19
Fri, Apr

མིའི་ཀླད་པ། པར། བརྒྱུད་ལམ།

ཚན་རིག་ཤེས་བྱ།
ཡིག་གཟུགས་སྒྲིག་ཆས།

ཀླད་པ་ནི་གཟུགས་པོ་ནང་གི་མ་ལག་གཙོ་ཆེ་ཤོས་དེ་ཡིན། ཀླད་པས་ཁྱོད་ཀྱི་གཟུགས་པོ་ནང་གི་ཕྲ་ཕུང་འབུམ་ཕྲག་བརྒྱ་ལྷག་ལ་སྟངས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། ང་ཚོའི་གོམས་གཤིས་ངན་པ་ཁག་ཅིག་གིས་ཀླད་པའི་ལས་ཀ་ཏག་ཏག་བྱེད་པར་གནོད་སྐྱོན་གཏོང་གི་ཡོད་པ་དང་། ཀླད་པར་ན་ཚ་ཡང་བཟོ་ཡི་ཡོད། དེ་བཞིན་གློ་བུར་དུ་བྱུང་བའི་ན་ཚ་ཁྱད་མཚར་དེ་འདྲའི་རིགས་ཀྱང་འབྱུང་གི་ཡོད་འདུག དེར་བརྟེན། ང་ཚོས་ཀླད་པར་གནོད་པའི་གོམས་གཤིས་ངན་པ་དེ་ཚོ་སྤོང་དགོས།

དང་པོ། གྷོ་གྷུ་བེད་སྤྱོད་བཏང་ནས་ཀླད་པའི་བྱེད་ལས་ཉུང་དུ་གཏོང་བ།

དེང་སང་འཛམ་གླིང་མི་མང་གིས་གྷོ་གྷུ་བེད་སྤྱོད་བཏང་ནས་ཡོད་ཚད་གྷོ་གྷུ་ནས་རེག་ཀྱི་ཡོད། དེ་འདྲ་བྱས་ནས་ང་ཚོའི་ཀླད་པའི་ལས་ཀ་ཉུང་དུ་གཏོང་གི་ཡོད། སྔོན་མར་གློག་ཀླད་དང་ཁ་པར་སོགས་མེད་པས་མི་ཚོས་ཀླད་པ་བེད་སྤྱོད་མང་པོ་གཏོང་གི་ཡོད། འོན་ཀྱང་། དེང་སང་། འཕྲུལ་རིགས་ཡར་རྒྱས་ཕྱིན་ནས་གནས་ཚུལ་གང་ས་ནས་རེག་གི་ཡོད་པ་དང་། ང་ཚོས་གློག་ཀླད་དང་ཁ་པར་སོགས་ཀྱི་ནང་དུ་གནས་ཚུལ་གང་སར་ཉར་ཚགས་བྱེད་ཀྱི་ཡོད། དེར་བརྟེན། གྷོ་གྷུ་རྐྱེན་པས་ང་ཚོའི་ཀླད་པའི་བྱེད་ལས་ཉུང་དུ་གཏོང་གི་ཡོད།

གཉིས་པ། དངོས་སྟོན་བརྙན་འཕྲིན་མང་པོ་ལྟ་བ།

ཕྱི་རྒྱལ་ཁབ་ཁག་གི་ནང་དུ་དངོས་སྟོན་བརྙན་འཕྲིན་(Reality Show)ཁག་ཅིག་ནི་འཁྲུག་རྩོད་རྒྱག་པའི་ལྟད་མོ་དང་། བག་ཆགས་ངན་པའི་དངོས་སྟོན་ལྟད་མོ་རིགས། དགའ་རོགས་འཚོལ་བའི་བརྙན་འཕྲིན། གཞན། མི་ཁག་ཅིག་གིས་རང་ཉིད་ཀྱི་འཚོ་བའི་ཁྲོད་གང་བྱེད་ཀྱི་ཡོད་མེད་སོགས་ཉིན་རྟག་སྟོན་གྱི་ཡོད། དེ་དག་ནི་ཀླད་པར་ཕན་མེད་ཀྱི་ཁ་ལག་སྤྲོད་པ་བཞིན་ཡིན། ཟས་རིགས་ཁ་ཤས་ཀྱིས་ང་ཚོར་ན་ཚ་བཟོ་ཡི་ཡོད་པ་བཞིན། དངོས་སྟོན་བརྙན་འཕྲིན་ངན་པ་ཁག་ཅིག་གིས་ཀླད་པར་གནོད་སྐྱོན་གཏོང་གི་ཡོད། ཅེས་ཉི་ཧོང་སྨན་པ་མཱར་རི་སི་ཊར་གྱིས་བརྗོད་འདུག དེ་བཞིན་ཉི་ཧོང་ནང་དུ་དངོས་སྟོན་བརྙན་འཛིན་ལྟ་མཁན་གྱི་བྱིས་པའི་ཀླད་པར་བརྟག་དཔྱད་བྱས་ཡོད་ཅིང་། རྒྱུན་དུ་དངོས་སྟོན་བརྙན་འཕྲིན་ངན་པའི་རིགས་ལྟ་མཁན་ཚོར་རྣམ་དཔྱོད་ཉུང་བ་ཡོད་པ་མ་ཟད། བཙན་ཤུགས་ཅན་ཆགས་ཀྱི་ཡོད་པར་ར་སྤྲོད་བྱུང་འདུག

གསུམ་པ། སྐད་ཆ་ཉུང་ཉུང་འཆད་པའི་གོམས་གཤིས།

སྐད་ཆ་འཆད་པ་ནི་ཀླད་པར་ལུས་རྩལ་ཆགས་ཀྱི་ཡོད། སྐད་ཆ་བརྒྱུད་ནས་མི་གཞན་གྱི་ཚོར་བ་རང་ཉིད་ལ་སྤྲོད་པ་དང་། རང་ཉིད་ཀྱི་ཚོར་བ་གཞན་ལ་སྤྲོད་ཀྱི་ཡོད། རྒྱུན་དུ་མི་གཞན་དང་སྐད་ཆ་ཉུང་ཉུང་འཆད་མཁན་ནི་རྒྱག་པ་དང་ཚོར་བ་རྣོ་པོ་ཆགས་ཀྱི་ཡོད་འདུག ཁ་བརྡ་བྱེད་སྐབས། ཁྱོད་ཀྱིས་ཀླད་པར་རང་ཉིད་ཀྱི་བསམ་བློ་དང་ཚོར་བ་སྐད་ཡིག་ནང་དུ་བསྒྱུར་བའི་བཀའ་གཏོང་གི་ཡོད། དེ་ལྟར་བྱེད་པ་ནི་ཀླད་པ་ལུས་རྩལ་བྱེད་བཅུག་པ་དང་མཚུངས་ཤིང་ཀླད་པར་ཕན་ཐོགས་ཡོད་འདུག དེར་བརྟེན། སྐད་ཆ་ཉུང་ཉུང་འཆད་མཁན་ཚོས་སྐད་ཆ་མང་ཙམ་ཤོད་དགོས།

བཞི། ལས་ཀ་སྣ་མང་བྱེད་པར་བརྟེན་ཀླད་པར་སྐྱོན་ཤུགས་ཆེན་རྒྱག་གི་ཡོད།

མི་ཁག་ཅིག་གིས་དུས་གཅིག་ལ་ལས་ཀ་སྣ་མང་བྱེད་ཀྱི་ཡོད། དཔེར་ན། གློག་ཀླད་བེད་སྤྱོད་གཏོང་ཞོར་ཁ་པར་རྩེད་བ་སོགས་བྱེད་ཀྱི་ཡོད། དེ་ནི་ཀླད་པར་གནོད་པའི་རྒྱུ་ཞིག་ཡིན་འདུག ཨ་རི་སཱན་ཧྥི་རིན་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཚོས་བརྟག་དཔྱད་བརྒྱུད་ནས་ཤེས་རྟོགས་བྱུང་བར་ལྟར་ན། རྒྱུན་དུ་མི་ཞིག་གིས་ལས་ཀ་སྣ་མང་བྱེད་པར་བརྟེན་ནས་ཀླད་པ་འཕྲོག་བརླག་གཏོང་གི་ཡོད་པ་དང་། དྲན་ཤེས་ཀྱང་ཉམས་འགྲོ་ཡི་ཡོད་པར་ར་སྤྲོད་བྱུང་འདུག དེ་བཞིན་དབྱིན་ཇི་ཡོད་པའི་ལེན་ཏོན་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཚོས་ལས་ཀ་སྣ་མང་བྱེད་མཁན་ཚོའི་རྣམ་དཔྱོད་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ཡུན་རིང་པོ་ཕྱིན་རྗེས་ཀླད་པའང་འཕྲོ་བརླག་གཏོང་གི་ཡོད་པ་ར་སྤྲོད་བྱུང་འདུག

ལྔ་པ། ན་བཞིན་དུ་ལས་ཀར་གཉེར་བ།

ན་བཞིན་ལས་ཀ་མུ་མཐུད་ནས་བྱེད་པའི་དབང་གིས་ཀླད་པ་སྐྱོན་རྒྱག་གི་ཡོད། ན་སྐབས་ང་ཚོའི་ནུས་ཤུགས་མང་ཆེ་བ་གཟུགས་པོ་གསོ་ཐབས་ཀྱི་ཐོག་ལ་བེད་སྤྱོད་གཏོང་གི་ཡོད། འོན་ཀྱང་། ཨུ་ཚུགས་ཀྱིས་ལས་ཀ་བྱེད་པ་ནི་ཀླད་པ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་མ་ཟད། ནད་འགོག་མ་ལག་ཀྱང་སྐྱོ་རུ་གཏོང་གི་ཡོད་འདུག ད་དུང་ན་ཚ་གསར་པ་ན་བའི་ཉེན་ཁ་དང་། མིག་གིས་གསལ་བོ་མི་མཐོང་བ་ཆགས་ཀྱི་ཡོད་འདུག

དྲུག་པ། གཉིད་ཉལ་སྐབས་མགོ་བོ་ཉལ་ཆས་ཀྱིས་གཡོག་པའི་གོམས་གཤིས།

སྲོག་རླུང(Ocygen)་ནི་ཀླད་པར་གལ་ཆེན་པོ་ཡིན། ཁྱོད་ཀྱི་གློ་བས་སྲོག་རླུང་ག་ཚོད་ཉུང་བ་ལེན་ན། ཀླད་པས་བྱེད་ལས་ཉུང་བ་བྱེད་ཀྱི་ཡོད། རྒྱུན་དུ་གཉིད་ཁུག་སྐབས། གཉིད་ཆས་མགོ་མ་བསྟུམས་ན་ལེགས། ཉལ་ཆས་མགོ་བསྟུམས་ནས་གཉིད་ཁུག་ན་ཁྱོད་ཀྱིས་སྲོག་རླུང་ཉུང་བ་ལེན་གྱི་ཡོད་པ་དང་། ཞོགས་པ་ཡར་ལངས་སྐབས་རླུང་མང་པོ་ཞིག་ལེན་དགོས་ཀྱི་ཡོད་པས། དེའི་སྐབས། ནག་རྫས་འབར་རླངས་(carbon dioxide)་ཐེངས་གཅིག་ལ་ཤུགས་ཆེན་ལེན་པའི་ཉེན་ཁ་ཡོད། དེ་ནི་ཀླད་པ་འཕྲོ་བརླག་གཏོང་བའི་རྒྱུ་རྐྱེན་ཞིག་ཡིན།

བདུན་པ། ཞོགས་ཟས་མི་ཟ་བའི་གོམས་གཤིས།

ཞོགས་ཟས་ནི་ཉིན་གཅིག་གི་ཟ་མ་གལ་ཆེ་ཤོས་དེ་ཡིན། ཞོགས་ཟས་མི་ཟོས་ན་མི་དེ་རྒྱག་པ་ཆགས་ཀྱི་ཡོད་པ་མ་ཟད། ཀླད་པའང་སྐྱོན་རྒྱག་གི་ཡོད། གང་ཡིན་ཟེར་ན། ཞོགས་ཟས་མ་ཟོས་པར་བརྟེན་ནས་ཉིན་དགུང་དང་དགོང་ཟས་མང་པོ་ཟ་ཡི་ཡོད། དེས་འཇུ་བྱེད་མ་ལག་ལ་དཀའ་ངལ་བཟོ་ཡི་ཡོད་པ་མ་ཟད། ཀླད་པའང་གནོད་གྱི་ཡོད། ཉི་ཧོང་གི་ཉམས་ཞིབ་སྙན་ཐོ་ཞིག་གི་ནང་དུ། མི་གྲངས་༨༠༠༠༠་ལ་ཉམས་ཞིབ་བྱས་པ་བརྒྱུད། དེའི་ནང་ནས་མི་བརྒྱ་ཆ་༡༥་ཡི་ཞོགས་ཟས་ཟ་ཡི་མེད་པ་དང་། ཁོ་ཚོར་ཁྲག་ཤེད་མཐོ་བོ་ཡོད་པ་དང་གློ་བུར་དུ་བྱུང་བའི་ན་ཚ་ཁྱད་མཚར་འབྱུང་བའི་ཉེན་ཁ་ཡོད་འདུག

བརྒྱད་པ། ཆང་རག་འཐུང་བ་དང་ཐ་མག་འཐེན་པའི་གོམས་གཤིས།

དབྱིན་ལེན་སྨན་གྱི་དུས་དེབ་ཀྱི་ཉམས་ཞིབ་པས་ཆང་རག་ཚད་ཏག་ཏག་འཐུང་མཁན་ཚོའི་ཀླད་པར་ཤུགས་རྐྱེན་གང་སྤྲོད་ཀྱི་ཡོད་མེད་ཐོག་བརྟག་དཔྱད་བྱས་འདུག ཉམས་ཞིབ་ཀྱི་སྙན་ཐོའི་ནང་དུ། རང་ལོ་༣༠་ཡར་ནས་ཡིན་པའི་མི་གྲངས་ལྔ་བརྒྱ་ལ་བརྟག་དཔྱད་བྱས་ཡོད་པ་དང་། བདུན་ཕྲག་རེར་ཆང་རག་ཤེལ་ཕོར་༡༥་ནས་༢༠་འཐུང་མཁན་ཚོར་ཁྲག་རྩ་ནད་རིགས་ན་བའི་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། ཀླད་པའི་དྲན་ཤེས་ལའང་སྐྱོན་རྒྱག་གི་ཡོད་པ་ཤེས་རྟོགས་བྱུང་འདུག དེ་བཞིན་ཐ་མག་འཐེན་མཁན་ཚོར་རྒྱུན་དུ་ཐ་མག་འཐེན་པའི་རྐྱེན་གྱིས་ཀླད་པར་གནོད་སྐྱོན་ཡོད་པ་མ་ཟད། དྲན་ཤེས་བརླག་པའི་ན་ཚ་འབྱུང་གི་ཡོད་འདུག

དགུ་པ། གཉིད་འདང་ངེས་ཁེལ་པ་ཞིག་མི་ཁུག་པ།

གཉིད་ནི་འཕྲོད་བསྟེན་ལ་ཆ་བཞག་ན་ཧ་ཅང་གི་གལ་ཆེན་པོ་རེད། འོན་ཀྱང་། མི་མང་པོ་ཞིག་གཉིད་ཁུག་རྒྱུ་ཉུང་དུ་འགྲོ་བཞིན་ཡོད། ༡༩༠༠་ལོར་མི་ཚོ་དགོང་མོར་དུས་ཚོད་དགུ་གཉིད་ཁུག་གི་ཡོད། ༡༩༧༠་ལོར་མི་ཚོ་དགོང་མོར་དུས་ཚོད་བདུན་དང་ཕྱེད་ཀ་གཉིད་ཁུག་གི་ཡོད། དེང་སང་མི་ཚོ་གཉིད་ཁུག་པའི་དུས་ཚོད་ཉུང་དུ་འགྲོ་བཞིན་ཡོད། གཉིད་འདང་ངེས་ཁེལ་པ་ཞིག་མ་ཁུག་པའི་མཇུག་འབྲས་ནི། རང་ཉིད་ཀྱི་ཀླད་རྩ་ཉམས་ཀྱི་ཡོད་པ་མ་ཟད། བསམ་བློ་གཏོང་བའང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་འདུག

བཅུ་པ། ཆུ་ཉུང་ཉུང་འཐུང་བའི་གོམས་གཤིས།

ཆུ་ནི་གཟུགས་པོར་ཧ་ཅང་གལ་ཆེན་པོ་ཡིན། ཆུས་གཟུགས་པོའི་མ་ལག་མང་པོ་ཞིག་ལས་ཀ་བྱེད་པར་རོགས་བྱེད་ཀྱི་ཡོད། འོན་ཀྱང་། ཆུ་ཉུང་ཉུང་འཐུང་བའི་གོམས་གཤིས་ཡོད་མཁན་ཚོར་ཆ་བཞག་ན། ཀླད་པ་འཁུམ་པ་དང་དམིགས་བསལ་འཆར་གཞི་སྒྲིག་སྐབས་དང་ཐག་གཅོད་གལ་ཆེན་དེ་འདྲ་གཅོད་སྐབས་ཀླད་པས་བྱེད་ལས་ཏག་ཏག་བྱེད་ཐུབ་ཀྱི་མེད་པ་རེད།

མ་རྩོམ་ཡོངས་ཁུངས་ནི་མི་ཚེ་ཡག་ཤོས་ཀྱི་དྲ་རྒྱ་(Bestlife)ནས་བླངས།