19
Fri, Apr

བུད་མེད་ཚད་ལྡན་ཞིག་མ་ཆགས་ཀྱང་བུད་མེད་ཀྱི་ཞབས་མི་འདྲེན་མཁན་ཞིག་ཆགས་ན་འགྲིག

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

བུད་མེད་ཚད་ལྡན་ཞིག་མ་ཆགས་ཀྱང་བུད་མེད་ཀྱི་ཞབས་མི་འདྲེན་མཁན་ཞིག་ཆགས་ན་འགྲིག་ཅེས་བུ་མོ་དཔལ་སྒྲོན་ལགས་ཀྱིས་གསུངས་སོང་།

༡ ཐོག་མར་ཁྱེད་རང་ངོ་སྤྲོད་ཞིག་གནང་རོགས།

ངའི་མིང་ལ་དཔལ་སྒྲོན་ཟེར། ང་བོད་ལ་སྐྱེས་པ་རེད། ཕྱི་ལོ་2007ལོར་བཙན་བྱོལ་དུ་སླེབས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱི་འོག་བོད་ཁྱིམ་སློབ་གྲྭའི་ནང་ལོ་བརྒྱད་རིང་འཛིན་རིམ་བཅུ་གཉིས་བར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་བྱུང་།


༢ ཁྱེང་རང་ལ་མཚོན་ན་བོད་པའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་མིན་པའི་རྣམ་པ་མཐོང་གི་འདུག་གམ།
སྔོན་མའི་སྤྱི་ཚོགས་དང་ད་ལྟའི་སྤྱི་ཚོོགས་གཉིས་བར་བསྡུར་ན། སྔོན་མ་ཡིན་ན་རྒན་རབས་པ་ཚོ་ལ་ཤེས་ཡོན་སྦྱང་ཡག་གི་གོ་སྐབས་མ་ཐོབ་པ་དང་སྤྱི་ཚོགས་ནང་ལ་ངལ་བརྩོལ་ནུས་ཤུགས་ཆེ་ཆུང་དབང་གིས་མཆོག་དམན་ལ་ལྟས་ནས་ཕོ་མོ་འདྲ་མཉམ་མིན་པའི་ལྟ་ཚུལ་ཞིག་བཟུང་གི་ཡོད་ས་རེད་སྙམ། ད་ལྟའི་སྤྱི་ཚོགས་ནང་ལ་ཕོ་མོ་འདྲ་མཉམ་མིན་པའི་རྣམ་པ་གལ་མཐོང་གི་མི་འདུག གང་ལ་ཞེས་ན་དེང་གི་ཆར་ཤེས་ཡོན་ཆུ་ཚད་དང་མིའི་བཟང་སྤྱོད་ཀྱི་རིན་ཐང་གི་སྒོ་ནས་མཆོག་དམན་དུ་ལྟ་བའི་ཕོ་མོ་འདྲ་མཉམ་མ་ཡིན་པར་བཟུང་དགོས་པའི་རྒྱུ་མཚན་གང་ཡང་མ་མཐོང་།


༣ བོད་པའི་བུད་མེད་ཀྱིས་ལས་མི་ཆོག་པའི་བྱ་བ་ག་རེ་ག་རེ་ཡོད་རེད་དམ། དེ་དག་བྱེད་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།
བོད་པའི་བུ་མེད་ཀྱི་ལས་མི་ཆོག་པའི་བྱ་བ་གང་ཡང་ཡོད་མ་རེད་སྙམ། བུད་མེད་རང་ཉིད་ཀྱི་འཇོན་གྱི་ཡོད་ན་བྱ་བ་ག་རེ་ཡིན་ནའི་བྱེད་ཆོག་གི་རེད་སྙམ། ང་ཚོ་བོད་པའི་གཏམ་དཔེ་ལ་རྟ་ཕོ་རྒྱུགས་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད་ཟེར་བའི་དཔེ་ལྟར་རེད།


༤ ཁྱེད་རང་གི་ཨ་མ་ཡང་ན་ཨ་ནེ་ཨ་ཅེ་སོགས་ལ་སྐྱེས་པ་ཕོས་མཐོང་ཆུང་བྱས་པ་དེ་འདྲ་མཐོང་མྱོང་ཡོད་དམ།
སྐྱེས་པ་ཕོས་ངའི་ཨ་མ་དང་ཨ་ཅེ་ཨ་ནེ་སོགས་ལ་མཐོང་ཆུང་བྱས་པ་ཞིག་མཐོང་མྱོང་མེད།


༥ ཁྱེད་རང་སྒེར་ལ་སྐྱེས་པ་ཕོ་ཡང་ན་སོ་སོའི་གཅེན་པོ་དང་ནུ་བོ་སོགས་ཀྱིས་མནར་གཅོད་དང་མཐོང་ཆུང་བྱས་མྱོང་བའི་ཡ་ང་བའི་གཏམ་རྒྱུད་དེ་འདྲ་ཡོད་དམ།
སྤྱིར་ང་རང་ལ་མཚོན་ན་ནང་གི་གཅེས་ཕྲུག་འདྲ་བོ་རེད། ངའི་གཅེན་པོ་ཚོས་གནར་གཅོད་དང་མཐོང་ཆུང་དེ་འདྲ་རྩ་བ་ནས་བྱེད་མྱོང་མེད། གང་ཐད་ནས་རྒྱབ་སྐྱོར་དང་སེམས་ཤུགས་སྤར་བ་ལས་མཐོང་ཆུང་རྩ་བ་ནས་བྱེད་མ་མྱོང་།


༦ ཁྱེད་རང་གི་མཐོང་སྣང་ལ་བོད་ནང་གི་བུད་མེད་ཀྱི་ལས་དབང་དང་བཙན་བྱོལ་ནང་གི་བུད་མེད་ཀྱི་ལས་དབང་བར་ཁྱད་པར་འདུག་གམ།
སྤྱིར་གྲོང་ཁྱེར་ནང་དང་ཤེས་ཡོན་ཡོད་པའི་གཞིས་བྱེས་གཉིས་ཀྱི་བར་གྱི་བུད་མེད་ལ་ཁྱད་པར་མེེད་ཀྱང་གཞིས་ཀྱི་གྲོང་གསེབ་དང་ལུང་ཁུག་ཁག་ཏུ་སྲོལ་རྒྱུན་རྩ་ཆེར་འཛིན་པ་དང་དེང་གི་སློབ་གསོ་མ་བྱུང་བའི་ས་གནས་ཀྱི་བུད་མེད་དང་བྱེས་ཀྱི་བུད་མེད་བར་ཁྱད་པར་ཆེན་པོ་མཐོང་ངོ་།


༧ ཁྱེད་རང་ལ་བོད་པའི་སྐྱེས་པ་ཕོ་རྣམས་ལ་བཤད་འདོད་པའི་སྐད་ཆ་དེ་འདྲ་ཡོད་དམ།
བོད་པའི་སྐྱེས་པ་ཕོ་རྣམས་ལ་བཤད་འདོད་པའི་སྐད་ཆ་ཟེར་མེད། ཡིན་ཡང་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་རེ་བ་ཆུང་ཆུང་ཞིག་ཞུ་རྒྱུ་ནི་ལག་པ་གཅིག་གི་བཟློག་པ་མི་བྱུང་བའི་དཔེ་ལྟར་ཕན་ཚུན་གཅིག་གི་གཅིག་ལ་བཟོད་སྲན་དང་བརྩེ་དུང་གུ་ཡངས་ཀྱི་བསམ་བློ་གཏང་རྒྱུ་དེ་གལ་ཆེར་མཐོང་།


༨ ད་ལ་བོད་པའི་བུད་མེད་ཚོར་བཤད་འདོད་པའི་སྐད་ཆ་དེ་འདྲ་ཡོད་དམ།
བོད་པའི་བུད་མེད་ཚོ་བཤད་འདོད་པའི་སྐད་ཆ་མང་པོ་ཞིག་ཡོད་ན་ཡང་ད་ཐེངས་ཅི་ཞིག་ཞུ་འདོད་བྱུང་སོང་ཟེར་ན་བུ་མེད་རང་ཚུགས་ཅན་དང་གཞུང་དྲངས་ཅན་ཞིག་གནང་རྒྱུ་གལ་ཆེར་མཐོང་།


༩ ཁྱེད་རང་མ་འོངས་པ་བུད་མེད་གང་འདྲ་ཞིག་ཆགས་ན་འདོད་ཡོད།
ང་རང་མ་འོངས་པར་བུ་མེད་ཚད་ལྡན་ཞིག་མ་ཆགས་ནའང་བུད་མེད་ཀྱི་ཞབས་མི་འདྲེན་མཁན་ཞིག་ཆགས་ན་འགྲིག