པས་ལོ་མང་རིང་བྲིས་པའི་བོད་ཀྱི་ཁོར་ཡུག་སྐོར་གྱི་རྩོམ་ཡིག་རྣམས་ཕྱོགས་སྒྲིག་གིས་ཐའེ་པེ་དུ་ཡོད་པའི་གངས་ལྗོངས་དཔར་སྐྲུན་ཁང་གིས་དེབ་གཟུགས་པར་སྐྲུན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྔོན་གླེང་གནང་བ་ནི་ང་རང་གི་གཟི་བརྗིད་ཡིན་པས། ༸གོང་ས་མཆོག་ལ་དེ་བས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ད་ལམ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་གུས་པའི་རྩོམ་ཡིག་རྣམས་ལྟ་བདེའི་འཕྲུལ་དེབ་(E-Book)ཀྱི་ལམ་ནས་ཕྱོགས་སྒྲིག་འགྲེམས་སྤེལ་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས། རྒྱ་རིགས་གཅེན་གཅུང་རྣམས་ལ་ཞུ་རྒྱུར། བོད་མི་ཚོས་རང་གི་ཚེ་སྲོག་ལ་བརྟེན་ནས་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྙིང་སྟོབས་ལ་རྒྱ་རིགས་ཚོས་སློབ་སྦྱོང་བྱེད་དགོས།

རྒྱ་རིགས་གཅེན་གཅུང་ཚང་མས་མཁྱེན་གསལ་ལྟར་བོད་ཀྱི་གཟི་རྩ་སྡེ་དགུ་ནི་ཧ་ཅང་གི་མཛེས་སྡུག་ལྡན་པའི་ས་ཁུལ་ཞིག་ཡིན། འོན་ཀྱང་གཟི་རྩ་སྡེ་དགུ་ནི་བོད་པ་ཚོས་རང་གི་ཚེ་སྲོག་ལ་བརྟེན་ནས་སྲུང་སྐྱོབ་བྱས་པ་ཞིག་ཡིན་པ་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། གལ་སྲིད་བོད་མི་ཚོའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་མེད་ན། དེང་སང་གི་གཟི་རྩ་སྡེ་དགུ་ཡོང་ཐབས་མེད། གུས་པས་དེ་སྔ་འབྲི་ཆུ་འགག་གསུམ་གྱི་ལས་གྲྭར་ཞིབ་འཇུག་བྱེད་སྐབས་འབྲི་ཆུ་སོགས་བོད་མཐོ་སྒང་གི་ཆུ་གློག་སྔོག་སྤེལ་ལ་རང་བཞིན་གྱིས་ཞིབ་འཇུག་མི་བྱེད་ཀ་མེད་རེད། བོད་མཐོ་སྒང་ནི་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་ཚབས་ཆེ་ཤོས་ཕོག་ཡུལ་གྱི་ས་ཁུལ་ཞིག་ཡིན། བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཆེད་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་དབུ་མའི་ལམ་གྱི་དགོངས་འཆར་འདོན་གནང་མཛད་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་ནས་ཞལ་གྱེས་ཏེ་ལོ་ ༥༩ འགྲོ་གི་ཡོད་པ་དང་། མི་ལོ་ལྔ་བཅུ་ང་དགུའི་ནང་ཆོས་ཀྱི་དབུ་ཁྲིད་སྐུ་ན་གཞོན་གཞོན་དེ་དེང་སང་སྙན་གྲགས་ཆེ་བའི་འཛམ་གླིང་གི་ཆོས་ཕྱོགས་དབུ་ཁྲིད་ཅིག་ལ་གྱུར་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ཆགས་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་ཡུལ་གངས་ཅན་ལྗོངས་ཀྱི་ལྷ་ཁང་དང་མཆོད་ཁང་། རི་དང་ཆུ། དེ་བཞིན་གངས་ལྗོངས་སུ་གནས་པའི་གངས་ཅན་པ་རྣམས་ཉིན་མཚན་ཀུན་དུ་ཐུགས་དྲན་གསོ་མཛད་བཞིན་ཡོད་པ་དེ་ངས་གསལ་པོ་ཤེས་ཀྱི་འདུག ངས། བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ནི་ཆབ་སྲིད་པའི་རྣམ་དཔྱོད་དང་། ལོ་རྒྱུས་ཀྱིས་སྤྲད་པའི་གོ་སྐབས་ལ་རག་ལུས་ཡོད་པ་དང་། དེ་གཉིས་ཡ་མ་བྲལ་བ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་རི་བོ་རྩེ་ལྔར་ཕེབས་ནས་ཆོས་འབྲེལ་གནང་རྒྱུ་དང་། ལྷ་སར་ཕེབས་ནས་བོད་མི་མང་དང་མཇལ་ཐུབ་པའི་རེ་སྨོན་མངོན་འགྱུར་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་འདུག