18
Thu, Apr

བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་མཐོ་རིམ་སློབ་མའི་སློབ་གསོའི་སྐོར་རང་ཉིད་ཀྱི་བསམ་ཚུལ་གསུང་བཞིན་པ། པར་དབང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཙུག་ལག་མཐོ་སློབ་ཏུ་སློབ་གཉེར་གནང་བཞིན་ཡོད་པའི་བཀྲ་ཤིས་རྣམ་རྒྱལ་ལགས་སུ་མཐོ་རིམ་སློབ་མའི་སློབ་གསོའི་སྐོར་འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་བཅར་འདྲི་ཞུས་པ་ཞིག་གཤམ་དུ་བཀོད་ཡོད་པས་གཟིགས་རོགས་ཞུ།

༡ ཁྱེད་ཉིད་ངོ་སྤྲོད་ཐུང་ཐུང་ཞིག་གནང་རོགས།
ལན། ངའི་མིང་བཀྲ་ཤིས་རྣམ་རྒྱལ་ཡིན། ད་ལྟ་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ན་ཞིབ་འཇུག་ལོ་རིམ་དང་པོ་འདོན་བཞིན་ཡོད། ངའི་ཆེད་སྦྱོང་ནི་དབྱིན་ཇིའི་རྩོམ་རིག་ཡིན། ༢ ཁྱེད་རང་གིས་སློབ་གསོ་མྱོང་བའི་ཁྲོད་ནས་བརྗེད་མི་ཐུབ་པ་དང་ཡ་མཚར་བའི་སློབ་གསོའི་གཏམ་རྒྱུད་དེ་འདྲ་གླེང་རྒྱུ་ཨེ་ཡོད།
ལན། ང་བོད་ལ་ཡོད་དུས་སློབ་གྲྭར་འགྲོ་མྱོང་མོད། འོན་ཀྱང་དེ་རུ་དམིགས་བསལ་གྱིས་ཡ་མཚར་བའི་སློབ་གསོ་ཡི་གཏམ་རྒྱུད་ཀྱང་མི་དྲན་གི བོད་ནང་གི་དགེ་རྒན་ཚོས་སློབ་མར་གཅར་རྡུང་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན། དེང་སང་ཇེ་ཉུང་ལ་སོང་ཡོད་ཚོད་འདུག དེ་ནས་བཙན་བྱོལ་སློབ་གྲྭ་ལ་ཞུགས་པ་ནས་དེ་འདྲའི་བརྗེད་དཀའ་བའི་སློབ་གསོའི་རྒྱུད་རིམ་ཁྱད་པར་བ་ཅང་མི་དྲན་གི རྒྱ་གར་མཐོ་སློབ་དུ་འཛུལ་བ་ནས་སྔོན་ཆད་ཀྱི་བོད་ཁྱིམ་སློབ་གྲྭ་དང་བསྡུར་ན་གློ་བུར་ཏུ་རང་དབང་གི་ཁོར་ཡུག་ཅིག་ལ་སླེབས་པའི་ཚོར་བ་བྱུང་། མ་མཐའ་ཡང་སྐབས་དེ་འདྲ་ཞིག་ལ་རང་མགོ་ཐོན་དགོས་རྒྱུ་ནི་མཐོ་རིམ་སློབ་མ་ཞིག་གི་གཞི་རྩའི་ཚད་ཐིག་ཡིན་པ་སྨོས་མེད་དུ་འདོད། ཡིན་ནའང་ང་ལ་མཚོན་ན། ལམ་གྱི་སློབ་གསོ་ཟེར་བ་ཞིག་ཡོད་ན། དེར་གཏམ་རྒྱུད་ཅིག་བཤད་རྒྱུ་ཡོད། དྲང་མོ་བཤད་ན། ང་ཕ་ཡུལ་ན་ཡོད་དུས་སློབ་གྲྭར་ལོ་འགར་སོང་མྱོང་མོད། དཔེ་ཀློག་ལ་དོ་སྣང་དང་སློབ་སྦྱོང་ལ་རང་ངོས་ནས་དགའ་མོས་ཡོད་མཁན་ཞིག་མིན། རྒྱ་གར་ལ་བྲོས་ཡོང་འདོད་ཀྱང་སློབ་གྲྭ་ཡག་པོ་ཞིག་ཏུ་འཛུལ་དགོས་བསམ་པ་ཡང་དམིགས་བསལ་མེད། རེད་དེ་ལམ་བར་ནས་ང་ལ་སྔར་མེད་པའི་སེམས་ཤུགས་དང་དོ་སྣང་གསར་བ་ཞིག་རག་བྱུང་། ད་ཕྱིར་དྲན་ཞིག་བྱས་ན་རྐང་ཐང་ལ་ཤར་གངས་པོ་བརྒྱུད་ནས་དཀའ་ལས་མྱངས་སོང་བས་ཡིན་རྒྱུ་རེད་འདོད། ང་ལ་ལམ་ཁ་ནས་ཕུགས་བསམ་གསར་བ་ཞིག་རག་བྱུང་། སེམས་གཏིང་ཞིག་ནས་ད་ནི་རང་ནུས་གང་ཡོད་ཀྱིས་སློབ་གྲྭར་ཞུགས་ཏེ་སློབ་སྦྱོང་བྱ་ན་བསམས། དེ་ལྟར་མ་ཡུམ་སུ་ཇཱ་སློབ་གྲྭ་ནས་འགོ་བཙུགས་ཏེ་ད་བར་སློབ་གྲྭ་འགྲིམས་ནས་ཡོང་བ་ཡིན། གནས་དེ་ནས་ཀྱང་ཚད་ལྡན་གྱི་དགེ་རྒན་འགའ་རེར་མཇལ་བྱུང་བས་ངའི་སློབ་སྦྱོང་གི་གོམ་ཁ་ལྷོད་མ་མྱོང་།

༣ ཁྱེད་རང་སློབ་ཆེན་སློབ་མ་ཞིག་ཡིན་དུས་ཁྱོད་རང་ལ་མཚོན་ན་སློབ་ཆེན་སློབ་གསོ་དེ་དེ་ག་འདྲ་འདུག
ལན། ད་ང་སློབ་ཆེན་ལ་ཞུགས་ནས་ཧ་ལམ་ལོ་བཞི་ཙམ་རེད། ད་བར་ལྡི་ལི་གཙུག་སློབ་གཉེར་ཁང་གཅིག་པོར་བསྡད་པ་རེད། རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཆེན་གཞན་ནང་བཞིན་ཡིག་ཚད་ཀྱི་གྲུབ་འབྲས་གལ་ཆེན་ལ་རྩི་མཁན་ཞིག་རེད་ཟེར་ན་འགྲིག ཡིན་ནའང་སློབ་མ་རང་ལ་རང་དབང་ཅུང་ལྡན་པས་ཁ་ཕྱོགས་གང་ཞིག་ཏུ་སྐྱོད་མིན་ནི་རང་ཉིད་ལ་རག་ལས་པ་ཞིག་རེད། དགེ་རྒན་ཀྱི་ཐད་ནས་བཤད་ན་བཟང་ངན་གཉིས་ཀ་འདུག སློབ་ཁྲིད་ཀྱི་སྤུས་ཚད་ཡིན་ན་རེད། སློབ་གསོ་ཡི་གནད་དོན་ཡིན་ན་རུང་། ངའི་སློབ་ཆེན་སྐབས་ཀྱི་ཆེད་སྦྱོང་ནི་དབྱིན་ཇིའི་རྩོམ་རིག་ཡིན་པ་ལྟར། སྦྱོང་བྱའི་སློབ་ཚན་དང་དགེ་རྒན་འགའ་ཡི་ལམ་སྟོན་སོགས་ལ་བལྟས་ནས་བཤད་ན། ཅུང་ཚད་ལྡན་ཞིག་ཏུ་མཐོང་མོད། གཙོ་བོ་གོང་ནས་བཤད་པ་བཞིན་རང་ཉིད་ལ་རག་ལས་ཡོད་གི་འདོད། ང་ལ་མཚོན་ན། རང་དབང་དང་གུ་ཡངས་ཀྱི་སློབ་གྲྭ་ན་ཡོད་དུས་ནས་དགའ་འབོད་བྱེད་མཁན་ཞིག་ཡིན། འོ་རེད། ཕྱོགས་གཞན་པ་ཞིག་ནས་བཤད་ན་སློབ་ཆེན་ལ་ཞུགས་པ་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་ཁྱད་དུ་སློབ་ཚན་ཅི་ཡང་མེད་པས། གལ་སྲིད་བོད་ཡིག་གི་རྨང་གཞི་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན་མུ་མཐུད་དུ་རང་ངོས་ནས་འབྲི་ཀློག་ལ་འབད་ཆོག་མོད། མ་རྩ་མེད་མཁན་ཞིག་ལ་མཚོན་ན། ད་ནི་ཡར་རྒྱས་གཏོང་དགོས་ཟེར་ན་ཁག་པོ་རེད།

༤ ཁྱེད་ཀྱིས་བསམ་ན་བོད་ཕྱི་ནང་གཉིས་ཀྱི་སློབ་ཆེན་སློབ་མའི་སློབ་གསོའི་བར་ལ་ཧེ་བག་མཐོང་གི་འདུག་གམ།
ལན། ད་དེ་སྤྱི་ལ་ཁྱབ་པ་ཞིག་བཤད་ཁག་པོ་འདུག རེད་དེ་ངས་བསམས་ན། བོད་ནང་རྒྱ་ནག་གི་གཉའ་གནོན་ལ་མ་ལྟོས་པར། བོད་པ་རང་གི་མི་རིགས་དང་སྐད་ཡིག་ལ་ཤ་ཞེན་དང་དོ་སྣང་ཤུགས་ཆེན་པོ་འདུག ད་དུང་སློབ་སྦྱོང་ལ་འབད་བརྩོན་གྱི་ཁུར་བླངས་པ་ཡང་ཧ་ཅང་ཚད་ལྡན་རེད། ཡིན་ནའང་མཐའ་མའི་དམིགས་ཡུལ་ལས་བྱེད་ཙམ་ཞིག་ལ་དམིགས་མཁན་མང་བར་འདོད། བཙན་བྱོལ་སློབ་ཆེན་པ་ཚོར་ཕུགས་རྒྱང་ཐུང་བ་དང་འབྲས་བུ་སྨིན་པར་དཀའ་ལས་ཁ་ཡོད་ལག་ཡོད་ཀྱིས་རྒྱག་མཁན་དཀོན་གི སྐྱིད་སྡོད་རིང་ལུགས་པ་ཟེར་བ་ཞིག་ཡོད་ན་དེ་རེད། ཡིན་ནའང་ལྟ་བ་ཅུང་གུ་ཡངས་དང་སྤྱོད་པ་འཇམ་པོ་རེད། ང་རང་ཐེ་བའི་སློབ་ཆེན་སློབ་མ་དག་ལ་ཟེར་བ་ཡིན། ད་དུང་གཞན་མིགས་བསལ་བ་དང་བྱེ་བྲག་པ་ཡོད་པ་ནི་བཤད་ག་ལ་དགོས། དེ་ཡང་སློབ་གསོའི་ཁ་ཕྱོགས་དང་ཁོར་ཡུག་མི་འདྲ་བ་ནས་འཚར་ལོངས་བྱུང་བས་ཡིན་པར་སྙམ། ད་ཅང་བཤད་མི་ཤེས་གི མང་སོང་ན། རྫུན་ལ་འགྲོ་ཉེན་འདུག

༥ ཁྱེད་ཀྱིས་བསམ་ན་སློབ་གསོ་མྱོང་བ་ནི་ཅི་ཞིག་གི་ཆེད་དུ་རེད་བསམ་ཡོད།
ལན། ངས་བསམས་ན། སློབ་གསོ་མྱོང་བ་ནི་མི་ཞིག་གི་མི་ཚེའི་འཚར་ལོང་གི་བརྒྱུད་རིམ་དང་ཁ་ཕྱོགས་ལ་མེད་དུ་མི་རུང་བ་ཞིག་རེད་འདོད། མི་ཚེ་དེ་ཡང་མཛེས་སྡུག་ལྡན་པ་ཞིག་ཡོང་པ་ལ། སློབ་གསོ་ཡི་མྱོང་བཅུད་ཡང་དག་དང་ཕུན་སུམ་ཚོགས་པ་ཞིག་གལ་ཆེ། སློབ་གསོ་བ་ཚད་ལྡན་ཞིག་དང་འཕྲད་པ་ཡིན་ན། སློབ་ཕྲུག་དེའི་མདུན་ལམ་ལ་འོད་སྟོང་འབར་ངེས། སློབ་གསོ་ཡི་ལམ་ཁ་ཡང་ཀྱག་ཀྱོག་ཅིག་ལས་མེད་ན། དེ་ན་འགྲོ་མཁན་མི་ཡང་བདེ་ལེགས་སྒོས་མི་ཚེ་སྐྱེལ་ཐབས་བྲལ། སློབ་གསོའི་ཡོང་སྒོ་ལ་རིགས་མང་ནའང་། གང་ལྟར་ཆུང་བྱིས་པ་ནས་སློབ་གསོ་ནི་མེད་དུ་མི་རུང་ངོ་།

༦ སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ཆེས་སྤྱི་སྟངས་བའི་འགན་འཁྲི་དེ་ག་རེ་རེད་འདུག
ལན། སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ཆེས་སྤྱིར་བཏང་གི་འགན་འཁྲི་ནི་སློབ་སྦྱོང་ཚད་ལྡན་ཞིག་བྱ་རྒྱུ་དེ་ཡིན་པ་རེད། དེ་ཡང་ཡིག་ཚད་གྱི་གྲུབ་འབྲས་ཁོ་ན་ཙམ་མ་ཡིན་པར། མི་ཚུལ་ལྡན་དང་གཞན་གྱི་དམིགས་དཔེར་འོས་པ་ཞིག་ཏུ་ཆགས་པར་འབད་དགོས། མཉམ་དུ་རང་ཉིད་ཀྱི་མི་ཚེ་ཡང་བདེ་སྐྱིད་དང་རིན་ཐང་ལྡན་པ་ཞིག་ཏུ་འགྱུར་བར་བརྩོན་གལ།

༧ ཁྱེད་རང་ལ་བོད་པའི་ན་གཞོན་ཚོ་ལ་བཤད་འདོད་པའི་སྐད་ཆ་ག་རེ་ཡོད།
ལན། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས། ང་དང་འདྲ་བའི་རིག་པའི་གནས་ལ་གང་སར་ཞུགས་བཞིན་པའི་གྲོགས་དང་སྤུན་ཟླ་ཡོངས་ལ་ཞུ་འདོད་པ་ནི། ལྷག་པར་དུ་སློབ་ཆེན་སློབ་མ་ཚོར་ཞུ་རྒྱུར། ང་ཚོས་རང་འགུལ་གྱིས་དཔེ་དེབ་གང་ཐུབ་བཀླགས་ཏེ་རང་ཉིད་འཚོལ་དགོས། ང་ཚོས་རང་གི་ཕ་མེས་དང་མང་མེས་ཚོའི་ལོ་རྒྱུས་ཤེས་དགོས། དེ་བས་རང་གི་སྐད་དང་ཡི་གེ་ལ་དོ་སྣང་དང་གཅེས་སྤྲས་བྱེད་དགོས། བོད་མི་རིགས་ཀྱི་གནས་སྟངས་ཉག་ཕྲ་བོ་འདི་འདྲ་ཞིག་གི་སྐབས་སུ་ང་ཚོས་ངེས་པར་དུ་འགོ་ཁྲིད་དགོས། ང་ཚོ་འགྱེལ་ས་ནས་ལངས་ཐུབ་དགོས།