18
Wed, Sep

བརྩེ་དུང།

བརྩེ་དུང༌།
Typography

གྱེས་བྲལ་གདུང་བ་ལྕི་མོའི་ཕྱག་རྒྱ་ཞིག་འཇོག་དུས། ། རང་སེམས་སྡུག་གིས་མནན་པས་འཁུན་སྒྲ་ཞིག་ཤོེར་སོང་། ། དབང་མེད་སྙིང་གི་དཀྱིལ་ནས་འཕག་ཚག་ཞིག་བརྒྱབས་ཏེ། ། ཁྱེད་དང་བྲལ་དགོས་བྱུང་བའི་ལོ་ཟླ་དེ་དྲན་ཡོད། །

ཁྱེད་རང་ང་ལ་དགའ་བའི་སེམས་པ་ཞིག་ཡོད་ན། །
ང་ནི་ཁྱེད་དང་འབྲལ་མེད་གཏན་ཚིགས་ཀྱི་མདུད་པ། །
མི་འགྱུར་རྡོ་རྗེ་བྲག་རྫོང་མཐུག་པོ་ཞིག་བཞེངས་ཏེ། །
ཀྱག་ཀྱོག་བགྲོད་ལམ་རིང་མོ་དགའ་སྐྱིད་ཀྱིས་འཚོ་ཆོག །

མི་སེམས་མི་ཡིས་མི་རྟོགས་ཚོད་བགམ་ཞིག་བྱས་ན། །
ཁྱེད་རང་ང་ལ་དགའ་བའི་ཚོར་སྣང་གི་རི་མོ། །
མ་བཅོས་ཆུ་ཟླ་འཆར་འདྲའི་ཉམས་འགྱུར་ཞིག་མངོན་པས། །
ཡིད་མཐུན་ཁྱེད་ཉིད་དྲན་པས་མིག་ཆུ་ཞིག་ཤོར་ཐལ། །

བསླུ་བྲིད་རྫུན་ཚིག་བསྒྲིགས་པའི་བརྩེ་དུང་གི་དྲ་རྒྱར། །
ཞེ་གཏིང་སྙིང་ནས་མི་དགའ་ང་རང་གི་རང་གཤིས། །
དངོས་བདེན་འོ་ཇ་མངར་མོའི་བརྩེ་བ་ཞིག་འཚོལ་གྱིན། །
ཁྱེད་ལ་ཁ་པར་བཏང་བ་བགྲང་ཚོད་ཅིག་ཟིན་དཀའ། །

ཅང་མེད་ཁེར་རྐྱང་ང་ལ་འབྱོར་ཕྱུག་གིས་སྟོང་ཞིང་། །
འཁྱམ་པོ་བདག་མེད་ང་ལ་ཕོ་རྒོད་ཅིག་མེད་ཀྱང་། །
ཁྱེད་ལ་དགའ་ཞེན་ཆེ་བའི་འདོད་དོན་དེ་འགྲུབ་ན། །
འཇིག་རྟེན་དངུལ་གྱིས་གང་ཡང་དགོས་དོན་ཞིག་མི་འདུག །

དང་ཐོག་ཁྱེད་དང་འཕྲད་པའི་འཛུམ་མདངས་ཀྱི་ཞལ་རས། །
དེ་རིང་ཁེར་རྐྱང་འཚོ་བའི་ཁང་སྟོང་གི་ནང་དུ། །
སུན་སྣང་མུན་པ་ནག་པོ་གྱོན་གོས་སུ་བྱས་ཏེ། །
ཡིད་ལ་ཡང་ཡང་དྲན་པས་འགོག་ཐབས་ཤིག་མི་འདུག །

ཁ་པར་ཏིར་ཏིར་གྲག་པའི་སྐད་སྒྲ་ཞིག་གོ་དུས། །
ལག་ཟུང་སྤྲང་ལག་ཞིག་ལྟར་འདུག་ཚོད་ཅིག་མེད་ཀི །
ཁྱེད་ཉིད་ཨེ་ཡིན་བསམ་པས་དངངས་འཚབ་དང་ལྷན་དུ། །
ཆུ་ཚོད་འཁོར་ལོའི་རྐང་འགྲོས་ཁྱེད་ཉིད་ལ་བླན་ཡོད། །

ཁ་པར་གཏོང་བར་སྒོར་མོའི་འགྲོ་སོང་དེ་ཆེ་ཡང་། །
ཅང་མེད་སྤྲང་ཕྲུག་ང་ཡིས་རྒྱུ་ནོར་ལ་མ་བསམ། །
གང་ཡོད་དངུལ་ལོ་དེ་ཚོ་ཁ་པར་དུ་བླུགས་ནས། །
སྙིང་གཏམ་བདུད་རྩི་མངར་མོ་ཁྱེད་ཕྱོགས་སུ་བསྐུར་ཡོད། །

དོན་དམ་ཁྱེད་ཉིད་ང་ལ་སེམས་གཏིང་ནས་དགའ་ན། །
དྲང་མོའི་ཚིག་གི་ཕྲེང་བ་མགྲིན་པ་ལ་བརྒྱུས་ཏེ། །
གང་ཤར་འདོད་འཇོ་བཞིན་དུ་སྙིང་གཏམ་རེ་ཤོད་དང་། །
འདོད་དོན་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ་ཞིག་ལོས་ཡོད། །

དགའ་ཡང་བརྗོད་པ་མ་སྤོབས་ཁྱེད་ཉིད་ཀྱི་སྡུག་བསྔལ། །
བརྗོད་ཀྱང་ངོས་ལེན་མེད་པ་ང་རང་གི་སྡུག་བསྔལ། །
དོན་མེད་སྡུག་གི་སྡུག་ལ་སྦྱོར་རེས་ཤིག་བྱས་ཏེ། །
འདི་ལྟར་འདུག་དགོས་བྱུང་བ་ལས་འབྲས་ཤིག་ཡིན་ནམ། །

གློ་སྙིང་བྲང་ལ་སིམ་པ་ཁྱེད་ཉིད་ལས་གཞན་མིན། །
བརྩེ་དུང་རྣལ་མ་བཅིངས་ས་ཁྱེད་ཉིད་དུ་ངེས་ཡོད། །
བློ་གཏད་སེམས་རྩ་བླན་ས་ཁྱེད་རང་ལས་མེད་པས། །
འགོག་མེད་ཚིག་གི་ཕྲེང་བ་དབང་མེད་དུ་ཤོར་ཐལ། །

མི་ཚེ་ཐུང་ཐུང་ནམ་འཆི་ངེས་མེད་འདི་བསམས་ན། །
རང་སེམས་དགའ་སའི་མི་ལ་སྙིང་གཏམ་རེ་གླེང་གྱིན། །
འཇིག་རྟེན་མཐུན་འཇུག་འདོད་པའི་རྩེ་དགའ་ལ་རོལ་ཏེ། །
མི་ལུས་རིན་ཆེན་འདི་ཡང་དོན་ལྡན་ཞིག་བྱེད་འདོད། །

བོད་ཀྱི་ལོ་རྒྱུས་ཡིག་ཆ།