ྋགོང་ས་མཆོག་གི་སྐུ་ཚབ་དང་དབུས་གཞུང་གི་སྐུ་ཚབ་ཚོའི་དབར་གྲོས་བསྡུར་ཞིབ་ལྷུག་བྱུང་རྗེས་བཞུགས་སྒར་དུ་༢༠༠༨ལོའི་ཟླ་༡༡ཚེས་༡༦ཉིན་གསར་འགོད་གསལ་བསྒྲགས།

ཆབ་སྲིད་རྩོམ་ཡིག
ཡིག་གཟུགས་སྒྲིག་ཆས།

བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།
དང་པོ། ངོ་སྤྲོད།
ཕྱི་ལོ་༢༠༠༢ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་གཞུང་དང་མཉམ་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་རྗེས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་ཚབ་དང་དབུས་གཞུང་གི་སྐུ་ཚབ་ཚོའི་དབར་གྲོས་བསྡུར་ཞིབ་ལྷུག་བྱུང་བ་དང༌།

ང་ཚོའི་ངོས་ནས་བོད་མིའི་མངོན་འདོད་གང་ཡིན་འགྲེལ་བརྗོད་གསལ་པོ་བྱས་པ་ཡིན། གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ནི་བོད་མི་རིགས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་དང་མི་འགལ་བའི་ཐོག་ནས་རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཐོབ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་བོད་རྒྱ་གཉིས་ཀའི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་གཞི་བཅོལ་བ་ཞིག་ཡིན། ང་ཚོས་ཁ་བྲལ་ལམ་རང་བཙན་མི་རྩོད་རྒྱུའི་ཁས་ལེན་བརྟན་པོ་བྱས་ཏེ།མིང་དོན་མཚུངས་པའི་རང་སྐྱོང་གི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད་ཅིང༌། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་དང་ཡོངས་སུ་མཐུན་པ་ཡིན། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་རྣམ་པ་ཕྱོགས་ཡོངས་ནས་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུ་དེ་སྐྱེ་འགྲོ་སྤྱི་དང༌།ཁྱད་པར་བོད་རྒྱ་མི་རིགས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་རེད།

ཕྱི་ལོ་༢༠༠༨ཟླ་༧ཚེས་༡དང་༢ཉིན་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ཏུའུ་ཆིང་ལིན་མཆོག་གིས་ྋགོང་ས་མཆོག་གི་ངོས་ནས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཐོག་དགོངས་འཆར་ལེགས་པ་གང་ཡོད་གསུངས་པའི་རེ་བ་དང་འབོད་སྐུལ་ཞུ་གི་ཡོད་གསུངས་པ་དང༌།དབུས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ལས་བློན་ཆེན་གཞོན་པ་སྐུ་ཞབས་ཀྲུའུ་ཝེ་ཆོན་མཆོག་གིས་ང་ཚོའི་ངོས་ནས་རང་སྐྱོང་གི་ཚད་གཞི་འམ་རྣམ་པ་ག་འདྲ་ཞིག་འཚོལ་གྱི་ཡོད་པའི་འགྲེལ་བརྗོད་ཁ་གསལ་དང༌།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་འགལ་བའི་ས་གནས་རང་སྐྱོང་སྐོར་ཁྱེད་ཚོའི་བསམ་ཚུལ་ཇི་ཡོད་ཉན་འདོད་ཡོད་ཅེས་གསུངས་བྱུང༌།

དེ་ལ་བརྟེན་ནས་བསམ་འཆར་འདིའི་ནང་ང་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་སྐོར་གྱི་ལངས་ཕྱོགས་ཇི་ཡིན་དང༌།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་དགོངས་དོན་ང་ཚོས་གོ་བ་བླང་ཕྱོགས་ལྟར་ལག་བསྟར་བྱེད་ན་དམིགས་བཀར་བོད་མིའི་དགོས་མཁོ་རྣམས་བསྐང་ཐུབ་ཚུལ་གསལ་བཤད་བྱས་ཡོད།ྋགོང་ས་མཆོག་གིས་བོད་མིའི་གཞི་རྩའི་དགོས་མཁོ་ཁག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་མིང་དོན་མཚུངས་པའི་རང་སྐྱོང་མིང་དོན་མཚུངས་པའི་རང་སྐྱོང་གི་གོ་དོན་ཡིག་ཆ་འདིས་འགྲེལ་བཤད་བྱེད་ཀྱི་ཡོད།གི་ལམ་ནས་བསྐང་ཐུབ་པའི་གདེང་ཚོད་གནང་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཅིག་ཡིན་སྟབས་རྒྱལ་ཁབ་གཞན་མང་པོ་དང་འདྲ་བར་གྲངས་ཉུང་མི་རིགས་ལ་རང་སྲིད་རང་སྐྱོང་སྤྲད་པའི་སྒོ་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་རང་སྐྱོང་དང་རང་སྲིད་རང་སྐྱོང་སྐོར་གྱི་གཞི་རྩའི་ལྟ་གྲུབ་གསལ་བ་དེ་དག་གི་དམིགས་ཡུལ་བོད་མིའི་དགོས་མཁོ་དང་མངོན་འདོད་དང་མཐུན་གྱི་ཡོད།མི་རིགས་ས་གནས་རང་སྐྱོང་གི་དམིགས་ཡུལ་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་སྤང་བའི་སྒོ་ནས་མི་རིགས་གཉའ་གནོན་དང་མི་རིགས་ཁ་བྲལ་གཉིས་ཀ་འགོག་ཐབས་བྱེད་ཆེད་དང༌།རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་ལེགས་བྱང་སྲུང་སྐྱོབ་ཐུབ་པའི་འགན་སྲུང་བྱེད་ཆེད་རེད།

ང་ཚོས་གོ་བ་བླང་ཕྱོགས་ལྟར་ན་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་ནང་བོད་མིའི་དགོས་མཁོ་རྣམས་ཚད་གཞི་ངེས་ཅན་གྱི་བར་བསྐང་ཐུབ་ཀྱི་ཡོད།རྩ་ཁྲིམས་ནང་གནད་དོན་ཁ་ཤས་ཐོག་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་ལ་རང་སྐྱོང་སྐོར་གྱི་ཐག་གཅོད་དང་ལག་བསྟར་བྱེད་ཕྱོགས་ཀྱི་དམིགས་བསལ་དབང་ཆ་སྤྲད་ཡོད།བོད་མིའི་ཐུན་མོང་མ་ཡིན་པའི་གནས་སྟངས་དང་འཚམས་པའི་མིང་དོན་མཚུངས་པའི་རང་སྐྱོང་ཡོང་བར་དམིགས་བསལ་གྱི་དབང་ཆ་འདི་དག་ལག་བསྟར་བྱེད་དགོས།དེ་དག་ལག་བསྟར་བྱེད་སྐབས་བོད་མི་རིགས་ཀྱི་དགོས་མཁོ་དང༌།དེ་བཞིན་དམིགས་བསལ་གྱི་རང་བཞིན་དང་འཚམས་པ་ཡོང་ཆེད་རང་སྐྱོང་གི་ཁྲིམས་ཡིག་ཁག་ལ་བསྐྱར་ཞིབ་དང་བཟོ་བཅོས་གནང་དགོས་པ་ཡོང་སྲིད།ཕྱོགས་གཉིས་ཀའི་ངོས་ནས་ལྷག་བསམ་རྣམ་དག་བྱུང་ན་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་བརྒྱུད་ད་ཡོད་ཀྱི་དཀའ་ངལ་རྣམས་སེལ་ཐུབ།དེ་འདྲ་བྱེད་ན་རྒྱལ་ཁབ་གཅིག་གྱུར་དང༌།བརྟན་ལྷིང༌།བོད་རིགས་དང་མི་རིགས་གཞན་ཚོའི་བར་འཆམ་མཐུན་གྱི་འབྲེལ་ལམ་འཛུགས་ཐུབ་པ་ཡོང་གི་རེད།

གཉིས་པ།བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པ།

ད་ལྟའི་འཛིན་སྐྱོང་ཆ་བགོས་ལ་མ་ལྟོས་པར་བོད་རིགས་ཚང་མ་གྲངས་ཉུང་མི་རིགས་གཅིག་གི་ཁོངས་སུ་གཏོགས་ཀྱི་ཡོད།བོད་མིའི་གཅིག་གྱུར་གྱི་ངོ་བོ་ལ་ངེས་པར་དུ་བརྩི་བཀུར་གནང་དགོས།དེ་ནི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་དགོངས་དོན་དང༌།དམིགས་ཡུལ།གཞི་རྩའི་ལྟ་བ་ཡིན་པ་མ་ཟད།མི་རིགས་འདྲ་མཉམ་བྱེད་རྒྱུའི་ལྟ་གྲུབ་ཀྱི་གཞི་རྩ་ཡང་རེད།

བོད་རིགས་རྣམས་སྐད་ཡིག་དང༌།ལེགས་བྱང༌།ནང་དོན་རིག་པའི་སྲོལ་རྒྱུན།གོམས་གཤིས་བཅས་ཀྱི་ཆ་ནས་མི་རིགས་གཅིག་རང་ཡིན་པ་དང་ཐུན་མོང་གི་ངོ་བོ་གཅིག་གྱུར་ཡོད་པའི་དངོས་དོན་ནི་རྩོད་མེད་རེད།བོད་མི་རིགས་ལ་ཐུན་མོང་གི་ལོ་རྒྱུས་ཡོད་པ་མ་ཟད།ཆབ་སྲིད་དང་འཛིན་སྐྱོང་ཁ་ཐོར་བའི་དུས་སྐབས་བྱུང་མིན་ལ་མ་ལྟོས་པར་ཆོས་དང༌།ལེགས་བྱང༌།ཤེས་ཡོན།སྐད་ཡིགའཚོ་བའི་གནས་སྟངས།ས་ཁམས་ཁོར་ཡུག་བཅས་ཀྱི་ཆ་ནས་མུ་མཐུད་གཅིག་གྱུར་དུ་གནས་ཡོད།

ས་བབ་ཀྱི་ཆ་ནས་བོད་མི་རྣམས་མཐོ་སྒང་བོད་ཀྱི་སར་བར་མཚམས་མ་ཆད་པར་མུ་འབྲེལ་ནས་གནས་ཡོད།ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་བོད་མི་རྣམས་མཐོ་སྒང་བོད་དུ་གནས་སྡོད་བྱེད་ཀྱི་ཡོད་སྟབས།བོད་མི་རྣམས་ནི་མཐོ་སྒང་བོད་ཀྱི་གདོད་མའི་མི་རིགས་ཡིན།རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་དང་མཐུན་པར་དངོས་དོན་ཐོག་བོད་མི་རྣམས་མི་རིགས་གཅིག་གི་ངོ་བོར་མཐོ་སྒང་བོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པར་ཁྱབ་ནས་གནས་ཡོད།

གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་རིགས་རྣམས་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་ནས་མི་རིགས་གཅིག་རང་ལ་ངོས་འཛིན་བྱེད་ཡོད།

གསུམ་པ།བོད་མིའི་མངོན་འདོད།

བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་བྱུང་རབས་དང༌།ལེགས་བྱང༌།ནང་དོན་རིག་པའི་སྲོལ་རྒྱུན་ཕྱུག་པོ་ཡོད་པ་འདི་དག་འགྲོ་བ་མིའི་རིགས་ཀྱི་རྩ་ཆེའི་ཁྱད་ནོར་གྱི་ཆ་ཤས་ཤིག་རེད།བོད་མི་ཚོར་རང་གི་ཕ་མེས་ནས་བརྒྱུད་པའི་ཁྱད་ནོར་འདི་དག་སྲུང་སྐྱོབ་བྱེད་འདོད་ཡོད་པ་མ་ཟད།དུས་རབས་ཉེར་གཅིག་པའི་དགོས་མཁོ་དང་འཚམས་པར་རང་གི་ཆོས་རིག་གོམས་གཤིས་གོང་འཕེལ་གཏོང་འདོད་ཡོད།

མི་རིགས་མང་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་མཉམ་སྡོད་བྱེད་ན་བོད་མིར་རྒྱལ་ཁབ་ནང་དཔལ་འབྱོར་དང་ཚན་རིག་གི་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པ་འདི་དག་གིས་ཕན་ཐོགས་ཆེན་པོ་ཡོང་ཐུབ།ང་ཚོས་ཡར་རྒྱས་ཀྱི་འཕེལ་རིམ་འདིའི་ནང་ཆ་ཤས་བླང་རྒྱུ་དང་ཕྱར་གྲུ་མཉམ་འདེགས་བྱེད་འདོད་པ་དང་ཆབས་ཅིག་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང༌།ལེགས་བྱང༌།སྙིང་དོན་རྣམས་མ་བརླག་པ་བྱེད་རྒྱུ་དང༌།གདོད་མ་ནས་བོད་རིགས་འདུས་སྡོད་བྱེད་སའི་མཐོ་སྒང་བོད་ཀྱི་ཧ་ཅང་འཇིག་སླ་བའི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་མི་བཟོས་པའི་འགན་སྲུང་ཡང་བྱེད་འདོད་ཡོད།

བོད་མི་རིགས་ཀྱི་གནས་སྟངས་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པའི་ངོས་འཛིན་རིམ་བསྟུད་དུ་བྱུང་ཡོད་ཅིང༌།གྲོས་མཐུན་དོན་ཚན་བཅུ་བདུན་དང༌།དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་པའི་གསུང་བཤད་དང།སྲིད་བྱུས་ཁག་གི་ནང་ཡང་གསལ་ཡོད།བོད་མིར་ལག་བསྟར་བྱེད་རྒྱུའི་རང་སྐྱོང་གི་གནས་བབ་དང་སྒྲོམ་གཞི་གཏན་འབེབས་བྱེད་སའི་གཞི་རྩ་དེ་དག་ལ་བཟུང་དགོས།རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་དང་དགོས་མཁོར་གཞིགས་པའི་གུ་བཤངས་བྱེད་རྒྱུའི་གཞི་རྩའི་ལྟ་བ་གསལ་ཡོད།

ྋགོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་གནང་རྒྱུའི་ཐུགས་དམ་ནི་ཞལ་གསལ་པོ་དང་ཚིག་ཐག་ཆོད་པོ་རེད།ྋགོང་ས་མཆོག་གིས་བཞེངས་ཕྱོགས་འདི་ལྟར་བཟུང་བ་ནི་དབུ་ཁྲིད་ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་ནན་བརྗོད་གནང་བ་དང་ཡོངས་སུ་མཐུན་པ་ཡིན།ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་སྟབས།ང་ཚོའི་རེ་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་བོད་མིའི་གཅིག་གྱུར་དང་མིང་དོན་མཚུངས་པའི་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་ལ་དབུས་གཞུང་གིས་ངོས་འཛིན་དང།བརྩི་བཀུར་ཆ་ཚང་གནང་བའི་རེ་བ་ཡོད།དེ་ནི་ང་ཚོའི་བར་མི་མཐུན་པ་རྣམས་སེལ་ཐབས་བྱེད་རྒྱུའི་གཞི་རྩ་དང༌།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཕན་ཚུན་བར་ཆིག་བསྒྲིལ་དང༌།འཆམ་མཐུན།བརྟན་ལྷིང་བཅས་ཡོང་བའི་ཉེར་ལེན་རེད།

བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དར་རྒྱས་ཡོང་བར་འཛམ་གླིང་སྤྱི་དང་ཁྱད་པར་རྒྱལ་ཁབ་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ནས་དཔལ་འབྱོར་དང༌།སྤྱི་ཚོགས།ཆབ་སྲིད་བཅས་ཀྱི་ཡར་རྒྱས་རྣམས་བོད་མི་རང་ཉིད་ཀྱི་ཁྱད་ཆོས་ལ་བརྩི་བཀུར་དང་གཅེས་སྐྱོང་བྱེད་པའི་སྒོ་ནས་ཡོང་བ་བྱེད་དགོས།དེ་ལྟར་ཡོང་བར་བོད་མིའི་རང་སྲིད་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་ངོས་འཛིན་གནང་དགོས།དེ་ཡང་བོད་མི་རང་ཉིད་ཀྱི་དགོས་མཁོ་དང༌།ཁྱད་ཆོས།གལ་འགངས་བཅས་དང་མཐུན་པར་བོད་རིགས་འདུས་སྡོད་བྱེད་སའི་ས་ཁུལ་ཚང་མར་ཁྱབ་པ་ལག་བསྟར་བྱེད་དགོས།

བོད་མི་རིགས་ཀྱི་ལེགས་བྱང་དང་ངོ་བོ་བོད་མི་རང་ཉིད་ཀྱིས་མ་གཏོགས་གཞན་སུས་ཀྱང་སྲུང་སྐྱོབ་བྱེད་ཐུབ་ཐབས་མེད་པས།བོད་མི་ཚོས་རང་གིས་རང་ལ་རོགས་སྐྱོར་དང༌།རང་གི་ཡར་རྒྱས་རང་གིས་བྱེད་པ།རང་སྲིད་རང་སྐྱོང་བྱ་རྒྱུ་དང༌།དབུས་གཞུང་དང༌།ཞིང་ཆེན་ཁགལྗོངས་བཅས་ནས་བོད་ལ་ཕན་ཐོགས་ཡོད་པའི་རོགས་རམ་དང་ལམ་སྟོན་སོགས་ཀྱི་དབར་དོ་མཉམ་བཟོ་རྒྱུ་གལ་ཆེ།

བཞི་པ།བོད་མིའི་གཞི་རྩའི་དགོས་མཁོ།རང་སྲིད་རང་སྐྱོང་བྱེད་རྒྱུའི་གནད་དོན་ཁག

༡་ སྐད་ཡིག

སྐད་ཡིག་ནི་བོད་མིའི་ངོ་བོ་མཚོན་པའི་ཁྱད་ཆོས་གལ་ཆེ་ཤོས་རེད།བོད་སྐད་ནི་བོད་མིའི་བརྡ་སྤྲོད་ཀྱི་སྐད་གཙོ་བོ་དེ་ཡིན་པ་མ་ཟད།ང་ཚོའི་རྩོམ་རིག་དང༌།ནང་དོན་རིག་པའི་གསུང་རབ།བྱུང་རབས་ལོ་རྒྱུས།དེ་བཞིན་ཚན་རིག་གི་ལས་རིགས་བཅས་ཆ་ཚང་སྐད་ཡིག་དེའི་ཐོག་བྲིས་ཡོད།བོད་ཀྱི་སྐད་ཡིག་ནི་ལེགས་སྦྱར་གྱི་སྐད་དང་དོ་མཉམ་པའི་བརྡ་སྤྲོད་རིག་པའི་གནས་ཚད་ཧ་ཅང་མཐོ་བ་མ་ཟད།ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་སྐབས་ཚིག་དོན་གཉིས་ཀ་ཇི་བཞིན་མ་ནོར་བར་བསྒྱུར་ཐུབ་པའི་སྐད་ཡིག་གཅིག་པུ་དེ་ཡིན།དེའི་དབང་གིས་འཛམ་གླིང་ནང་སྒྲ་བསྒྱུར་མང་ཤོས་དང་ལེགས་ཤོས་དེ་ཡིན་པ་མ་ཟད།མཁས་པ་ཁག་ཅིག་གིས་རྩོམ་རིག་ཕྱུག་ཤོས་དང་མང་ཤོས་ཀྱང་ཡིན་པར་བཞེད་ཀྱི་ཡོད།རྩ་ཁྲིམས་དོན་ཚན་བཞི་པའི་ནང་མི་རིགས་ཚང་མར་"རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་"རྒྱུའི་རང་དབང་འགན་སྲུང་བྱས་ཡོད།

བོད་མིས་རང་གི་སྐད་ཡིག་བེད་སྤྱོད་དང།ཡར་རྒྱས་གཏོང་བར་བོད་ཡིག་དེ་བོད་མིའི་སྐད་དང་ཡི་གེ་གཙོ་བོ་དེ་ཡིན་པས་བརྩི་སྲུང་བྱེད་དགོས།དེ་བཞིན་བོད་རིགས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་གཙོ་བོ་བོད་ཡིག་བྱེད་དགོས།

ལྟ་གྲུབ་འདི་རྩ་ཁྲིམས་དོན་ཚན་བརྒྱ་དང་ཉི་ཤུ་རྩ་གཅིག་པའི་ནང་གུ་ཡངས་པོའི་སྒོ་ནས་ངོས་འཛིན་བྱས་ཡོད་པ་ནི་ཎཎམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གཅིག་གམ་ཁ་ཤས་སྤྱོད་རྒྱུ།"ཞེས་དང༌།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་པའི་ནང་"ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང༌།འགན་སྲུང་བྱ་རྒྱུ།"ཞེས་གསལ་ཡོད།

བོད་རིགས་ས་ཁུལ་ཁག་གི་སྐད་ཡིག་གཙོ་བོ་བོད་ཡིག་བྱེད་རྒྱུ་དང་འདྲ་བར་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་སུམ་ཅུ་སོ་དྲུག་པའི་ནང་རང་སྐྱོང་ས་གནས་ཀྱི་སྲིད་གཞུང་ལ་སློབ་གསོའི་ཐད་"སློབ་ཁྲིད་བྱེད་པའི་སྐད་རིགས།སློབ་གྲྭ་བ་སྡུད་ཐབས་སོགས་གཏན་འབེབས་"ཐག་གཅོད་བྱེད་རྒྱུའི་དབང་ཆ་ཡོད་པར་གསལ་ཡོད།དེའི་གོ་དོན་ནི་སློབ་ཁྲིད་རྒྱུད་ལམ་གྱི་སྐད་ཡིག་བོད་ཡིག་བྱེད་རྒྱུའི་ལྟ་བ་ངོས་འཛིན་བྱེད་ཀྱི་ཡོད།

༢་ ལེགས་བྱང༌།

མི་རིགས་ས་གནས་རང་སྐྱོང་བྱེད་རྒྱུའི་གཞི་རྩའི་དམིགས་ཡུལ་ནི་གྲངས་ཉུང་མི་རིགས་ཀྱི་ལེགས་བྱང་སྲུང་སྐྱོབ་བྱེད་ཆེད་རེད།དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ཉི་ཤུ་རྩ་གཉིས་དང༌།བཞི་བཅུ་ཞེ་བདུན།བརྒྱ་དང་བཅུ་དགུདེ་བཞིན་དུ་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་སུམ་ཅུ་སོ་བརྒྱད་བཅས་ཀྱི་ནང་ལེགས་བྱང་སྲུང་སྐྱོབ་བྱེད་རྒྱུའི་ནང་དོན་འཁོད་ཡོད།བོད་མིའི་ལེགས་བྱང་ནི་བོད་མིའི་ཆོས་དང༌།སྲོལ་རྒྱུན།སྐད་ཡིགངོ་བོ་བཅས་དང་འབྲེལ་ལམ་དམ་ཟབ་ཡོད།ད་ལྟའི་ཆར་ལེགས་བྱང་དེར་རིམ་པ་སྣ་ཚོགས་ཐོག་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད།བོད་མི་རྣམས་མི་རིགས་མང་བའི་རྒྱལ་ཁབ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མཉམ་སྡོད་བྱེད་ཀྱི་ཡོད་སྟབས་རྩ་ཁྲིམས་ཀྱི་ཆ་རྐྱེན་འོས་འཚམས་སྤྱད་པའི་སྒོ་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ལེགས་བྱང་སྲུང་སྐྱོབ་བྱེད་དགོས།

༣་ ཆོས་ལུགས།

༤་ ཆོས་ལུགས་ནི་བོད་མིའི་གཞི་རྩའི་གནད་དོན་ཡིན་པ་དང༌།ནང་ཆོས་ནི་ང་ཚོའི་ངོ་བོ་དང་འབྲེལ་བ་དམ་ཟབ་ཡོད།ཆོས་ཀྱི་སྒྲིག་འཛུགས་དང་སྲིད་ཀྱི་སྒྲིག་འཛུགས་(Church and State)གཉིས་ ཐ་དད་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ཀྱང༌།དེའི་དབང་གིས་ཆོས་ལ་དད་པ་བྱེད་མཁན་ཚོའི་རང་དབང་དང་ཉམས་ལེན་ལ་དོ་ཕོག་མི་འགྲོ་བ་བྱེད་དགོས།བོད་མི་ཚོར་ཆོས་དད་རང་དབང་དང།བསམ་བློའི་རང་དབང་མེད་ན་གང་ཟག་སྒེར་རམ་མང་ཚོགས་ཀྱི་རང་དབང་གཞན་གྱི་སྐོར་བསམ་བློ་གཏོང་ཐུབ་ཐབས་མེད།རྩ་ཁྲིམས་ནང་ཆོས་ལུགས་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྲུང་སྐྱོབ་བྱེད་རྒྱུའི་གལ་འགངས་ངོས་འཛིན་གནང་ཡོད།དོན་ཚན་སུམ་ཅུ་སོ་དྲུག་པའི་ནང་རྒྱལ་ཁབ་ཀྱི་ཡུལ་མི་ཚང་མར་ཆོས་དད་རང་དབང་གི་ཐོབ་ཐང་འགན་སྲུང་བྱས་ཡོད།སུས་ཀྱང་གང་ཟག་བྱེ་བྲག་པར་ཆོས་ལ་དད་པ་བྱེད་པའམ་དད་པ་མི་བྱེད་པའི་གནོན་ཤུགས་སྤྲད་མི་ཆོགཆོས་ལུགས་ལ་བརྟེན་ནས་ཉེ་རིང་བྱེད་ཆོག་གི་མེད།

རྩ་ཁྲིམས་ཀྱི་ལྟ་གྲུབ་འདི་དག་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་འགྲེལ་བརྗོད་བྱེད་ན་དད་པ་བྱེད་ཕྱོགས་སམ་ཉམས་ལེན་བྱེད་ཚུལ་རྣམས་ཀྱང་ཆོས་དད་རང་དབང་ནང་ཚུད་ཀྱི་ཡོད།རང་དབང་དེའི་ནང་ནང་ཆོས་ཀྱི་སྲོལ་རྒྱུན་གཞིར་བཟུང་དགོན་པ་འཛིན་སྐྱོང་བྱེད་རྒྱུ་དང༌།བསླབ་པ་སློབ་གཉེར་བྱེད་རྒྱུ།གྲྭ་བཙུན་གྱི་ཁ་གྲངས་དང་ལོ་ཚད་ཇི་དགོས་ཆོས་ཀྱི་ལམ་ལུགས་གཞིར་བཟུང་འཛུལ་ཞུགས་ཆོག་གི་ཡོད།མང་ཚོགས་ལ་ཆོས་བཤད་དང་དབང་བསྐུར་སོགས་ཀྱི་བྱེད་སྒོ་ཁག་ཀྱང་རང་དབང་འདིའི་ནང་ཚུད་ཡོད་པས།ཆོས་ཀྱི་སྤྱིར་བཏང་བྱེད་སྒོ་དཔེར་ན་བླ་སློབ་བར་གྱི་འབྲེལ་བ་དང༌།དགོན་སྡེའི་འཛིན་སྐྱོང༌།ཡང་སྲིད་ངོས་འཛིན་བྱེད་ཕྱོགས་བཅས་ཀྱི་ནང་རྒྱལ་ཁབ་ཀྱིས་ཐེ་བྱུས་བྱེད་རྒྱུ་མེད།

༥་ ཤེས་ཡོན།

དབུས་གཞུང་གི་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་ཐོག་བོད་མི་རང་གི་ཤེས་ཡོན་ལམ་ལུགས་བཟོ་རྒྱུ་དང་འཛིན་སྐྱོང་བྱེད་རྒྱུའི་བོད་མིའི་མངོན་འདོད་དེ་རྩ་ཁྲིམས་ནང་གསལ་བའི་སློབ་གསོའི་ཐད་ཀྱི་ལྟ་གྲུབ་ཀྱི་རྒྱབ་རྟེན་དང་བཅས་པ་ཡིན།ཚན་རིག་དང་ལག་རྩལ་ཡར་རྒྱས་ཡོང་བར་མཉམ་ཞུགས་ཆ་ཤས་བླང་རྒྱུའི་མངོན་འདོད་ཡང་དེ་བཞིན་རེད།དེང་དུས་རྒྱལ་སྤྱིའི་ཚན་རིག་གི་ཡར་རྒྱས་ནང་ནང་པའི་སེམས་ཁམས་རིག་པ་དང༌།སེམས་དངོས་རིག་པ།འཇིག་རྟེན་ཆགས་ཚུལ།སེམས་ཀྱི་གནས་ཚུལ་རྟོགས་ཐབས་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་པའི་ངོས་འཛིན་ཇི་ཆེར་འགྲོ་བཞིན་པ་ང་ཚོས་མཐོང་ཐུབ།

རྩ་ཁྲིམས་དོན་ཚན་བཅུ་དགུ་པའི་ནང་ཡུལ་མིར་སློབ་གསོའི་མཐུན་རྐྱེན་སྤྲད་རྒྱུའི་འགན་ཁུར་ཆ་ཚང་རྒྱལ་ཁབ་ནས་བླང་དགོས་པ་དང༌།དོན་ཚན་བརྒྱ་དང་བཅུ་དགུའི་ནང་ཎཎམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་སློབ་གསོ༌།།བྱ་གཞག་རྣམས་ལ་རང་བདག་གི་སྒོ་ནས་དོ་དམ་བྱེད་རྒྱུ༌།།ཎཎའཁོད་ཡོད།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་སུམ་ཅུ་སོ་དྲུག་པའི་ནང་ཡང་ལྟ་གྲུབ་དེ་ཉིད་གསལ་ཡོད།

ཐག་གཅོད་རིམ་པའི་ཐོག་རང་སྐྱོང་གི་དབང་ཆའི་ཚད་གཞི་གསལ་པོ་མེད་སྟབས་ནན་བརྗོད་བྱེད་དགོས་པ་ཞིག་ལ་བོད་མི་ཚོར་བོད་མི་རིགས་ཀྱི་སློབ་གསོའི་ཐད་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་དགོས་པ་ཡིན།དེ་ལྟར་བྱེད་རྒྱུ་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་ལྟ་གྲུབ་ཀྱི་རྒྱབ་རྟེན་དང་བཅས་པ་ཡིན།

ཚན་རིག་དང་ལག་རྩལ་ཡར་རྒྱས་ནང་མཉམ་ཞུགས་དང་ཆ་ཤས་བླང་རྒྱུའི་རེ་འདུན་ཡང་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དགུདང་བཅའ་ཁྲིམས་དོན་ཚན་སུམ་ཅུ་སོ་དགུནང་རང་སྐྱོང་ས་གནས་ཁག་ལ་ཚན་རིག་དང་ལག་རྩལ་ཡར་རྒྱས་གཏོང་རྒྱུའི་ཐོབ་ཐང་ངོས་འཛིན་གསལ་པོ་བྱས་ཡོད།

༦་ ཁོར་ཡུག་སྲུང་སྐྱོབ།

བོད་ནི་ཨེ་ཤི་ཡའི་ཆུ་བོ་ཆེ་ཁག་རྣམས་ཀྱི་འབྱུང་ཁུངས་ཡིན།དེ་བཞིན་འཛམ་གླིང་གི་རི་བོ་མཐོ་ཤོས་དང༌།མིའི་འགྲོ་བས་རེག་མྱོང་མེད་པའི་གཏེར་དངོས་དང།ནགས་གསེབ་ཀྱིས་ཕྱུག་པའི་ས་རྒྱ་ཡངས་ཤིང༌།འཛམ་གླིང་གི་ས་སྒང་མཐོ་ཤོས་དེ་རེད།

དེ་འདྲའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྲོལ་ནི་བོད་མི་ཚོས་མི་དང་དུད་འགྲོ་དབྱེ་བ་མེད་པར་སེམས་ཅན་ཀུན་ལ་གནོད་འཚེ་སྤང་བ་དང་གཞན་གྱི་ཚེ་སྲོག་ལ་བརྩི་བཀུར་བྱེད་པའི་སྲོལ་རྒྱུན་ལས་བྱུང་བ་ཞིག་རེད།བོད་ནི་རང་བཞིན་འབྱུང་བའི་ཁོར་ཡུག་ཐུན་མོང་མ་ཡིན་པའི་ནང་ཆུད་ཟོས་སུ་མ་སོང་བའི་རྩ་ཆེའི་གནས་གཙང་ཞིག་རེད།

ད་ལྟའི་ཆར་བོད་ཀྱི་གནའ་བོའི་ཁོར་ཡུག་ལ་བསྐྱར་གསོ་ཐུབ་ཐབས་མེད་པའི་གནོད་འཚེ་ཕོག་གི་ཡོད།དེ་དག་གི་ཤུགས་རྐྱེན་རྣམས་གཙོ་བོ་རྩ་ཐང་དང༌།ཞིང་ས།ནགས་གསེབ།ཆུའི་ཐོན་ཁུངས།རི་སྐྱེས་སྲོག་ཆགས་བཅས་ཀྱི་ནང་གསལ་པོ་མཐོང་ཆོས་སུ་ཡོད།

དེ་འདྲ་སོང་ཙང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ཞེ་ལྔ་དང༌།རེ་དྲུག་གཞིར་བཟུང་བོད་ཀྱི་གནའ་བོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྲོལ་དང་མཐུན་པར་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་བཟོ་རྒྱུ་དང་འཛིན་སྐྱོང་བྱེད་རྒྱུའི་ཐོབ་ཐང་སྤྲད་དགོས།

༧་ རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས།

རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ནང་རང་བྱུང་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བདག་གཉེར་བྱེད་ཕྱོགས་ཐད་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ནས་ཆ་ཤས་བླང་རྒྱུའི་གདེང་འཇོག་བྱས་ཡོད།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་བདུན་དང༌།ཉི་ཤུ་རྩ་བརྒྱད།བཞི་བཅུ་ཞེ་ལྔ།།དྲུག་ཅུ་རེ་དྲུགདེ་བཞིན་དུ་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་བརྒྱད་པའི་ནང་"མི་རིགས་ས་གནས་རང་སྐྱོང་གི་ཁེ་ཕན་ལ་ལྟ་རྟོག་བྱེད་དགོས།"ཞེས་ཁས་ལེན་བྱས་ཡོད།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱིས་རང་སྐྱོང་ས་ཁུལ་ནས་ཤིང་ནགས་དང་རྩ་ཐང་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུའི་གལ་འགངས་ངོས་འཛིན་དང་དོན་ཚན་ཉི་ཤུ་རྩ་བདུན།"ས་གནས་དེ་གས་ཐོན་སྒོ་འབྱེད་ཐུབ་པའི་རང་བྱུང་གི་ཐོན་ཁུངས་རྣམས་ནི་དམིགས་བཀར་གྱིས་ཚུལ་ལུགས་དང་མཐུན་པའི་སྒོ་ནས་ཐོན་སྒོ་སྔོན་འབྱེད་དང་དགེ་བེད་སྔོན་སྤྱོད་བྱས་ཆོག"ཅེས་གསལ་ཡོད།དོན་ཚན་ཉི་ཤུ་རྩ་བརྒྱད།

ས་ཞིང་བདག་དབང་ནི་རང་བྱུང་ཐོན་ཁུངས་དང༌།ཁྲལ་དང་ཡོང་འབབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་རྨང་གཞི་ཆགས་ཡོད།དེར་བརྟེན་རྒྱལ་ཁབ་ཀྱིས་དབང་བའི་ས་མ་ཡིན་པ་ཚང་མ་བོགས་མ་གཏོང་བའམ་བརྗེ་བསྒྱུར་བྱེད་རྒྱུའི་ཁྲིམས་མཐུན་དབང་ཚད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁོ་ན་ལ་དགོས་རྒྱུ་གལ་ཆེན་པོ་ཡིན།དེ་བཞིན་དུ་རྒྱལ་ཁབ་ཀྱི་ཡར་རྒྱས་འཆར་གཞི་དང་མཐུན་པར་རང་སྐྱོང་ས་གནས་ལ་རང་དབང་གི་སྒོ་ནས་ཡར་རྒྱས་འཆར་གཞི་བཟོ་བཀོད་དང་ལག་བསྟར་བྱེད་རྒྱུའི་ཐོབ་ཐང་ དགོས་ཀྱི་ཡོད།

༨་ དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ།

བོད་ཀྱི་ས་ཁུལ་ཁག་གི་དཔལ་འབྱོར་ཡར་རྒྱས་ནི་དགོས་ངེས་ཅན་ཞིག་རེད།དཔལ་འབྱོར་གྱི་ཆ་ནས་བོད་ཀྱི་ས་ཁུལ་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་རྗེས་ལུས་ཆེ་ཤོས་གྲས་གཅིག་རེད།

རྩ་ཁྲིམས་ནང་རང་སྐྱོང་གི་ལས་ཁུངས་ལ་ས་གནས་ཀྱི་ཁྱད་ཆོས་དང་དགོས་མཁོར་གཞིགས་པའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ཐད་གལ་ཆེའི་ཆ་ཤས་བླང་རྒྱུའི་ལྟ་བ་ངོས་འཛིན་བྱས་ཡོད།རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་བརྒྱད་དང༌།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་ལྔ།དེ་བཞིན་དུ་དངུལ་རྩིས་དོ་དམ་དང་འཛིན་སྐྱོང་བྱེད་རྒྱུའི་རང་སྐྱོང་གི་ལྟ་གྲུབ་ཀྱང་ངོས་འཛིན་བྱས་ཡོད།རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་བདུན་དང༌།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་སུམ་ཅུ་སོ་གཉིས།གཞན་ཡང་རང་སྐྱོང་ས་ཁུལ་ཁག་གི་ཡར་རྒྱས་མགྱོགས་མྱུར་ཡོང་ཆེད་རྒྱལ་ཁབ་ནས་དངུལ་གྱི་རོགས་རམ་དང་མཐུན་འགྱུར་བྱེད་དགོས་པའང་ངོས་འཛིན་བྱས་ཡོད།རྩ་ཁྲིམས་དོན་ཚན་བརྒྱ་དང་ཉི་ཤུ་རྩ་གཉིས་དང༌།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་གཉིས།

དེ་མཚུངས་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་སུམ་ཅུ་སོ་གཅིག་པའི་ནང་བོད་ལྟ་བུ་རྒྱལ་ཁབ་གཞན་དང་ས་འབྲེལ་ཡིན་པའི་རང་སྐྱོང་ས་ཁུལ་རྣམས་ཀྱིས་ཕྱི་རྒྱལ་དང་མཉམ་ཚོང་འབྲེལ་དང་ས་མཚམས་ཚོང་འབྲེལ་གཉེར་ཆོག་པའང་གསལ་ཡོད།རྒྱལ་ཁབ་གཞན་དང་མཉམ་ལེགས་བྱང་དང༌།ཆོས་ལུགས།མི་རིགས།དཔལ་འབྱོར་བཅས་ཀྱི་ཆ་ནས་ཐུན་མོང་གི་ཁྱད་ཆོས་ཡོད་མཁན་བོད་མི་ཚོར་ལྟ་གྲུབ་དེ་ནི་ཧ་ཅང་གལ་འགངས་ཅན་ཞིག་རེད།

དབུས་གཞུང་དང༌།ཞིང་ཆེན་ཁག་གི་རོགས་སྐྱོར་བྱས་པ་གནས་སྐབས་ཀྱི་ཕན་ཐོགས་ཡོད་ནའང༌།ནམ་ཕུགས་བོད་རིགས་རྣམས་རང་རྐྱ་མི་འཕེར་བ་གཞན་ལ་བརྟེན་དགོས་ཆགས་ན་གནོད་སྐྱོན་ཆེ་བས་བོད་རིགས་རྣམས་དཔལ་འབྱོར་རང་འཚོ་ཐུབ་པ་བཟོ་རྒྱུའང་རང་སྐྱོང་གི་དམིགས་ཡུལ་གལ་ཆེ་ཞིག་ཡིན།

༩་ མང་ཚོགས་ཀྱི་འཕྲོད་བསྟེན།

རྩ་ཁྲིམས་ནང་མང་ཚོགས་ལ་འཕྲོད་བསྟེན་དང་སྨན་བཅོས་ཀྱི་མཐུན་རྐྱེན་སྤྲོད་རྒྱུའི་ལས་འགན་རྒྱལ་ཁབ་ནས་བླང་དགོས་པ་གསལ་ཡོད།རྩ་ཁྲིམས་དོན་ཚན་ཉི་ཤུ་རྩ་གཅིགརྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དགུའི་ནང་དེ་ནི་རང་སྐྱོང་ས་གནས་ཀྱི་ལས་འགན་ཡིན་པའི་ངོས་འཛིན་བྱས་ཡོད།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཞི་བཅུ།ནང་ས་གནས་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ནས་"རང་ཐག་རང་གཅོད་ཀྱིས་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་འཆར་གཞི་བཟོས་ཐོག་དེང་རབས་ཀྱི་སྨན་དཔྱད་དང་མི་རིགས་ཀྱི་སྲོལ་རྒྱུན་སྨན་དཔྱད་གོང་དུ་སྤེལ་"རྒྱུའི་ཐོབ་ཐང་ངོས་འཛིན་བྱས་ཡོད།

གོང་འཁོད་ཁྲིམས་ཡིག་ཁག་གི་དགོངས་དོན་གཞིར་བཟུང་ས་གནས་རང་སྐྱོང་ལས་ཁུངས་ལ་བོད་མི་ཡོངས་ཀྱི་འཕྲོད་བསྟེན་གྱི་དགོས་མཁོ་བསྐང་རྒྱུའི་མཐུན་རྐྱེན་དང་ནུས་པ་ལྡན་དགོས་པ་ཡིན།དེ་མཚུངས་བསྲེ་ལྷད་མེད་པའི་སྒོ་ནས་སྲོལ་རྒྱུན་གཞིར་བཟུང་བོད་སྨན་དང་སྐར་རྩིས་ཀྱི་ལག་ལེན་རྣམས་ཁྱབ་སྤེལ་གཏོང་རྒྱུའི་ནུས་པ་ལྡན་དགོས་པ་ཡིན།

༡༠་ མང་ཚོགས་ཀྱི་བདེ་འཇགས།

མང་ཚོགས་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་མཁན་དང།བདེ་འཇགས་མི་སྣའི་ཁོངས་ས་གནས་དེ་གའི་སྲོལ་རྒྱུན་དང་གོམས་གཤིས་ལ་རྒྱུས་མངའ་དང་བརྩི་བཀུར་ཡོད་པའི་མི་སྣ་གང་མང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།

རང་སྐྱོང་དང་རང་སྲིད་རང་སྐྱོང་གི་ལས་འགན་གལ་ཆེ་བ་གཅིག་ནི་མང་ཚོགས་ནང་ཁུལ་གྱི་སྒྲིག་ལམ་དང༌།རང་སྐྱོང་ས་ཁུལ་གྱི་བདེ་འཇགས་ལྟ་རྟོག་བྱེད་རྒྱུ་དེ་རེད།རྩ་ཁྲིམས་དོན་ཚན་བརྒྱ་དང་ཉི་ཤུདང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་བཞི།ནང་"རྒྱལ་ཁབ་ཀྱི་དམག་དོན་ལམ་ལུགས་དང་ས་གནས་དེ་གའི་དགོས་མཁོ་དངོས་ལ་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་མཚམས་སུཎཎརང་སྐྱོང་ས་ཁུལ་གྱི་བདེ་འཇགས་བཟོ་བཀོད་བྱེད་པའི་དབང་ཚད་དང་ཆ་ཤས་བླང་རྒྱུ་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱས་ཡོད།

༡༡་ ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག

མི་རིགས་ས་གནས་རང་སྐྱོང་དང་རང་སྲིད་རང་སྐྱོང་བྱེད་པའི་གཞི་རྩའི་དམིགས་ཡུལ་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང༌།ལེགས་བྱང༌།སྐད་ཡིག་སོགས་སྲུང་སྐྱོབ་དང༌།རང་ཁྱིམ་རང་བདག་ཡོང་ཐབས་བྱེད་རྒྱུ་དེ་རེད།གལ་སྲིད་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའི་ས་ཁུལ་དུ་མི་རིགས་ཆེན་པོ་སྟེ་རྒྱ་རིགས་དང་མི་རིགས་གཞན་མང་པོ་གཞི་རྒྱ་ཆེན་པོའི་སྒོ་ནས་སྤོ་ཤུགས་བྱེད་དུ་བཅུག་པའམ།སྤོ་ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་ན་དེས་མི་རིགས་ས་གནས་རང་སྐྱོང་གི་དམིགས་ཡུལ་དང་ལྟ་གྲུབ་རྩིས་མེད་བཏང་གི་ཡོད།དེ་འདྲའི་མི་འབོར་སྤོ་ཤུགས་ཀྱི་དབང་གིས་མི་འབོར་ལ་འགྱུར་བ་ཆེན་པོ་ཕྱིན་པར་བརྟེན་བོད་རིགས་རྣམས་རྒྱ་རིགས་དང་མཉམ་ཆིག་བསྒྲིལ་ཡོང་རྒྱུའི་ཚབ་ཏུ་རང་གི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང་ངོ་བོ་རིམ་བཞིན་རྩ་བརླག་འགྲོ་བའི་སྒོ་ནས་བོད་མི་རྣམས་རྒྱ་རིགས་ཆེན་པོའི་ནང་ཐིམ་འགྲོདེ་མཚུངས་བོད་རིགས་ས་ཁུལ་ཁག་གི་ནང་རྒྱ་རིགས་དང་མི་རིགས་གཞན་མང་པོ་སྤོ་ཤུགས་བྱེད་པའི་དབང་གིས་ས་གནས་རང་སྐྱོང་ལག་བསྟར་བྱེད་རྒྱུའི་དགོས་ངེས་ཆ་རྐྱེན་ཁག་ལ་གཞི་རྩའི་འགྱུར་བ་འགྲོ་རྒྱུ་རེད།གང་ཡིན་ཟེར་ན་ཎཎགྲངས་ཉུང་མི་རིགས་འདུས་སྡོད་"བྱེད་སའི་ས་ཁུལ་ཞེས་གསལ་བ་ལྟར་གང་དུ་རང་སྐྱོང་ལག་བསྟར་བྱེད་རྒྱུའི་རྩ་ཁྲིམས་ཀྱི་ཚད་གཞི་དེ་མི་འབོར་སྤོ་ཤུགས་ཀྱི་དབང་གིས་བསྒྱུར་བཅོས་དང་རྩིས་མེད་གཏོང་གི་ཡོད།གལ་སྲིད་དེ་ལྟ་བུའི་མི་འབོར་སྤོ་ཤུགས་དོ་དམ་མ་བྱེད་པར་མུ་མཐུད་གནས་ན་བོད་རིགས་རྣམས་ནམ་ཡང་འདུས་སྡོད་གནས་ཐབས་མེད་པ་དང༌།དེའི་དབང་གིས་རྩ་ཁྲིམས་གཞིར་བཟུང་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡང་མེད་པ་ཆགས་ཀྱི་རེད།དེ་ལྟར་བྱེད་ན་མི་རིགས་གནད་དོན་ཐད་ཀྱི་རྩ་ཁྲིམས་ཀྱི་ལྟ་གྲུབ་དངོས་སུ་རྡོག་རོལ་གཏོང་གི་ཡོད།

རྒྱ་ནག་ནང་ཡུལ་མིའི་འགྲོ་འོང་དང་གནས་སྡོད་བྱེད་ཕྱོགས་ཐད་དམ་བསྒྲགས་བྱས་མྱོང་ཡོད།རང་སྐྱོང་ས་ཁུལ་ཁག་ལ་"ཕྱོགས་མི་"དོ་དམ་བྱེད་རྒྱུའི་ཐོབ་ཐང་ཉུང་ཉུང་ལས་ངོས་འཛིན་བྱས་མེད།ང་ཚོའི་བསམ་ཚུལ་ལྟར་ན་རང་སྐྱོང་གི་ལྟ་གྲུབ་ལ་བརྩི་བཀུར་དང་ལག་ལེན་དོན་འཁྱོལ་ཡོང་བར་རང་སྐྱོང་ལས་ཁུངས་ཁག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་ནས་བོད་ནང་ཡོང་མཁན་ཚོ་གནས་སྡོད་བྱེད་པ་དང༌།གཞིས་ཆགས་པ།ལས་རིགས་དང་དཔལ་འབྱོར་གྱི་ལས་དོན་གཉེར་ཕྱོགས་བཅས་ཀྱི་སྲོལ་ཡིག་བཟོ་རྒྱུའི་དབང་ཚད་དགོས་རྒྱུ་གལ་ཆེན་པོ་ཡིན།

བོད་ནང་གཏན་དུ་གཞིས་ཆགས་པ་དང༌།དུས་ཡུན་རིང་པོ་ནས་གནས་སྡོད་འཚར་ལོངས་བྱས་པ་རྣམས་ཕྱིར་འབུད་བྱེད་རྒྱུ་ང་ཚོའི་ཀུན་སློང་མིན།ང་ཚོའི་སེམས་འཚབ་བྱེད་གཞི་རྒྱ་རིགས་གཙོས་པའི་མི་རིགས་གཞན་འབོར་ཆེན་སྤོ་ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་པའི་དབང་གིས་ད་ཡོད་སྤྱི་ཚོགས་ལ་འཕོ་འགྱུར་དང༌།བོད་མི་རྣམས་གྲངས་ཉུང་ཆགས་པ།ཧ་ཅང་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་བཟོས་ཀྱི་ཡོད་པ་དེ་དག་ཡིན།

༡༢་ རྒྱལ་ཁབ་གཞན་དང་མཉམ་ལེགས་བྱང་དང༌།སློབ་གསོ།ཚན་རིགཆོས་ལུགས་ཐད་ཕན་ཚུན་བརྗེ་ལེན་བྱེད་ཆོག་པ།

རང་སྐྱོང་གི་གནད་དོན་དང་འབྲེལ་བ་དཔེར་ན་ལེགས་བྱང་དང༌།སྒྱུ་རྩལ།ཤེས་ཡོན།ཚན་རིགམང་ཚོགས་ཀྱི་འཕྲོད་བསྟེན།རྩེད་རིགས།ཆོས་ལུགས།ཁོར་ཡུགདཔལ་འབྱོར་སོགས་ཀྱི་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་གཞན་དང་རང་སྐྱོང་ལྗོངས་གཞན།ཞིང་ཆེན་གཞན་དང་མཉམ་ཕན་ཚུན་བརྗེ་ལེན་དང་མཐུན་འབྲེལ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་སྨོས་མེད་ཐོགརྒྱལ་ཁབ་གཞན་དང་མཉམ་དུའང་ཕན་ཚུན་བརྗེ་ལེན་བྱེད་རྒྱུ་དབང་ཆ་ཡོད་པ་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་གཉིས།ནང་ངོས་འཛིན་བྱས་ཡོད།

ལྔ་པ།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་རྣམས་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པ།

གོང་གསལ་བོད་མིའི་གཞི་རྩའི་དགོས་མཁོ་རྣམས་ཀྱི་ཐོག་རང་སྐྱོང་ལག་ལེན་བྱེད་དེ་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་དང༌།ལེགས་བྱང༌།ནང་དོན་རིག་པའི་སྲོལ་རྒྱུན་རྣམས་སྲུང་སྐྱོབ་དར་སྤེལ་གཏོང་བའི་སྒོ་ནས་བོད་ཀྱི་ཡར་རྒྱས་ཡོང་བ་བྱེད་པར་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་སྐྱོང་གི་གནས་བབ་སྤྲད་པའི་བོད་རིགས་ས་ཁུལ་ཚང་མ་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་པ་བྱེད་དགོས།ད་ཡོད་འཛིན་སྐྱོང་གི་དབྱེ་བ་འདིས་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྗོངས་དང་ཞིང་ཆེན་མང་པོའི་ནང་འཛིན་སྐྱོང་བྱེད་ཀྱི་ཡོད་སྟབས།དུམ་བུར་ཁ་གྱེས་པ་དང༌།ཡར་རྒྱས་དོ་མཉམ་མི་ཡོང་བའི་རྐྱེན་བྱེད་ཀྱི་ཡོད།དེ་བཞིན་དུ་བོད་མིའི་ཐུན་མོང་གི་ངོ་བོ་དང༌།ལེགས་བྱང༌།ནང་དོན་རིག་པའི་སྲོལ་རྒྱུན་བཅས་པ་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུའི་ནུས་པ་ཉམས་གུད་གཏོང་གི་ཡོད།སྲིད་བྱུས་འདིས་མི་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་བྱེད་རྒྱུའི་ཚབ་ཏུ་མི་རིགས་ཁ་བྲལ་དང༌།བོད་མི་རིགས་ཀྱི་གཅིག་གྱུར་ངོ་བོ་ལ་འགོག་རྐྱེན་དང་རང་སྐྱོང་གི་དགོངས་དོན་རྩིས་མེད་གཏོང་གི་ཡོད།གྲངས་ཉུང་མི་རིགས་གཙོ་བོའི་གྲས་གཞན་ཡུ་གུར་དང་སོག་རིགས་རྣམས་ཕལ་ཆེར་ཆ་ཚང་སོ་སོའི་རང་སྐྱོང་ལྗོངས་གཅིག་གི་ནང་འཛིན་སྐྱོང་བྱེད་ཀྱི་ཡོད་ཀྱང༌།བོད་རིགས་རྣམས་གྲངས་ཉུང་མི་རིགས་གཅིག་མ་ཡིན་པར་མང་པོ་ཡིན་པ་ལྟར་གནས་ཡོད།

ད་ལྟའི་ཆར་རང་སྐྱོང་གི་གནས་བབ་འདྲ་མིན་འོག་ཡོད་པའི་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་ནང་ཚུད་པ་བྱེད་རྒྱུ་དེ་རྩ་ཁྲིམས་དོན་ཚན་བཞི་པའི་ནང་གསལ་བའི་ལྟ་གྲུབ་དང་ཡོངས་སུ་མཐུན་པ་མ་ཟད།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་གཉིས་པའི་ནང་ཡང་"གྲངས་ཉུང་མི་རིགས་སོ་སོ་འདུས་སྡོད་བྱེད་སའི་ས་གནས་ཁག་ཏུ་ས་ཁོངས་རང་སྐྱོང་དངོས་སུ་བྱ་རྒྱུ།ཎཎཡིན་པ་འཁོད་ཡོད།མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་ནི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྒྱ་ནག་དམར་ཤོག་ཚོགས་པའི་གཏན་ལ་ཕབ་པའི་གཞི་རྩའི་སྲིད་བྱུས་ཡིན་པ་དང༌།ཎཎརྒྱལ་ཁབ་ཀྱི་འགོ་ཁྲིད་གཅིག་གྱུར་འོགགྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་སུ་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་ལོངས་སུ་སྤྱོད་རྒྱུ་དེ་ཡིན།མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེའི་ཐོག་ནས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་སོ་སོའི་ནང་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་དབང་ལོངས་སུ་སྤྱོད་པར་བརྩི་འཇོག་དང་འགན་སྲུང་ལེགས་པར་བྱེད་པའི་དགོངས་དོན་མཚོན་པ་དང༌།རྒྱལ་ཁབ་ཀྱི་མི་རིགས་ཁག་བར་འདྲ་མཉམ་དང་མཐུན་སྒྲིལ་ཡོང་བ་མཐའ་འཁྱོངས་དང༌།མི་རིགས་ཁག་ལྷན་དུ་དར་རྒྱས་ཕུན་སུམ་ཇེ་ཚོགས་ཡོང་བ་མཐའ་འཁྱོངས་བྱེད་པའི་རྩ་དོན་མཚོན་ཡོད།"ཅེས་འཁོད་ཡོད།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་སྔོན་གླེང༌།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བོད་མི་རྣམས་ལ་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་དེ་བོད་རིགས་ཡོངས་ལ་ཁྱབ་པ་ཞིག་བྱུང་ན་དོན་ཕན་ལྡན་པའི་རང་སྐྱོང་ཞིག་ཡོང་རྒྱུ་ཡིན་པ་གསལ་པོ་རེད།མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་མི་རིགས་རང་སྐྱོང་གི་ས་མཚམས་བསྒྱུར་བཅོས་བྱེད་དགོས་ཡོང་སྲིད་པའི་ལྟ་བ་ངོས་འཛིན་བྱས་ཡོད།རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གཞི་རྩའི་ལྟ་གྲུབ་གཞིར་བཟུང་བོད་མིའི་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པའི་མངོན་འདོད་དེ་ཡོངས་སུ་ཁྲིམས་མཐུན་ཡིན་པ་ཙམ་མ་ཟད།དེའི་ཆེད་འཛིན་སྐྱོང་བསྒྱུར་བཅོས་བྱེད་དགོས་ཁག་ཀྱང་རྩ་ཁྲིམས་ཀྱི་ལྟ་གྲུབ་དང་འགལ་གྱི་མེད་པ་དང༌།དངོས་སུ་དེ་ལྟར་བྱས་པའང་མང་པོ་བྱུང་ཡོད།

དྲུག་པ།རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི།

རང་སྐྱོང་མིང་དོན་མཚུངས་པ་བྱུང་མིན་གོང་གསལ་རང་སྐྱོང་བྱེད་སའི་གནད་དོན་འདི་དག་ཐད་བོད་མིའི་རང་སྐྱོང་དང་རང་སྲིད་རང་སྐྱོང་བྱེད་རྒྱུའི་ཚད་གཞི་དང་བྱེད་ཐབས་ག་འདྲ་ཞིག་སྤྱད་མིན་ལ་རག་ལུས་ཀྱི་ཡོད།དེར་བརྟེན་བསམ་ཞིབ་བྱེད་དགོས་པ་ནི་བོད་མི་རིགས་ཀྱི་དམིགས་བསལ་གནས་སྟངས་དང་གཞི་རྩའི་དགོས་མཁོར་འཚམས་པའི་རང་སྐྱོང་གི་ཁྲིམས་ལུགས་བཟོ་རྒྱུ་དང་ལག་བསྟར་བྱེད་ཕྱོགས་ཇི་འགབ་དེ་རེད།

མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པའི་ནང་བོད་མིར་སོ་སོའི་དགོས་མཁོ་དང་ཁྱད་ཆོས་དང་འཚམས་པའི་ས་གནས་གཞུང་དང༌།གཞུང་གི་སྒྲིག་འཛུགས་ཁགདེ་བཞིན་ལམ་ལུགས་བཅས་བཟོ་རྒྱུའི་ཐོབ་ཐང་ཡང་ཚུད་ཡོད།རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ནང་ཁུལ་གྱི་གནད་དོན་ཚང་མའི་རང་སྐྱོང་གི་གནད་དོན་གོང་དུ་གསལ་བ་རྣམས་ལ་གོཐོག་ཁྲིམས་བཟོ་རྒྱུའི་དབང་ཆ་དང༌།རང་སྐྱོང་གཞུང་གི་ལས་ཁུངས་ཁག་ལ་ལག་བསྟར་དབང་ཆ་དང་རང་དབང་གི་སྒོ་ནས་ཐག་གཅོད་བྱེད་རྒྱུའི་དབང་ཆ་ཡོད་དགོས་པ་ཡིན།དབུས་གཞུང་རྒྱལ་ཁབ་རིམ་པའི་ཐག་གཅོད་བྱེད་མཁན་ཁོངས་ངོ་ཚབ་ཡོད་པ་དང་དོན་སྙིང་ལྡན་པའི་ཆ་ཤས་བླང་རྒྱུ་ཡང་རང་སྐྱོང་ནང་ཚུད་ཀྱི་ཡོད།རང་སྐྱོང་ཚགས་ཚུད་པོ་ཡོང་བར་གྲོས་བསྡུར་བྱེད་རྒྱུའི་ཐབས་ལམ་ཕན་ནུས་ཅན་དང༌།ཕན་ཚུན་འབྲེལ་ལམ་ཉེ་བོའམ་ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཁག་དབུས་དང་ས་གནས་ཀྱི་གཞུང་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཐག་གཅོད་བྱེད་རྒྱུའི་ཐབས་ལམ་ཡོད་དགོས།

མིང་དོན་མཚུངས་པའི་རང་སྐྱོང་གི་ཆ་རྐྱེན་གལ་ཆེ་ཤོས་གཅིག་ནི་རྩ་ཁྲིམས་དང་ཁྲིམས་ཡིག་གཞན་ནས་རང་སྐྱོང་ས་གནས་ལ་སྤྲད་པའི་དབང་ཆ་དང་ལས་འགན་རྣམས་ཕྱོགས་གཅིག་རྐྱང་པའི་ངོས་ནས་རྩིས་མེད་དམ་བཟོ་བཅོས་མི་ཆོག་པའི་འགན་ལེན་བྱེད་རྒྱུ་དེ་རེད།དེའི་གོ་དོན་ནི་དབུས་དང་རང་སྐྱོང་ས་གནས་ཀྱི་གཞུང་སུ་ཡིན་རུང་ཕྱོགས་གཞན་གྱི་བཀའ་འཁྲོལ་མེད་པར་ཕྱོགས་གཅིག་རྐྱང་པའི་ངོས་ནས་རང་སྐྱོང་གི་གཞི་རྩའི་ཆ་རྐྱེན་ཁག་ལ་འགྱུར་བཅོས་གཏང་མི་ཆོག་པ་དེ་རེད།

བོད་དང་བོད་མིའི་གནས་སྟངས་དང་དགོས་མཁོར་འཚམས་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་ཁྱབ་ཚད་དང་ཁྱད་ཆོས་རྣམས་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་དགུའི་ནང་གསལ་ཡོད།ནང་གསལ་བའི་ཆ་རྐྱེན་གཞིར་བཟུང་རང་སྐྱོང་བྱེད་ཕྱོགས་ཀྱི་སྲོལ་ཡིག་ནང་འགྲེལ་བརྗོད་ཞིབ་ཕྲ་བཀོད་དགོས།ཡང་ན་གལ་སྲིད་འོས་འཚམས་བྱུང་ན་དེའི་ཆེད་ཟུར་དུ་ཁྲིམས་ཡིག་གཏན་འབེབས་བྱེད་ཆོགརྩ་ཁྲིམས་དོན་ཚན་སུམ་ཅུ་སོ་གཅིག་ཐེ་བའི་རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང༌།དཔལ་འབྱོར།ཆབ་སྲིད་ལམ་ལུགས་ལ་བརྩི་བཀུར་བྱེད་པའི་སྒོ་ནས་བོད་ལྟ་བུ་དམིགས་བསལ་གནས་བབ་ཡོད་མཁན་ལ་དམིགས་བསལ་གནས་བབ་དང་འཚམས་པའི་གུ་བཤངས་བྱེད་རྒྱུའི་ཆ་རྐྱེན་གསལ་ཡོད།

རྩ་ཁྲིམས་ལེའུ་གསུམ་པའི་ས་བཅད་དྲུག་པའི་ནང་མི་རིགས་ས་གནས་རང་སྐྱོང་ལ་རང་སྐྱོང་གི་གཞུང་དང༌།ཁྲིམས་བཟོའི་དབང་ཆ་ཡོད་པའི་ངོས་འཛིན་བྱེད་ཡོད།དེར་བརྟེན་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་ནང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་དགུ་པའི་ནང་ཡང་གསལ་ཡོད།"ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང༌།དཔལ་འབྱོར།རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་སྲོལ་ཡིག་"གཏན་འབེབས་བྱེད་རྒྱུའི་དབང་ཆའི་སྐོར་འཁོད་ཡོད།དེ་མཚུངས་རྩ་ཁྲིམས་ནང་གནད་དོན་མང་པོའི་ཐོག་འཛིན་སྐྱོང་རང་སྐྱོང་བྱེད་རྒྱུའི་དབང་ཆ་དང༌།

རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་བདུན་ནས་བརྒྱ་དང་ཉི་ཤུ་བར།དེ་བཞིན་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་ཀྱི་དགོས་མཁོ་དང་འཚམས་པར་དབུས་གཞུང་དང་རྒྱལ་ཁབ་ཀྱི་ལས་ཁུངས་གོང་མའི་ཁྲིམས་དང་སྲིད་བྱུས་རྣམས་ས་གནས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་གུ་བཤངས་ལག་བསྟར་ཆོག་པའི་ངོས་འཛིན་བྱས་ཡོད།

རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ།།གོང་འཁོད་ཁྲིམས་ཀྱི་ཆ་རྐྱེན་འདི་དག་གིས་རང་སྐྱོང་ལས་ཁུངས་ཀྱི་ཐག་གཅོད་བྱེད་རྒྱུའི་དབང་ཚད་ལ་འགོག་རྐྱེན་ངེས་ཅན་བཟོ་སྲིད་ནའང༌།རྩ་ཁྲིམས་ནང་རང་སྐྱོང་ལས་ཁུངས་ལ་ས་གནས་ཀྱི་དགོས་མཁོ་དང་འཚམས་པའི་ཁྲིམས་བཟོ་རྒྱུ་དང༌།སྲིད་བྱུས་ཐག་གཅོད་བྱེད་རྒྱུའི་ལྟ་གྲུབ་ངོས་འཛིན་བྱས་ཡོད་པ་མ་ཟད།དེ་དག་དབུས་གཞུང་ཐེ་བས་ལས་ཁུངས་གཞན་གྱིས་གཏན་འབེབས་དང་མི་མཐུན་པའང་ཡོང་ཆོག་ཚུལ་གསལ་ཡོད།

ང་ཚོས་གསལ་འདོན་བྱས་པ་ལྟར་བོད་མིའི་དགོས་མཁོ་རྣམས་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་དང་གུ་ཡངས་པོའི་སྒོ་ནས་མཐུན་གྱི་ཡོད་ཀྱང༌།ལག་ལེན་དངོས་ཀྱི་ཐོག་ལྟ་གྲུབ་དེ་དག་དོན་འཁྱོལ་ཡོང་བར་ད་ལྟའི་ཆར་དཀའ་ངལ་སྣ་ཚོགས་ཀྱི་དབང་གིས་འགོག་རྐྱེན་ནམ།ནུས་མེད་བཟོས་ཀྱི་ཡོད།

མིང་དོན་མཚུངས་པའི་རང་སྐྱོང་བྱེད་པར་དཔེར་ན་དབང་ཆ་ཆ་བགོས་དང༌།དེ་བཞིན་དབུས་དང་རང་སྐྱོང་ས་གནས་གཞུང་གཉིས་བར་གནད་དོན་བྱེ་བྲག་པའི་ཐོག་སོ་སོའི་ལས་འགན་ཆ་བགོས་གསལ་པོ་དགོས་ཀྱི་ཡོད།ད་ལྟའི་ཆར་དེ་འདྲའི་གསལ་ཁ་མེད་པ་མ་ཟད།རང་སྐྱོང་ས་གནས་ཀྱི་ཁྲིམས་བཟོའི་དབང་ཚད་གཏན་མ་འཁེལ་བ་དང་འགོག་རྐྱེན་ཚབས་ཆེ་ཡོད་མུས་རེད།དེར་བརྟེན་ཕྱོགས་གཅིག་ནས་རྩ་ཁྲིམས་ནང་རང་སྐྱོང་ས་གནས་ལ་གནད་དོན་མང་པོའི་ཐོག་ཁྲིམས་བཟོ་རྒྱུའི་དམིགས་བསལ་དགོས་མཁོ་ངོས་འཛིན་བྱས་ཡོད་ཀྱང༌།དེ་དག་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་གཞིར་བཟུང་དབུས་གཞུང་གི་ལས་ཁུངས་མཐོ་ཤོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ནས་བཀའ་འཁྲོལ་འཐོབ་དགོས་ཀྱི་ཡོད་སྟབས་རང་སྐྱོང་གི་ལྟ་གྲུབ་འདི་དག་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཀྱི་ཡོད།དངོས་སུ་དེ་འདྲའི་བཀའ་འཁྲོལ་དགོས་པར་འཁོད་པ་དེ་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཁོ་ན་རེད་འདུགརྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དཀྱུས་མ་ཁག་རང་སྐྱོང་མ་ཡིན་པ།ལ་དེ་འདྲའི་བཀའ་འཁྲོལ་དགོས་ཀྱི་མེད་པ་མ་ཟད།གཏན་འབེབས་བྱས་པའི་སྲོལ་ཡིག་རྣམས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ལ་ཐོ་འགོད་ཆེད་སྙན་གསན་ཙམ་ལས་ཞུ་དགོས་ཀྱི་མེད།རྩ་ཁྲིམས་དོན་ཚན་བརྒྱ་ཐམ་པ།

རང་སྐྱོང་དངོས་སུ་ལག་བསྟར་བྱེད་ཕྱོགས་ཀྱང་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་གཞིར་བཟུང་ཁྲིམས་དང་སྲོལ་ཡིག་མང་དག་ཅིག་ལ་བསྟུན་དགོས་པ་བཟོས་ཡོད།ཁྲིམས་ཁ་ཤས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཀྱི་ཡོད་པ་དང༌།ཁ་ཤས་ ནི་ཕན་ཚུན་མི་མཐུན་པ་ཡོང་གི་ཡོད།དེར་བརྟེན་རང་སྐྱོང་གི་ཚད་གཞི་ངོ་མ་དེ་གང་ཡིན་མིན་གསལ་པོ་མེད་པ་དང་གཏན་མ་འཁེལ་བ་ཆགས་ཡོད།གང་ཡིན་ཟེར་ན་རྒྱལ་ཁབ་ཀྱི་ལས་ཁུངས་གོང་མས་ཁྲིམས་དང་སྲོལ་ཡིག་གཏན་ལ་ཕབ་པ་དང༌།ཐ་ན་སྲིད་བྱུས་འགྱུར་བ་བཏང་བ་སོགས་ཕྱོགས་གཅིག་རྐྱང་པའི་ངོས་ནས་འགྱུར་བ་བཏང་གི་ཡོད།དབུས་དང་ས་གནས་གཞུང་བར་རང་སྐྱོང་གི་ཚད་གཞི་དང་ལག་བསྟར་བྱེད་ཕྱོགས་སྐོར་མི་མཐུན་པ་བྱུང་ན་དེ་དག་ཐག་གཅོད་བྱེད་ཐབས་སམ་གྲོས་བསྡུར་བྱེད་རྒྱུའི་བརྒྱུད་ལམ་འདེང་ངེས་མེད།དོན་དངོས་ཐོག་གཏན་འབེབས་གསལ་པོ་མེད་པ་དེས་ས་གནས་ཀྱི་དབང་འཛིན་པ་ཚོས་ལས་དོན་འགན་འཁུར་བླང་རྒྱུར་འགོག་རྐྱེན་དང༌།ད་ལྟའི་ཆར་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཀྱི་ཡོད།

ད་ལྟའི་གནས་སྐབས་སུ་ང་ཚོས་གནད་དོན་འདི་དག་སྐོར་དང།མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པར་ད་ཡོད་བོད་མིའི་དཀའ་ངལ་རྣམས་ཞིབ་ཕྲའི་སྒོ་ནས་འགྲེལ་བརྗོད་བྱེད་འདོད་མེད་ཀྱང༌།མ་འོངས་པར་གྲོས་མོལ་སྐབས་འོས་འཚམས་ཀྱི་སྒོ་ནས་ཐག་གཅོད་ཡོང་ཆེད་དཔེ་མཚོན་གྱི་ཚུལ་དུ་འདི་དག་ཞུས་པ་ཡིན།ང་ཚོས་མུ་མཐུད་རྩ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ཡིག་ཁག་ལ་སློབ་སྦྱོང་བྱེད་རྒྱུ་དང༌།དུས་ཚོད་འོས་འཚམས་ཐོག་ང་ཚོས་གང་ཤེས་པ་ལྟར་ཞིབ་འཇུག་བྱས་འབྲས་རྣམས་མཁོ་འདོན་བྱེད་རྒྱུ་ཡིན།

བདུན་པ།མ་འོངས་མདུན་བསྐྱོད་བྱེད་ཐབས།

བསམ་འཆར་འདིའི་འགོ་འཛུགས་སྐབས་གསལ་བཤད་བྱས་པ་ལྟར་ང་ཚོས་བོད་མིའི་དགོས་མཁོ་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་དང་མཐུན་པ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་སྟབས།ང་ཚོའི་དམིགས་ཡུལ་ནི་དགོས་མཁོ་འདི་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཇི་ལྟར་བསྐང་ཐུབ་མིན་གྲོས་བསྡུར་བྱེད་རྒྱུ་དེ་ཡིན།ྋགོང་ས་མཆོག་གིས་ལན་མང་བཀའ་གནང་ཟིན་པ་ལྟར་ང་ཚོར་སྦས་པའི་ལས་འཆར་གང་ཡང་མེད།མིང་དོན་མཚུངས་པའི་རང་སྐྱོང་བྱེད་རྒྱུའི་འགྲིག་ཆགས་གང་འདྲ་ཞིག་བྱུང་ནའང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་བྱེད་རྒྱུའི་ཐེམ་སྐས་ལ་བེད་སྤྱོད་གཏང་རྒྱུའི་དམིགས་ཡུལ་གཏན་ནས་མེད།

བཙན་བྱོལ་བོད་གཞུང་ནི་བོད་མི་མང་གི་ཁེ་ཕན་དང་བོད་མིའི་ངོ་ཚབ་མཚོན་ཆེད་ཡིན་སྟབས།ང་ཚོའི་དབར་གོང་གསལ་གྱི་གནད་དོན་འདི་དག་དང་འབྲེལ་བའི་འགྲིག་ཆགས་བྱུང་ཕྱིན་དེའི་དགོས་མཁོ་མེད་པར་གྱུར་པས་འཕྲལ་དུ་ཕྱིར་བསྡུ་བྱེད་རྒྱུ་རེད།དོན་དངོས་ ཐོག་ྋགོང་ས་མཆོག་གིས་མ་འོངས་པར་ཆབ་སྲིད་ཀྱི་མཚན་གནས་གང་ཡང་བཞེས་རྒྱུ་མིན་པའི་ཐག་གཅོད་གནང་ཟིན་སྐོར་ལན་མང་བསྐྱར་ནན་གནང་ཡོད།འོན་ཀྱང་ྋགོང་ས་མཆོག་གི་ངོས་ནས་འགྲིག་ཆགས་ཡོང་བར་དགོས་ངེས་ཀྱི་བོད་མིའི་རྒྱབ་སྐྱོར་ཐོབ་ཆེད་ཁོང་སྐུ་སྒེར་གྱི་ནུས་པ་ཆ་ཚང་བེད་སྤྱོད་གནང་རྒྱུའི་དགོངས་བཞེས་གནང་གི་ཡོད།

ཁས་ལེན་འདི་དག་གཞི་རྩར་བཟུང་ནས་ལས་རིམ་འདིའི་གོམ་པ་གཉིས་པ་ནི་བསམ་འཆར་འདིའི་ནང་གསལ་བའི་གནད་དོན་ཁག་ལ་དོན་སྙིང་ལྡན་པའི་གྲོས་བསྡུར་འགོ་འཛུགས་བྱེད་རྒྱུར་མོས་མཐུན་ཡོང་བ་བྱེད་རྒྱུ་དེ་རེད།དེ་ལྟར་ཡོང་བར་ཕན་ཚུན་གཉིས་མོས་ཡོད་པའི་ཐབས་ལམ་དང༌།ལས་རིམ།དུས་ཚོད་རེའུ་མིག་བཅས་གོ་བསྡུར་གཏན་འབེབས་ཐུབ་པ་ཡོང་བའི་རེ་འདུན་ནན་པོ་བྱེད་ཀྱི་ཡོད།།

བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དམིགས་བསལ་གསུང་འཕྲིན།

༄༅།།བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་འཚམས་འདྲི་དང་བཅས་གལ་ཆེའི་གནས་ཚུལ་འགའ་ཤས་བརྗོད་རྒྱུར།ངོས་རང་ཆུང་དུས་ནས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་སླད་བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུ་གལ་ཆེར་མཐོང་སྟེ་ཆོས་སྲིད་ཀྱི་འགན་ཁུར་བླངས་ནས་བཟུང་འབད་རྩོལ་གང་ཡོང་བྱས་པ་ཡིན།འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་འོག་གྲུབ་འབྲས་ཐོན་ཐུབ་པ་མ་བྱུང༌།བཙན་བྱོལ་དུ་འབྱོར་མ་ཐག་གཞུང་གི་སྒྲིག་འཛུགས་བསྐྱར་བཅོས་དང་འབྲེལ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བྱས་པ་ནས་བཟུང་བོད་མིའི་མང་གཙོའི་འཕེལ་རིམ་བཙན་བྱོལ་བའི་གནས་བབ་ལ་གཞིགས་པའི་གང་ལེགས་བྱུང་སྟེ་ད་ཆ་དེང་རབས་མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བའི་བཅའ་ཁྲིམས་དང་ལྡན་པའི་གཞུང༌།གྲོས་ཚོགས་དང་འཛིན་སྐྱོང་གི་འགོ་ཁྲིད་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་བཞིན་ཡོད་པ་བཅས་བོད་མི་རིགས་ཀྱི་འགན་ཁུར་བོད་མི་མང་ཚོགསཀྱིས་བླངས་ཐུབ་པའི་གནས་བབ་ཅིག་ཆགས་ཡོད་པ་དགའ་སྤོབས་བྱ་འོས་ཀྱི་གནས་སུ་མཆིས།

ངོས་ནས་མང་གཙོའི་ལམ་སྲོལ་ཕྲ་ཚུགས་ཡོང་ཐབས་ལ་འབད་བརྩོན་རྒྱུན་སྲིང་བྱས་པའི་དམིགས་ཡུལ་ནི་བོད་མིའི་ཆབ་སྲིད་སྲ་བརྟན་རྒྱུན་གནས་ཡོང་ཐབས་ཁོ་ན་ལས་རང་ཉིད་འགན་ཁུར་བྱེད་འདོད་མེད་པའམ་ཡང་ན་གཡོལ་ཐབས་བྱས་པ་ཞིག་གཏན་ནས་མིན།འདས་པའི་བྱུང་རབས་ལས་ཉམས་མྱོང་དང༌།དེང་རབས་རྒྱལ་སྤྱིའི་གནས་བབ་ལས་བསླབ་བྱ་བླངས་ཏེ་བོད་དོན་བདེན་མཐའ་མ་གསལ་བར་བོད་མིའི་འཐབ་རྩོད་རྒྱུན་འཁྱོང་བྱེད་ཐུབ་པ་དང༌།བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་པ་བཅས་ཀྱི་ཆེད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་སྲ་བརྟན་འཛིན་སྐྱོང་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བ་ཡིན།

བཙན་བྱོལ་དུ་འབྱོར་བ་ནས་བཟུང་མང་གཙོའི་སྙིང་དོན་ལག་བསྟར་གྱིས་བོད་མིའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཁག་མང་ཚོགས་ཀྱི་བསམ་འཆར་བསྡུས་ཏེ་ཐག་ཆོད་བྱ་རྒྱུའི་འབད་རྩོལ་རྒྱུན་འཁྱོངས་བྱས་ཡོད།ད་ལྟ་ང་ཚོས་འཛིན་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཡང་ལོ་རབས་བདུན་ཅུ་པའི་འགོ་སྟོད་དུ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་སོགས་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་འགོ་ཁྲིད་རྣམས་དང་བསམ་ཞིབ་གོ་བསྡུར་ལན་མང་བྱས་ཏེ་གཏན་འབེབས་བྱས་པ་མ་ཟད།སི་ཊས་སི་སྦག་གི་གཏམ་བཤད་ནང་དུའང་མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱ་རྒྱུ་ཡིན་པ་གསལ་པོར་བཀོད་ཡོད།

ཕྱི་ལོ་༡༩༩༣་་༩༤ནས་བོད་རྒྱའི་འབྲེལ་ལམ་ཆད་རྗེས་སླར་ཡང་བོད་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇི་དགེའི་སྐོར་གཞིས་བྱེས་མང་ཚོགས་དང་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུའི་ཆེད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་པ་ཡིན།འོན་ཀྱང་མཐའ་མ་དངོས་གཞི་འོས་བསྡུ་མ་དགོས་པར་སྔོན་འགྲོའི་བསམ་འཆར་མང་ཤོས་གཞིར་བཟུང་སྤྱི་ལྷན་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ངོས་ལ་དུས་བསྟུན་ཐག་གཅོད་བྱ་དགོས་བརྗོད་པ་ལྟར་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱས་པ་དང༌།ཕྱི་ལོ་༢༠༠༢ལོ་ནས་བཟུང་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཀྱིས་འབྲེལ་མོལ་ཐེངས་བརྒྱད་བྱས་ཡོད།དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་ཐོག་དོ་སྣང་གསར་པ་ཞིག་སླེབས་ཏེ་ཕྱོགས་ཀུན་ནས་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་པ་དང༌།དེ་བཞིན་རྒྱ་མི་རིགས་ཤེས་ཡོན་ཅན་གྱི་རྒྱབ་སྐྱོར་ཡང་ཇེ་མང་དུ་སོང་ཡོད།འོན་ཀྱང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་བྱུང་བ་དང༌།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་བྱུང་མེད།འབྲེལ་མོལ་ཐེངས་དྲུག་པའི་རྗེས་གནས་སྐབས་འབྲེལ་མོལ་མུ་མཐུད་བྱ་འཆར་མེད་རུང༌།འདི་ལོ་བོད་ནང་བྱུང་བའི་ཛ་དྲག་གི་གནས་ཚུལ་ལ་བརྟེན་ནས་ཕྱི་ཟླ་ལྔ་པའི་ཚེས་ཤར་ལ་ནང་མོལ་གྱི་གོ་བསྡུར་ཞིག་དང༌།ཕྱི་ཟླ་བདུན་པའི་ཟླ་འགོར་འབྲེལ་མོལ་ཐེངས་བདུན་པ།འདི་ཟླའི་ནང་འབྲེལ་མོལ་ཐེངས་བརྒྱད་པ་བཅས་མ་ལན་མ་འགྱོད་པའི་ཚུལ་དུ་བྱས་ཀྱང་དོན་དམ་གྱི་གྲུབ་འབྲས་གང་ཡང་མ་བྱུང༌།

འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་བོད་མི་རྒན་གཞོན་དང༌།ཕོ་མོ་སེར་སྐྱ་ཆོས་དད་ཡོད་མེད་སོགས་ཀྱི་དབྱེ་བ་མེད་པར་སློབ་ཕྲུག་ཡན་གྱི་ཆོལ་གསུམ་བོད་རིགས་རྣམས་ཀྱིས་རང་གི་སེམས་ནང་འདོད་པ་མ་ཁེངས་པའི་སེམས་ནད་གཏིང་ཟབ་ཡོད་པ་དེ་དག་ལུས་སྲོག་བློས་བཏང་གིས་སྙིང་སྟོབས་ཆེན་པོས་ཁྲིམས་མཐུན་ཞི་བའི་ལམ་ནས་གསལ་པོ་ཕྱིར་བཏོན་བྱས་ཡོད།སྐབས་དེར་ངོས་ནས་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ཐབས་ལམ་ཞིག་ལག་ལེན་བསྟར་རྒྱུའི་རེ་བ་ཆེན་པོ་བྱས་པ་ཡིན།འོན་ཀྱང་དེ་ལས་ལྡོག་སྟེ་བོད་མིའི་སེམས་ཀྱི་རེ་འདུན་ནག་བསུབ་བཏང་ནས་ཁ་བྲལ་བ་དང༌།ལོག་སྤྱོད་པ་ཟེར་བའི་ཉེས་མིང་བཀལ་ནས་དྲག་གནོན་ཚད་མེད་བཏང་རྐྱང་བྱས་སོང༌།སྐབས་དེར་ངོས་ནས་བློས་འགན་བཟོད་མིན་གྱིས་སྲིད་འཛིན་ཧུ་ཅིན་ཐའོ་ལ་གནས་ཡིག་བསྲིངས་པ་སོགས་རྒྱལ་སྤྱི་དང་རྒྱལ་ནང་བཅས་ཕྱོགས་གང་སར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཀྱང་དོན་འབྲས་ཆེ་བ་མ་བྱུང༌།སྐབས་དེར་ཨོ་ལམ་པིཀ་རྩེད་འགྲན་པེ་ཅིང་དུ་འཚོག་རྒྱུའི་སྦིར་ཟིང་ཡོད་མུས་ལ་བརྟེན་བོད་མི་མང་ཚོགས་ལ་གོ་བསྡུར་བྱ་རྒྱུའི་ལས་རིམ་བྱེད་བདེ་མ་བྱུང་ཡང༌།ད་ཆ་གྲོས་བསྡུར་བྱ་རྒྱུའི་དུས་ཚོད་འོས་འཚམས་སུ་མཐོང་སྟེ་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་དགོས་རྒྱུ་བཀའ་སྤྱི་ཐུན་མོང་ལ་འདི་ལོ་ཕྱི་ཟླ་༩ཚེས་༡༡ཉིན་ལམ་སྟོན་བྱས་པ་ལྟར་ད་ཆ་ཚོགས་ཆེན་ཚོགས་ཉེར་ཡོད་པ་འདིའི་ཐོག་ཚོགས་མི་ཡོངས་ཀྱིས་རང་རང་ཁྱབ་ཁོངས་མང་ཚོགས་ཀྱི་བསམ་འཆར་ཇི་ཡོད་གསལ་འདོན་བྱེད་པའི་རེ་བ་ཡོད།ཚོགས་ཆེན་ནང་འདི་ལོ་བོད་ནང་བྱུང་བའི་རླབས་ཆེན་གྱི་ལས་འགུལ་ཁག་དང༌།དེ་འབྲེལ་རྒྱལ་སྤྱིའི་གནས་བབ།ད་ལྟའི་རྒྱ་ནག་གཞུང་གི་བྱེད་ཕྱོགས་བཅས་དངོས་ཡོད་གནས་ཚུལ་རྣམས་གཞི་རྩར་བཞག་སྟེ་འབྱུང་འགྱུར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཁྱོན་ཡོངས་ཀྱི་གནས་ཚུལ་ཐོག་འཕྲལ་ཕུགས་རྒྱང་གསུམ་གྱི་བསམ་བློ་བཏང་སྟེ་ཚོགས་མི་ཚང་མས་བོད་ཀྱི་ཡུལ་མིའམ་སྤྱི་འབངས་གཅིག་གྱུར་ཡིན་པའི་གནས་བབ་ཀྱིས་འདྲ་མཉམ་དང༌།ཕྱར་གྲུ་མཉམ་འདེགས།ཁུར་མཉམ་ལེན་གྱི་སྒོ་ནས་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་ལྷུག་པོ་བྱེད་དགོས།དེ་ཡང་དེང་རབས་སྲིད་དོན་ཚོགས་པ་ཁག་གིས་ཆབ་སྲིད་ལྟ་གྲུབ་མཁྲེགས་འཛིན་གྱིས་རྩོད་གླེང་བྱེད་པ་ལྟ་བུུ་མ་ཡིན་པར་མང་ཚོགས་ཀྱི་བསམ་འཆར་ངོ་མ་ལྷད་མེད་ཚོགས་ཆེན་གྱི་སྡིངས་ཆའི་ཐོག་གསལ་འདོན་བྱེད་དགོས།དེའི་ཐད་ཚང་མས་འབད་རྩོལ་བྱ་རྒྱུར་ངས་རེ་སྐུལ་ནན་པོ་བྱེད་ཀྱི་ཡོད།

དམིགས་བསལ་ཚོགས་ཆེན་འདི་ནི་གོ་བསྡུར་སྦྱངས་ཤད་ཞིབ་ལྷུག་བྱས་པའི་ལམ་ནས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་ཡོང་ཐབས་ཁོ་ནའི་ཆེད་དུ་ཡིན་པ་ལས་ཆབ་སྲིད་ཀྱི་ཐབས་བྱུས་སམ་ཁག་དཀྲི་བྱེད་ཡུལ་ལྟ་བུའམ།ཡང་ན་ངེས་ཅན་གྱི་གྲུབ་དོན་གཅིག་གི་ཐོག་འབབ་རེ་བྱེད་པའི་མངོན་པར་མི་གསལ་བའི་དམིགས་ཡུལ་ཡོད་པ་ཞིག་གཏན་ནས་མིན་པ་འདི་ངེས་པར་ཤེས་པ་བྱེད་དགོས།

ཏཱ་ལའི་བླ་མས་༢༠༠༨ཕྱི་ཟླ་༡༡ཚེས་༡༤ལ།།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་༢༠༠༨ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་འབྱེད་གསུང་བཤད།

༄༅།།བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མཆིས་པའི་དབུ་འཁྲིད།འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ།ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ།དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ྋརྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་ྋདཔལ་བཟང་པོ་ྋསྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་ནས་རླབས་ཆེན་ལམ་སྟོན་གནང་བའི་འོག་བོད་རྒྱལ་ལོ་༢༡༡༨ཟླ་༥ཚེས་༢དང༌།ཕྱི་ལོ་༡༩༩༡ཟླ་༦ཚེས་༡༤ཉིན་སྐབས་བཅིུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འགན་འཁུར་བླངས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་ཁྲིམས་སུ་བཅས་པར།བོད་རབ་བྱུང་བཅུ་བདུན་པའི་ལྕགས་ལུག་ཟླ་༥ཚེས་༡༦དང༌།ཕྱི་ལོ་༡༩༩༡ཟླ་༦ཚེས་༢༨ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྩ་འཛིན་ལག་ལེན་བསྟར་རྒྱུར་ཆོག་མཆན་མཚན་རྟགས་སྩལ་གནང་མཛད་ཡོད།དུས་དེ་ནས་བཟུང་བཅའ་ཁྲིམས་ཀྱི་དགོངས་དོན་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་བ་ད་རེས་ཐེངས་དང་པོ་ཡིན་པར་བརྟེན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཚོགས་ཆེན་འདི་ཐོག་དམིགས་བསལ་གདན་ཞུས་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌།ཁྲིམས་ཞིབ་པ་གཞན་གཉིས།འོས་བསྡུ་ལས་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གཉིས་གཅིག་ལྕོགས་ཀྱི་འགན་འཛིན་མཆོགསྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་འཛིན་མཆོག་བཅས་དང༌།དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང་བཀའ་བློན་རྣམ་པ།དེ་བཞིན་བཀུར་འོས་སྤྱི་འཐུས་རྣམ་པས་དབུས་ཆེད་དུ་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་ཚོགས་གཙོ་སྦྲེལ་པོས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་ཞུས་ཏེ་མཛའ་བརྩེས་དྲངས་པའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་ཡང་ྋདཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ཕྱི་ལོ་༢༠༠༨ཟླ་༩ཚེས་༡༡ཉིན་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང༌།བཀའ་ཤག་ཐོུང་ལ་སྩལ་བའི་ཕྱག་བྲིས་ནང་"སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང༌།རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འདི་ལོ་ཕྱི་ཟླ་༡༡།༡༢གང་རུང་དུ་བསྡུ་བསྐོང་དགོས་རྒྱུ་དང༌།ཚོགས་མི་དང་ཚོགས་དུས་བཅས་དེ་ནས་འཆར་འགོད་ཀྱིས་གང་མྱུར་ྋསྙན་འབུལ་གནང་དགོས་བཀའ་སྤྱི་ཕེབས་འདུག་"ཅེས་ཕེབས་ཅིང༌།དེ་སྐབས་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་བསྐྱངས་བཞིན་པ་ལྟར་བཀའ་སྤྱི་གཉིས་ལས་གྲུབ་པའི་གྲོས་ཚོགས་ནས་འགན་འཁུར་ཆེན་པོས་དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་འཆར་གཞི་བགྲོ་གླེང་ལྷུག་པོ་དང་བཅས་སྤྱི་མོས་ཀྱིས་གཏན་འབེབས་ཞུས་ཏེ་དེ་ཚེས་༡༧ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ྋསྙན་གསན་ཆེད་འབུལ་ལམ་ཞུས་ཡོད།ཚེས་༡༨ཉིན་སྐུ་སྒེར་ཡིག་ཚང་ནས་བཀའ་ལན་དུ་"དགོངས་དོན་ལྟར་འཆར་སྙན་ཞིབ་ཕྲ་ཕུལ་འབྱོར་བྱུང་བ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་བསྟར་ྋསྙན་སེང་ཞུས་པར།དེ་དོན་འཐུས་རྒྱུ་ཞེས་བཀའ་སྤྱི་ཕེབས་བྱུང་བ་རྣམ་མངའ་མཁྱེན་"ཞེས་ཕེབས་གནང་བྱུང་བ་དང་སྦྲགས་གྲ་སྒྲིག་འཐུས་ཚང་ཞུ་འགོ་བཙུགས་པ་ཡིན།

བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་གསེས་དང་པོར་"ཛ་དྲག་དང་གལ་ཆེའི་ལས་དོན་ཐོག་རྒྱ་ཆེའི་མང་ཚོགས་ཀྱི་བསམ་གྲོས་བསྡུར་དགོས་ཀྱི་གནས་ཚུལ་བྱུང་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་ཁྱབ་བསྩལ་བའམ།ཡང་ན་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌།ཚོགས་གཙོ་གཞོན་པ་བཅས་གྲོས་བསྡུར་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ྋསྙན་སེང་བཀའ་འཁྲོལ་བྱུང་བསྟུན་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་འཐུས་"ཞེས་གསལ་ཡོད་ཅིང༌།ཀུན་གྱིས་མཁྱེན་གསལ་ལྟར་ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་འདི་དག་ྋགོང་ས་མཆོག་ནས་བཀའ་ཁྱབ་བསྩལ་ངོར་བསྡུ་བསྐོང་གནང་བ་ཞིག་ཡིན་སྟབས་ཆེས་གལ་ཆེར་ངོས་འཛིན་ཞུ་དགོས་པའི་དམིགས་བསལ་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད།དེར་བརྟེན་ཚོགས་ཆེན་གྱི་ཚོགས་དུས་དང༌།ཚོགས་ཡུལ།ཚོགས་མིའི་ཡོང་ཁུངས་རྣམ་གྲངས་༡༥གྲོས་གཞི།ལས་རིམ་བཅས་གྲོས་ཚོགས་ནས་གཏན་འབེབས་ཀྱིས་ྋགོང་ས་མཆོག་ནས་བཀའ་འཁྲོལ་ཞུ་ཐོབ་ཟིན་པར་བསྒྱུར་བཅོས་གང་ཡང་གཏོང་དབང་མེད་ཀྱང་ཚོགས་བསྐོང་འགན་འཛིན་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཡིན་པར་བརྟེན་གྲ་སྒྲིག་འཐུས་ཚང་ཡོང་སླད་ཚོགས་གཙོ་སྦྲེལ་པོས་ཐེངས་འགའ་ཤས་དཔལ་ལྡན་བཀའ་ཁྲི་མཆོག་བརྒྱུད་བཀའ་ཤག་ལ་དགོངས་བསྡུར་ཞུས་པ་དང༌།སྤྱི་འཐུས་རྒྱུན་ལས་ནས་ཆེད་མངགས་ཚོགས་གཙོ་སྦྲེལ་པོས་དབུ་འཁྲིད་པའི་རྒྱུན་ལས་ཚོགས་མི་གསུམ་ལྡན་གྱི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་ཞུས་ཏེ་ཚོགས་ཆེན་གྱི་འགྲོ་གྲོན་སྔོན་རྩིས་བཀའ་འཁྲོལ་དང༌།ལས་བྱེད་འཕར་མ་ཇི་དགོས་བསྐོ་གཞག་ཞུས་ཏེ་གྲ་སྒྲིག་འཐུས་ཚང་ཞུས་ཁུལ་ཡིན།

རང་རིགས་ཐུགས་འཁུར་ཅན་འགའ་ཤས་ནས་ཚོགས་ཆེན་ཚགས་ཚུད་ཡོང་རྒྱུར་སྨན་པའི་དགོངས་འཆར་གནང་མཁན་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌།ཕལ་མོ་ཆེས་ང་ཚོ་འགན་ཡོད་རྣམས་ལ་གདེང་འཇོག་གནང་བའི་ཡིད་ཆེས་ཞུ་བཞིན་ཡོད།གནད་དོན་འགའ་ཤས་ཐོག་གསལ་བཤད་ཞུ་རྒྱུར།

༡་ དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞིའི་ཐད།ཚོགས་བཅར་བ་རྣམས་ཀྱི་ཡིག་སྣོད་ནང་འགྲེམས་སྤེལ་ཞུས་ཡོད་པ་བཞིན་ྋདཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ཕྱི་ལོ་༢༠༠༨ཟླ་༩ཚེས་༡༡ཉིན་ཕེབས་པའི་ཕྱག་བྲིས་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་དགོས་པའི་གྲོས་གཞི་གསལ་འཁོད་ཡོད་པར་བརྟེན་གྲོས་ཚོགས་ནས་བསྒྱུར་བཅོས་དགོས་གལ་མ་གཟིགས་པར་རང་འཇགས་འཇོག་གནང་མཛད་ཡོད།

༢་ ཚོགས་མིའི་ཡོང་ཁུངས་ད༽གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང༌།ཕ༽རང་སྐྱོང་སྡེ་ཚན་ཁག་ཐད།ཚོགས་པ་དང་སྡེ་ཚན་འགའ་ཤས་ཟུར་འཛར་སོ་སོར་གསལ་བའི་ཐོ་གཞུང་ནང་མ་ཚུད་པའི་ཐོག་སྙན་ཞུ་དང༌།དགོངས་ཚུལ་གསུང་མཁན་བྱུང་བར་ཚོགས་བསྐོང་འགན་འཛིན་པའི་ངོས་ནས་གྲོས་ཚོགས་ནས་གཏན་འབེབས་གནང་བར་ྋགོང་ས་མཆོག་ནས་ཆོག་མཆན་བཀའ་འཁྲོལ་སྩལ་ཟིན་པའི་གནས་སྟངས་ལ་འགྱུར་བ་གང་ཡང་གཏོང་དབང་མེད་པར་སོང་བྱ་ཐབས་བྲལ།འོན་ཀྱང་དེས་ཚོགས་པ་དང་སྡེ་ཚན་དེ་ དག་ལ་ངོས་འཛིན་མེད་པའི་སྲིད་བྱུས་ཤིག་རྩ་བ་ནས་མིན་པར་སོང་མ་འོངས་པར་དམིགས་བསལ་ཚོགས་ཆེན་ཙམ་མིན་པར་རྣམ་ཀུན་རང་གཞུང་གི་ཐོ་གཞུང་ནང་ཚུད་ཐབས་རང་དོན་རང་གཅེས་གནང་དགོས།

༣་ ཚོགས་མིའི་ཡོང་ཁུངས་ཐ༽ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཐད།ཕྱི་དྲིལ་ལས་ཁུངས་བརྒྱུད་ཕྱི་རྒྱལ་དོན་གཅོད་ཁག་སོ་སོར་འགན་དབང་བསྐུར་བའི་ཐོ་གཞུང་ལ་རྩ་འཛིན་ཞུས་ཡོད།

༤་ ཚོགས་མིའི་ཡོང་ཁུངས་ན༽སློབ་གྲྭ་ཁག་གི་འགན་འཛིན་སྐུ་ཚབ་ཐད་འབྲེལ་ཡོད་ཤེས་རིག་ལས་ཁུངས་ལ་ཐུགས་འགན་ཕུལ་བའི་ཐོ་གཞུང་ལ་རྩ་འཛིན་ཞུས་ཡོད།

༥་ ཚོགས་མིའི་ཡོང་ཁུངས་ང༽ཆོས་བརྒྱུད་ཆེན་པོ་བཞི་དང༌།གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་ཐད།ཆོས་བརྒྱུད་སོ་སོའི་སྤྱི་འཐུས་རྣམ་པར་ཐུགས་འགན་གཙང་མ་ཕུལ་ཏེ་ཐོ་གཞུང་ཇི་གནང་ལ་རྩ་འཛིན་ཞུས་ཡོད།

༦་ ཚོགས་མིའི་ཡོང་ཁུངས་བ༽རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་དགོངས་འཆར་གནང་འདོད་ཡོད་རིགས་ནས་དྭང་བླངས་ཕེབས་མཁན་གྲངས་རྒྱ་བལ་འབྲུག་གསུམ་ནས་༢༥དེ་མིན་ནས་༢༥ལས་མ་མང་བ་གསལ་ཐད།རྒྱས་བཅད་དུས་བཀག་ཞུས་པའི་དུས་ཡུན་ནང་སྙན་ཞུ་རྣམས་ཚོགས་དྲུང་ལས་ཁུངས་སུ་འབྱོར་སྔ་ཕྱི་བང་རིམ་བཞིན་མཚན་བཀོད་ཞུས་ཏེ་ཐག་གཅོད་གནང་ཡོད།དེ་ཁོངས་ཚུད་མ་ཐུབ་པ་གང་ཙམ་བྱུང་སོང་བར་བློ་ཕམ་ཡོད་ཅིང༌།ཐུགས་འཁུར་བཞེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

༧་ དམིགས་བསལ་ཚོགས་ཆེན་ཐོག་ཚོགས་བཅར་ཞུ་རྒྱུའི་གོ་སྐབས་མེད་མཁན་གང་ཙམ་ནས་རང་ཉིད་ཀྱི་དགོངས་འཆར་བསམ་ཤོག་གནང་འབྱོར་བྱུང་བ་ཁག་དང༌།ལྷག་པར་གཞིས་བཞུགས་བོད་མིའི་ཁྲོད་ནས་བསམ་ཚུལ་གང་ཐུབ་བསྡུ་རུབ་ཞུས་པའི་གྲུབ་དོན་ཕྱོགས་བསྡོམས་སྙན་ཐོ་བཅས་ངོ་བཤུས་བཟོས་ཏེ་ཚོགས་ཆེན་གྱི་བགྲོ་གླེང་ཚོགས་ཆུང་སོ་སོར་མཁྱེན་རྟོགས་ཆེད་འབུལ་རྒྱུ་ཡིན་ན་ཚོགས་ཆུང་ཁག་གི་ཚོགས་གཙོ་དང་དྲུང་ཆེས་ཚོགས་ཆུང་ནང་ངེས་པར་སྙན་སྒྲོན་གནང་དགོས།

༨་ ཚོགས་བཅར་བ་རྣམས་ཚོགས་ཆུང་ཁག་ལ་ཆ་བགོས་གནང་སྟངས་ཐད།གྲོས་ཚོགས་ནས་ཞིབ་ཕྲའི་ལམ་སྟོན་མེད་པར་བརྟེན་སྔ་ཕྱི་རིམ་པར་བཀའ་བསྡུར་གནང་མཐར་བབས་ལྷིང་བརྟན་གསུམ་ལ་གཞི་བཅོལ་ཏེ་གྲོས་ཚོགས་ཀྱི་ལམ་སྲོལ་ལྟར་ཨང་གྲངས་རྒྱན་སྐྱུར་གནང་རྒྱུར་ཐུགས་གཏན་འཁེལ་བ་ཡིན།

༩་ ཕྱི་རྒྱལ་ནས་ཕེབས་མི་གཞོན་སྐྱེས་འགའ་ཤས་ལ་དབྱིན་སྐད་ཀྱི་སྐད་བསྒྱུར་མཐུན་རྐྱེན་དགོས་པའི་དགོངས་འཆར་བྱུང་ཡང་ཚོགས་ཆེན་འདི་དག་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞུང་འབྲེལ་ཚོགས་ཆེན་ཞིག་ཡིན་པར་བརྟེན་ཆ་ཚང་བོད་སྐད་ཐོག་གནང་རྒྱུ་ལས་མ་འདས།

༡༠་ ཕྱི་ནང་གསར་འགོད་བརྒྱུད་ལམ་པ་རྣམས་ཀྱི་ཐད།བོད་དོན་ལ་ཐུགས་སྣང་གིས་ཚོགས་ཆེན་ཐོག་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེ་རིང་ཞོགས་པ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་དང༌།ཚེས་༢༡།༢༢ཉིན་སོ་སོའི་འདུ་འཛོམས་ཚོགས་ཐེངས་ཁག་དང་མཇུག་བསྡོམས་མཛད་སྒོ་བཅས་ལ་ཚོགས་ཁང་ནང་ཕེབས་ཆོག་རྒྱུ་ལས་ཚོགས་ཆུང་ཁག་གི་ནང་རྩ་བ་ནས་ཕེབས་མི་ཆོག་པར་རྩ་འཛིན་གནང་རྒྱུའི་འབོད་བསྐུལ་ཞུ་རྒྱུ་ཡིན།དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོ་སོ་སོའི་རྗེས་ཚོགས་གཙོ་སྦྲེལ་པོས་གསར་འགོད་ལྷན་ཚོགས་རེ་གནང་རྒྱུ་ཡིན།

ཚོགས་ཆེན་དངོས་གཞིའི་ཐད།བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་དེ་དག་ད་ཆ་ཛ་དྲག་དང༌།གལ་ཆེའི་གནད་དོན་ཞིག་ལ་གྱུར་ཡོད་པར་བརྟེན་དེ་ཐོག་མང་ཚོགས་ཀྱི་བསམ་ཚུལ་གྲོས་བསྡུར་དགོས་པར་གཟིགས་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།དེར་བརྟེན་བཀའ་བསྡུར་གནང་སྐབས་བོད་ཀྱི་རྩ་དོན་ཛ་དྲག་གི་གནས་སྟངས་ལ་གྱུར་ཟིན་པར་དངོས་སུ་འབྲེལ་ཆགས་ཀྱི་ཐབས་ལམ་ཁག་གི་སྐོར་སྦྱངས་བཤད་ཀྱིས་གནད་ལ་སྨིན་པའི་དོན་ཚན་འདོན་ཐབས་གནང་གལ་ཤིན་ཏུ་ཆེ།ཉེ་ལམ་རྡ་ས་བོད་ཁྱིམ་དབུ་བརྙེས་པའི་དུས་དྲན་མཛད་སྒོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་སྐུ་བཞུགས་ཡོད་སྐབས་སྤྱི་འཐུས་རྒྱུན་ལས་ཀྱི་གསུང་བཤད་ནང་ དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་རྒྱ་ཆེ་མང་ཚོགས་ལ་འབོད་བསྐུལ་ཞུས་ཡོད་པ་བཞིན་ད་ལམ་ཚོགས་བཅར་བ་ཡོངས་ལ་བསྐྱར་བསྐུལ་ཞུ་རྒྱུར།

"རང་གི་ལྟ་གྲུབ་ཀྱི་ལངས་ཕྱོགས་གང་ཞིག་ལ་མཁྲེགས་བཟུང་བྱེད་པ་ཙམ་མ་ཡིན་པར་ཛ་དྲག་དང༌།གཉན་འཕྲང་ཅན་གྱི་ད་ལྟའི་དུས་སྐབས་སུ་ཚང་མས་བོད་རྒྱལ་ཁབ་དང༌།མི་རིགས་ཀྱི་རྩ་དོན་གྱི་དཀའ་ངལ་སེལ་ཐབས་ཁོ་ནར་དམིགས་ཏེ་ཐབས་ལམ་སྟོན་པའི་དགོངས་འཆར་གནད་སྨིན་འབུལ་ཐུབ་པ་དགོས།"

ད་རེས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་འདིར་འགོ་འཛུགས་སུ་ཞུས་ཟིན་པ་བཞིན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཁྱད་ཆོས་གཙོ་བོ་གསུམ་ཡོད་པ་ནི།

༡་ ཚོགས་ཆེན་འདི་བཞིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མཆིས་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཉིད་ནས་བསྡུ་བསྐོང་དགོས་པའི་བཀའ་ཁྱབ་བསྩལ་བ།

༢་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ལག་བསྟར་ཞུས་པ་ནས་བཟུང་འདི་དག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཡིན་ཁར་ད་བར་བྱུང་མ་མྱོང་བའི་ཚོགས་བཅར་བ་གྲངས་འབོར་ཆེས་མང་བའི་མང་གཙོའི་ཁྱད་ཆོས་ཡོངས་སུ་ཚང་བའི་གཞུང་ འབྲེལ་ཚོགས་ཆེན་ཞིག་ཡིན་པ།

༣་ བོད་ཀྱི་རྩ་དོན་ཛ་དྲག་གི་གནས་སྟངས་ཚད་མཐོ་ཤོས་ཤིག་ཏུ་སླེབས་པའི་དུས་སྐབས་སུ་བསྡུ་བསྐོང་གནང་བ་ཞིག་ཡིན་པ་བཅས།

རྒྱུ་མཚན་དེ་དག་ལ་བརྟེན་ཚོགས་བཅར་བ་ཚང་མས་དགོངས་པ་ཟབ་བཞེས་ཀྱིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཚོགས་ཆེན་འདི་དག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་ཏུ་བསྒྱུར་ཐུབ་པ་བྱུང་ཚེ་ྋགོང་ས་མཆོག་གི་ཐུགས་རེ་འགྲུབ་པ་དང༌།བོད་རྒྱལ་ཁབ་དང་མི་རིགས་ལ་སྨན་པའི་རླབས་ཆེན་གྱི་ཞབས་འདེགས་བསྐྲུན་པའི་འབྲས་བཟང་སྨིན་ངེས་ཡིན།འཛམ་གླིང་སྤྱི་དང་རྒྱ་ནག་གཞུང་མང༌།ལྷག་པར་གཞིས་བྱེས་བོད་མི་ས་ཡ་དྲུག་རྣམས་ང་ཚོར་ཞིབ་གཟིགས་གནང་བཞིན་པ་རེད།རྒྱ་ནག་གཞུང་ནས་ཉེ་ལམ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པར་གྲུབ་འབྲས་མ་བྱུང་ལུགས་དང༌།དེའི་མ་ཉེས་ཁ་གཡོག་བོད་པའི་ཐོག་བཞག་པ་ནི་ཆབ་སྲིད་ཀྱི་རྫུན་བསྒྲགས་ཚད་མཐོ་ཤོས་ཤིག་ཡིན་པ་འཛམ་གླིང་ཡོངས་ཀྱིས་མཁྱེན་གསལ་ཡིན་པར་གསལ་བཤད་བྱ་འོས་མ་མཆིས།དེ་བཞིན་དམིགས་བསལ་ཚོགས་ཆེན་འདིའི་ཐོག་ལའང་རྒྱ་ནག་གཞུང་ནས་དོ་སྣང་ཆེན་པོས་རྒྱ་གར་གཞུང་ལ་གནོན་ཤུགས་སྤྲོད་ཐབས་དང༌།ཚོགས་ཆེན་འདི་ནས་གྲུབ་འབྲས་གང་ཡང་ཐོན་རྒྱུ་མྀན་པའི་ལུང་བསྟན་བསྐྱོན་པ་ནི་བོད་ཀྱི་རྩ་དོན་དེ་དག་རྒྱ་ནག་གཞུང་ནས་སེལ་དགོས་པའི་དཀའ་རྙོག་ངེས་ཅན་ཞིག་ཡིན་པ་ངོས་ལེན་གནང་བར་ངོས་འཛིན་ཞུ་ཡི་ཡོད།

མཐའ་དོན།སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང༌།འདས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཡིད་ལ་བརྣགས་པའི་བསམ་དོན་བཞིན་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་སྤུན་ཟླ་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་བདེ་བླག་ཏུ་འཆར་བའི་སྨོན་འདུན་གདུང་ཤུགས་དྲག་པོས་ཞུ་རྒྱུ་བཅས།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་༢༠༠༨ཟླ་༡༡ཚེས་༡༧ལ།།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་བཀའ་ཤག་གི་དབུ་འབྱེད་གསུང་བཤད།

༄༅།།ཆེས་མཆོག་ཏུ་བཀུར་བར་འོས་པའི་ཚོགས་གཙོ་ལྷན་རྒྱས་མཆོག ད་ལམ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩པའི་འོག་བསྡུ་བསྐོང་མཛད་པའི་དམིགས་བསལ་ཚོགས་ཆེན་འདིའི་དབུ་འབྱེད་མཛད་སྒོར་ཕེབས་པའི་ཁྲིམས་ཞིབ་པ་རྣམ་པ་ལྷན་རྒྱས་དང༌།ཕྱག་སྦྲེལ་བཀའ་བློན་རྣམ་པ།བཀའ་ཟུར་རྣམ་པ།རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ།སྤྱི་འཐུས་རྣམ་པ་དང།སྤྱི་ཟུར་རྣམ་པ།ས་གནས་ཁག་ནས་ཕེབས་པའི་ཚོགས་མི་རྣམ་པ།གསར་འགོད་པ་རྣམ་པ་བཅས་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གུས་བརྩི་ཆེན་པོས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།༵

ཐོག་མར་ལྷ་དང་བཅས་པའི་སྐྱེ་འགྲོ་ཡོངས་ཀྱི་འདྲེན་པ།ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདགའཇིག་རྟེན་ཞི་བདེའི་དེད་དཔོན།སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དགོས་པ་དང་རྒྱུ་མཚན་དུ་མ་ལ་གཟིགས་ནས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་འདི་བསྐོང་ཚོགས་དགོས་པའི་བཀའ་བཟང་སྤྱི་ཕེབས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་དང་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང༌།དེ་མཚུངས་འཛམ་གླིང་ས་ཁུལ་གང་སར་གནས་བཞུགས་ཀྱི་བཙན་བྱོལ་བོད་མིའི་གཞི་རིམ་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ཚོགས་མི་རྣམ་པ་སྐུ་ངལ་འཛེམས་མེད་ཀྱིས་ཚོགས་འདུར་ཆེད་ཕེབས་གནང་བར་ཡང་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང༌།དེ་བཞིན་གཞིས་བཞུགས་བོད་རིགས་ལྷག་བསམ་ཅན་མང་པོས་དགོངས་འཆར་བརྒྱུད་གཏོང་གནང་བར་ཡང་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བཀུར་འོས་ཚོགས་གཙོ་ལྷན་རྒྱས་ལ་བཀའ་ཤག་གིས་གཏམ་བཤད་ཞུ་རྒྱུའི་གོ་སྐབས་གནང་བར་ཡང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

བཀུར་འོས་ཚོགས་གཙོ་ལྷན་རྒྱས་མཆོགའདི་ལོ་ཕྱི་ཟླ་༣པ་ནས་བཟུང་ད་ལྟའི་བར་གཞིས་བཞུགས་བོད་མི་རྣམས་ལ་གནས་སྟངས་ཛ་དྲག་ཇི་འདྲ་ཞིག་བྱུང་ཡོད་པ་དང༌།བཙན་བྱོལ་བོད་གཞུང་གི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་གྱི་ཐོག་ཏུའང་དཀའ་ངལ་དང་འགལ་རྐྱེན་ཇི་བྱུང་བཅས་ཀུན་གྱིས་མཁྱེན་གསལ་ཡིན་སྟབས་འགྲེལ་བརྗོད་ཞུ་དགོས་མ་མཐོང་ཞིང༌།གཉན་འཕྲང་ཅན་གྱི་དུས་ཚོད་འདི་འདྲའི་སྐབས་འབྱུང་འགྱུར་བཙན་བྱོལ་བོད་མིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་བརྩམ་ཕྱོགས་ཐད་ཚང་མའི་བསམ་ཚུལ་གཅིག་གྱུར་ཕྱར་གྲུ་མཉམ་འདེགས་ཡོང་ཆེད་མང་ཚོགས་ཀྱི་བསམ་ཚུལ་གོ་བསྡུར་ཞིབ་ལྷུག་ཅིག་མ་བྱུང་ཐབས་མེད་དང༌།དེའི་ཆེད་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་བ་ནི་དུས་ཀྱི་དགོས་མཁོ་དང་ཤིན་ཏུ་འཚམས་ཤིང༌།བྱུང་རབས་ཀྱི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་ལས་རིམ་ཞིག་ཡིན་པར་ངོས་འཛིན་ཞུས་ཀྱི་ཡོད།དེ་འདྲའི་གལ་གནད་ཅན་གྱི་ཚོགས་ཆེན་འདི་ལ་རེ་ཟུང་གིས་སྒྲོ་སྐུར་ཅི་རིགས་ཤིག་གནང་གི་ཡོད་ཚུལ་འདུག་པ་ཚང་མར་གསལ་བཤད་ཞུ་འཚམས་མ་མཆིས་ཀྱང༌།ཕྲན་ལ་དངོས་སུ་གསུང་མཁན་དང་ཕྱག་བྲིས་གནང་མཁན་བྱུང་བ་རྣམས་ཀྱི་གཟིགས་ཚུལ་འགའ་ཤས་ལ་གསལ་བཤད་མདོར་ཙམ་མ་ཞུ་ཐབས་མེད་དུ་མཐོང་བས་སྙན་གསན་ཞུ་རྒྱུ་ཡིན།

འགའ་ཤས་ཀྱིས་དམིགས་བསལ་ཚོགས་ཆེན་འདི་འབྲེལ་མོལ་ཐེངས་བརྒྱད་པ་ལམ་ལྷོང་ཡོང་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནོན་ཤུགས་སྤྲད་རྒྱུའི་སྲིད་དོན་གྱི་ཐབས་བྱུས་ཤིག་ཡིན་སྐད་དང༌།རེ་ཟུང་གིས་བཙན་བྱོལ་བོད་གཞུང་གི་བོད་རྒྱའི་འབྲེལ་མོལ་ལ་གྲུབ་འབྲས་མ་བྱུང་སྟབས་ཁག་དཀྲི་བྱ་ཡུལ་དང་ལག་པ་ཕྱིས་ས་ཞིག་ཏུ་དམིགས་ནས་ཚོགས་ཆེན་འདི་བསྐོངས་པ་ཡིན་ལུགས།ཡང་རེ་འགས་བཙན་བྱོལ་བོད་གཞུང་གིས་འཛིན་བཞིན་པའི་ད་ལྟའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུར་ཐག་བཅད་དེ་དེའི་ཆེད་ཚོགས་ཆེན་བསྡུ་བསྐོང་བྱས་པའམ།ཡང་ན་ཚོགས་ཆེན་བརྒྱུད་འགྱུར་བ་ཞིག་ཡོང་ན་བསམས་ཏེ་ཚོགས་བསྐོང་བྱས་པ་ཡིན་ཚུལ་གསུང་མཁན་ཡོང་གི་འདུགཡང་རེ་འགས་བཙན་བྱོལ་གཞུང་གིས་ད་ལྟ་འཛིན་བཞིན་པའི་སྲིད་བྱུས་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་འཐོབ་ཆེད་ཚོགས་ཆེན་འདི་བསྡུ་བསྐོང་བྱས་ལུགས་དང་དེའི་རྒྱུ་མཚན་དུ་ཚོགས་འདུའི་མི་འགྲོ་མང་ཆེ་བ་གཞུང་ཞབས་དང་གཞུང་གི་དབང་བྱུས་འོག་ཡོད་པ་ཡིན་ཚུལ་སོགས་གསུང་གི་འདུགདེ་ཚོ་ནི་དངོས་དོན་ཇི་བཞིན་མ་མཁྱེན་པ་དང༌།ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཞལ་ཞེ་གཉིས་མེད་ཀྱིས་མང་གཙོའི་ལམ་སྲོལ་ལ་བརྩི་བཀུར་གནང་བའི་སྒོ་ནས་ཚོགས་ཆེན་བསྡུ་བསྐོང་གནང་བའི་དགོངས་གཞི་མ་ལོན་པ་ཞིག་རེད་བསམ་གྱི་ཡོད།སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་འཛིན་སྐྱོང་བྱེད་བཞིན་པའི་བཙན་བྱོལ་བོད་གཞུང་གིས་ལས་དོན་ཇི་འདྲ་ཞིག་ཡིན་རུང་བདེན་པ་ལ་གཞི་བཅོལ་ཏེ་ཁ་ཞེ་ངོ་ལྐོག་མེད་པར་ཕྱི་གསལ་ནང་གསལ་གྱི་བྱེད་ཐབས་ཁོ་ན་འཛིན་པ་མ་གཏོགས།གནོན་ཤུགས་སྤྲོད་པའི་སྲིད་དོན་གྱི་ཐབས་བྱུས་ནམ་ཡང་བསྟེན་མ་མྱོང་ཞིང༌།འབྱུང་འགྱུར་ཡང་བསྟེན་འདོད་མེད།དེ་བཞིན་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ལ་དོན་དམ་གྱི་དོན་འབྲས་མ་སོན་པ་ཡང་རྒྱུན་དུ་བརྒྱུད་ལམ་དང༌།གྲོས་ཚོགས།གཞི་རིམ་མང་ཚོགས་བཅས་ལ་སྐབས་དུས་སོ་སོར་ཕྱི་གསལ་ནང་གསལ་བཟོས་ཡོད་པའི་ཁར།དེའི་འགན་ཁུར་ཡང་བླངས་དང་ལེན་བཞིན་པ་ཡིན་པས་ཁག་དཀྲི་བྱ་ཡུལ་འཚོལ་དགོས་གང་ཡང་མེད།ལྷག་པར་གཞི་རིམ་གྱི་སྲིད་བྱུས་འགྱུར་བ་དགོས་མིན་ནི་མང་ཚོགས་ཀྱི་མངོན་འདོད་ལྟར་མང་ཚོགས་ཀྱིས་ཐག་གཅོད་གནང་དགོས་པ་ཞིག་ལས།བཙན་བྱོལ་གཞུང་གིས་ཐག་སྔོན་དུ་བཅད་ནས་གྲོས་རྗེས་ལ་དྲིས་པ་ཞིག་ དེ་སྔ་ཡང་བྱས་མྱོང་མེད་ལ།འབྱུང་འགྱུར་ཡང་བྱེད་འདུན་མེད།སྲིད་བྱུས་འགྱུར་བ་དགོས་ན་ཚོགས་ཆེན་བརྒྱུད་ཡོང་རེ་བྱེད་དགོས་དོན་ཡང་མེད།ལར་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༩༧ཟླ་༩ཚེས་༡༨ཉིན་བཞག་པའི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་རྒྱལ་སྤྱིའི་གནས་བབ་དང་བསྟུན་དུས་ནས་དུས་སུ་མཛད་བྱུས་ཐག་གཅོད་གནང་རྒྱུའི་སྐུ་དབང་ཆ་ཚང་ཕུལ་ཡོད་པ་ཡིན་སྟབས།གཞི་རིམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ཀྱི་གནས་བབ་ཅིག་གཟིགས་ན་གཏོང་གནང་མཛད་རྒྱུའི་མང་གཙོའི་ལམ་སྲོལ་དང་མཐུན་པའི་བཀའ་ལུང་ཡོད་བཞིན་པ་ཡིན།དེ་བཞིན་ད་ལྟ་འཛིན་བཞིན་པའི་སྲིད་བྱུས་ཀྱང་མང་ཚོགས་ཀྱི་བཀའ་ལུང་ཡོད་བཞིན་པ་ཡིན་སྟབས་བསྐྱར་དུ་རྒྱབ་སྐྱོར་འཚོལ་དགོས་ཀྱི་རྒྱུ་མཚན་གང་ཡང་མེད།ཚོགས་མིའི་ཡོང་ཁུངས་ནི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བ་ཞིག་ཡིན་པས་འཛིན་སྐྱོང་གིས་གསལ་བཤད་ཞུ་འགབ་མ་མཆིས་ཀྱང༌།དེ་སྔོན་སྲི་ཞུ་ཚོགས་ཆེན་གྱི་ལམ་སྲོལ་ལྟར་གཞུང་ཞབས་ཚོགས་མིར་ཚུད་པ་ལས་ཚོགས་འདུར་ཁ་ལོ་བསྒྱུར་ཆེད་གཏན་ནས་མིན་ཁར།ཚོགས་ཕེབས་གཞུང་ཞབས་ཡོངས་ལ་བཀའ་ཤག་གིས་ཚོགས་ཆེན་འདིའི་ནང་སོ་སོའི་སྒེར་གྱི་བསམ་ཚུལ་གང་ཡིན་བཤད་རྒྱུ་ལས་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་མི་དགོས་པའི་ལམ་སྟོན་གསལ་པོ་བྱས་ཡོད།བཀའ་བློན་རྣམས་ད་རེས་ཉན་རྒྱུ་ལས་བཤད་རྒྱུའི་གོ་སྐབས་མ་ཡིན་པས་ཚོགས་ཆུང་ཁག་ཏུ་བཅར་མི་དགོས་པའི་དགོངས་འཁྲོལ་ཞུས་ཀྱང་མ་ཐོབ་པས་ཚོགས་ཆུང་དུ་བཅར་བ་ཙམ་ལས་བཀའ་ཤག་གིས་ལངས་ཕྱོགས་འགྲེལ་བརྗོད་དང་རྩོད་གླེང་ཞུ་སེམས་གཏན་ནས་མེད།རྒྱུ་མཚན་དེ་དག་ལ་བརྟེན་ནས་གོང་གསལ་གྱི་དགོངས་ཚུལ་དེ་དག་དངོས་དོན་མ་རེད་ཅེས་ཞུ་འདོད་བྱུང༌།

ཡང་ལྷག་བསམ་ཅན་འགའ་རེས།ད་རེས་ཚོགས་ཆེན་འགོ་འཛུགས་ཀྱི་ཚེས་གྲངས་གཟའ་སྐར་ཡག་པོ་མེད་པ་དང༌།སྔར་སྲོལ་བཞིན་སྐར་མ་མ་གཟིགས་པ་འགྲིག་མི་འདུག་ཅེས་གསུང་མཁན་བྱུང༌།སྤྱིར་བཏང་སྔོན་སྲོལ་དུའང་ལས་དོན་མང་པོ་འཆར་ཅན་དུས་ཚེས་ཐོག་གནང་དགོས་སྟབས་ཚེས་གྲངས་གཟིགས་ཐབས་མེད་པའང་ཡོང་གི་ཡོད།དེ་ཚོ་གཟའ་སྐར་ངན་པ་དང་འཁེལ་ན་གཞུང་ལུགས་ལྟར་གཏོ་བཅོས་གནང་སྲོལ་ཡོད།ད་རིང་གི་གལ་ཆེའི་གཟའ་སྐར་ནི་རེས་གཟའ་ཟླ་བ་དང༌།རྒྱུ་སྐར་ལག་འཛོམ་པའི་ཆུ་གཉིས་ནང་འཕྲད་བདུད་རྩིའི་སྦྱོར་བ་འཁེལ་བས་འཕྲོད་སྦྱོར་བཟང་པོ་ཡིན།ཉིན་ནག་འཁེལ་བ་ནི་ཆུ་ལས་དང་ནོར་ཕྱུགས་ཕྱིར་གཏོང་མི་འོས་ཙམ་ལས་དྭོགས་ཆ་གཞན་མེད།ཚེས་གྲངས་ཀྱི་གནམ་སྒོ་ཙམ་ནི་དེ་ཙམ་གཙོ་མི་ཆེ་བས་བཏང་སྙོམས་སུ་བྱ་འོས་ཀྱང་སྤྱི་ལྷན་ནས་བཅོས་ཐབས་ཀྱང་གནང་འདུག

འོ་ན་ད་རེས་ཚོགས་ཆེན་འདི་བསྐོང་ཚོགས་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན།འདི་ལོ་ཕྱི་ཟླ་༣པ་ནས་བཟུང༌།བོད་ས་ཁྱོན་ཡོངས་ཀྱི་བོད་རིགས་རྒན་གཞོན་དང༌།སེར་སྐྱ།ཕོ་མོ་དབྱེ་བ་མེད་པར་ཚང་མས་མ་བགྲོས་བསམ་པ་གཅིག་མཐུན་གྱི་ལམ་ནས་རང་རང་གི་ལུས་སྲོག་ལ་ཉེན་ཁ་ལྡོག་མེད་ཡོད་པ་ཤེས་བཞིན་དུ་བློས་བཏང་གིས་འདས་པའི་ལོ་གྲངས་བཅུ་ཕྲག་དྲུག་ལྷག་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཡོན་ཐལ་ཅན་གྱི་སྲིད་བྱུས་འོག་གདུག་རྩུབ་དང་གཉའ་གནོན།ལྷག་པར་བསམ་སྤྱོད་ཀྱི་རང་དབང་འཕྲོགས་པའི་སྡུག་བསྔལ་རིམ་བསགས་ཡོད་པ་དེ་དག་འཚེ་མེད་ཞི་བའི་ལམ་ནས་གསལ་བཏོན་བྱས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡ་ང་སྙིང་རྗེ་མེད་པར་བསམ་བརྗོད་ལས་འདས་པའི་དྲག་གནོན་གྱི་འོག་མི་གྲངས་བརྒྱ་ཕྲག་མང་པོའི་ལུས་སྲོག་ཤོར་བ་དང༌།སྟོང་ཕྲག་མང་པོ་རྨས་སྐྱོན་དང་རྡུག་རྡེག་བཙོན་འཇུག་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པའི་གནས་ཚུལ་འདི་དག་བྱུང་བའི་སྐབས།རང་དབང་ལུང་པར་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་ཁོ་ཚོས་བློ་གཏད་རེ་བཅོལ་རྩེ་གཅིག་ཏུ་བྱེད་བཞིན་པ་ཡིན་སྟབས།ང་ཚོའི་ངོས་ནས་ཤེས་ཚོར་མེད་པ་ལྟ་བུ་རི་བོང་རྡོ་བརྫུས་ཀྱིས་སྡོད་ཐབས་བྲལ་བས་གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་གང་ཐུབ་ཅི་ཐུབ་ཀྱིས་དོན་ཕན་ཡོད་པའི་ལས་འགུལ་ཞིག་མ་བརྩམ་ཐབས་མེད་ཡིན་པ་བརྗོད་མ་དགོས་ཤིང༌།གཉན་འཕྲང་ཅན་གྱི་དུས་ཚོད་འདིའི་སྐབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་རྣམ་པ་དང༌།གཞི་རིམ་མང་ཚོགས་བཅས་ལ་འབོད་སྐུལ་ཤུགས་ཆེ་རྒྱ་ཁྱབ་ཏུ་གནང་ཁར།རྒྱ་རིགས་དང༌།བོད་རིགས།རྒྱ་རིགས་ནང་པ་ཡོངས་ལ་ཡོངས་ཁྱབ་གསུང་འཕྲིན་བསྩལ་གནང་དང༌།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་ལའང་བཀའ་ཡིག་བསྩལ་གནང་མཛད་པ་དང༌།ཕྱི་ཟླ་༥ཚེས་༤ཉིན་ཧྲན་ཏྲེན་དུ་སྐུ་ཚབ་ཆེད་གཉེར་གྱིས་ནང་མོལ་དང༌།ཕྱི་ཟླ་༧ཚེས་ཤར་ལ་པེ་ཅིང་དུ་འབྲེལ་མོལ་ཐེངས་བདུན་པ་གནང་བ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་མ་ལན་མ་འགྱོད་པ་གནང་བ་དེ་དག་གི་གྲུབ་འབྲས་གང་ཡང་མ་བྱུང་ཞེས་ཞུ་ཚོད་དཀའ་ཡང༌།དོན་དམ་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་དང༌།བྱེད་ཕྱོགས་ཇེ་ཞན་ཇེ་སྡུག་ལས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་བྱུང་བ་དང༌།ད་རེས་ཕྱི་ཟླ་བཅིུག་པའི་ཚེས་བཞི་དང་ལྔ་ལ་པེ་ཅིང་དུ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་གི་འོག་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་གི་གནས་བབ་ལག་བསྟར་བྱེད་ཕྱོགས་སྐོར་ཞིབ་ཆའི་བསམ་འཆར་སྤྲད་པར་ཡང་ཁ་བྲལ་དང༌།མངོན་པ་མི་གསལ་བའི་རང་བཙན་ཡིན་ཚུལ་བཤད་དེ་ཡ་ལན་ཚུལ་མཐུན་མ་བྱུང་བ་བཅས་ལ་བརྟེན།ད་ཆ་བོད་མི་མང་ཚོགས་ཀྱིས་བསམ་ཞིབ་གོ་བསྡུར་ངེས་པར་དུ་བྱེད་དགོས་པའི་དུས་ལ་བབ་ཡོད།

སྤྱིར་བཏང་མང་ཚོགས་ཀྱི་སྐུ་ཚབ་གྲོས་ཚོགས་ཀྱིས་མཚོན་དགོས་པ་དང༌།ཇི་སྲིད་བར་གྲོས་ཚོགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་གྲོས་ཚོགས་རང་ཉིད་ཀྱིས་འགྱུར་བ་མ་བཏང་བར་མང་ཚོགས་ཀྱི་བཀའ་ལུང་ཡོད་པར་ངོས་འཛིན་བྱ་སྲོལ་རྒྱ་ཁྱབ་ཏུ་ཡོད་ནའང་དེ་ནི་རང་དབང་ཡོད་པའི་རྒྱལ་ཁབ་ཁག་ལ་འོས་འཚམས་ཤིག་ཡིན་རུང༌།བོད་མིའི་གནས་བབ་ལ་མི་འཚམས་པ་མ་ཟད།སྲིད་དོན་གྱི་ཚོགས་པ་མང་པོ་ཡོད་པའི་མང་གཙོའི་རྒྱལ་ཁབ།འཐུས་མི་གྲངས་མང་ཚོགས་པས་སྲིད་དབང་འཛིན་སྲོལ་ཡོད་པ་ཞིག་ཡིན་ན་ཚོགས་པ་རང་ཉིད་གྲངས་ཉུང་དུ་མ་གྱུར་བར་རང་གི་སྲིད་བྱུས་རྒྱུན་སྐྱོང་བྱ་རྒྱུའི་ཐོབ་ཐང་ཡོད་པར་འདོད་ཀྱི་ཡོད་ནའང༌།ང་ཚོ་སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོའི་ལམ་སྲོལ་ཡིན་པ་མ་ཟད།སྤྱི་འཐུས་རྣམ་པའང་ཆོལ་ཁ་ཆོས་ལུགས་ཀྱི་ཡོང་ཁུངས་མ་གཏོགས་མི་འབོར་དང་ས་ཁུལ་ཟུར་བཅད་མེད་པས་རྒྱུན་དུ་གཞི་རིམ་མང་ཚོགས་དང་འབྲེལ་བ་དེ་ཙམ་ཤུགས་ཆེ་གནང་ཐུབ་ཀྱི་མེད།རྒྱུ་མཚན་དེ་དག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་རྒྱལ་ཁབ་གཞན་དང་མི་འདྲ་བར་ཛ་དྲག་དང་གལ་ཆེའི་ལས་དོན་ཐོག་རྒྱ་ཆེ་མང་ཚོགས་ཀྱི་བསམ་ཚུལ་བསྡུར་དགོས་ཀྱི་གནས་ཚུལ་བྱུང་སྐབས་བསྐོང་ཚོགས་བྱ་རྒྱུའི་དམིགས་བསལ་ཚོགས་ཆེན་གྱི་ཆ་རྐྱེན་བསྐྲུན་ཡོད།

བཀའ་ཁྲི་ཐད་ཀར་མི་མང་གིས་འོས་འདེམས་བྱ་རྒྱུའི་ལམ་སྲོལ་གཏོད་ནས་ཡུན་རིང་མ་སོང་ཞིང༌།ད་ལྟ་སྐབས་གཉིས་པའི་བཀའ་ཁྲིས་འཛིན་སྐྱོང་བྱེད་བཞིན་པའི་སྐབས་ཡིན་སྟབས་འོས་བསྡུ་འདི་རིགས་གང་ཟག་ལ་མ་ཡིན་པར་དེའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་སྲིད་བྱུས་ལ་ཡིན་དགོས་པ་དང༌།མང་ཚོགས་ཀྱི་བཀའ་ལུང་ཡོད་པའི་འགོ་ཁྲིད་ཀྱིས་རང་གི་ལས་ཡུན་རིང་མང་ཚོགས་ལ་སྲིད་བྱུས་ཀྱི་ལམ་སྟོན་དང་འགོ་ཁྲིད་བྱེད་དགོས་པ་ལས་ཡང་ཡང་མང་ཚོགས་ལ་གྲོས་འདྲི་བྱ་དགོས་བྱུང་ན་འོས་ཐོན་བྱུང་བའི་འགོ་ཁྲིད་ཀྱི་ལས་འགན་མ་འགྲུབ་པ་ཡིན་ཚུལ་གསུང་མཁན་བྱུང་ཡང༌།གོང་ཞུས་ལྟར་ང་ཚོའི་གནས་བབ་ནི་རང་དབང་ཡོད་པའི་རྒྱལ་ཁབ་ཁག་གི་གནས་བབ་དང་མཚུངས་བསྡུར་བྱ་ཐབས་མེད་པའི་དམིགས་བསལ་ཛ་དྲག་ཅན་ཞིག་ཡིན་པ་མ་ཟད།བཙན་འོག་ཏུ་ཡོད་པའི་དབང་གིས་གནས་ཚུལ་མང་པོ་ཞིག་ཉིན་བཞིན་འགྱུར་བ་འགྲོ་སྲིད་པར་བརྟེན།འཆར་ཅན་གྱི་གནས་བབ་འོག་འོས་ཐོན་བྱུང་བའི་མི་མང་གི་འགོ་ཁྲིད་ཚོས་དམིགས་བསལ་གྱི་གནས་བབ་མི་འདྲ་བ་བྱུང་སྐབས་སླར་ཡང་མང་ཚོགས་ཀྱི་བཀའ་ལུང་ལེན་དགོས་པ་ནི་ང་ཚོ་ཙམ་མ་ཟད་ཚང་མས་ཉམས་ལེན་བྱ་འོས་པའི་མང་གཙོའི་ལྟ་གྲུབ་ཀྱི་སྙིང་དོན་ཞིག་ཡིན།རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ལམ་གྱི་དམིགས་བསལ་ཚོགས་ཆེན་འདི་ནི་བཅའ་ཁྲིམས་ཀྱི་སྙིང་དོན་དང༌།མང་གཙོའི་ལྟ་གྲུབ་དང་མཐུན་པ་ཡིན་པས།ཚོགས་ཆེན་འདིའི་ནང་འདི་ལོ་བོད་དུ་བྱུང་བའི་ཛ་དྲག་གི་གནས་ཚུལ་དང༌།རྒྱལ་སྤྱིའི་གནས་བབ།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེད་ཕྱོགས་བཅས་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་འབྱུང་འགྱུར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཇི་དགེའི་སྐོར་གཞི་རིམ་མང་ཚོགས་ཀྱི་དགོངས་ཚུལ་དང་མངོན་འདོད་མཚོན་ཐུབ་པ་དང༌།སྲིད་དོན་ཚོགས་པ་ཁག་གིས་རང་རང་གི་ལྟ་གྲུབ་མཁྲེགས་འཛིན་གྱི་ལམ་ནས་རང་རྒྱལ་གཞན་ཕམ་གྱི་རྩོད་གླེང་བྱེད་པ་ལྟ་བུ་མ་ཡིན་པར་ཚང་མས་རང་རང་གི་རྣམ་དཔྱོད་བེད་སྤྱོད་ཀྱི་ཐོག་ནས་ཕྱར་གྲུ་མཉམ་འདེགས་ཀྱི་ཚུལ་དུ་གོ་བསྡུར་ཞིབ་ལྷུག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌།ཚོགས་ཆེན་འདིའི་རྒྱབ་ལྗོངས་སུ་བཙན་བྱོལ་བོད་གཞུང་གི་མངོན་པར་མི་གསལ་བའི་དམིགས་ཡུལ་དང༌།ལས་འཆར་གང་ཡང་མེད་ཅེས་བསྐྱར་ནན་གྱིས་ཞུ་རྒྱུ་མ་ཟད།ད་ཕན་བཙན་བྱོལ་གཞུང་གི་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ད་ལྟ་གང་ཡང་ཞུ་རྒྱུ་མིན་ཞིང༌།ཚོགས་ཆེན་འདིའི་གྲོས་གཞིའི་ཐོག་ཏུའང་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་འདི་ལེགས་འདི་ཉེས་ཀྱི་བསམ་ཚུལ་ཚིག་གཅིག་ཞུ་རྒྱུ་མིན།གང་ལགས་ཤེ་ན་དེ་ལ་བརྟེན་ནས་ཚོགས་མི་རྣམས་ཀྱི་དགོངས་ཚུལ་ལ་ཤུགས་རྐྱེན་ཐེབས་པའི་གཟིགས་ཚུལ་ཡོང་སྲིད།ང་ཚོའི་ངོས་ནས་གཞི་རིམ་མང་ཚོགས་ཀྱི་རྣམ་དཔྱོད་ལ་ཡིད་ཆེས་གཙང་མ་ཡོད།

ཚོགས་ཆེན་འདིའི་གྲོས་གཞི་ཐོགགཞིས་བཞུགས་ཆོལ་གསུམ་བོད་རིགས་རྣམས་ནས་དགོངས་འཆར་གང་ཐུབ་བསྡུ་ལེན་ཞུས་པའི་བསྡོམས་ཐོ་བཀུར་འོས་ཚོགས་གཙོ་ལྷན་རྒྱས་ལ་ཕུལ་ཡོད།

ཚོགས་འདུ་འདིའི་དགོས་དམིགས་གཙོ་བོ་ནི།

༡་ གཉན་འཕྲང་ཅན་གྱི་དུས་ཚོད་འདིའི་སྐབས་བོད་ཀྱི་རྩ་དོན་ཐོག་གཞི་རིམ་མང་ཚོགས་ཀྱིས་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་ཡོང་བ་དང༌།

༢་ བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ཐབས་ལམ་ལ་རྒྱུན་ལྡན་བརྒྱུད་ལམ་ཁག་དང༌།མང་ཚོགས་ནང་དགོངས་ཚུལ་སྣ་ཚོགས་གསུང་མཁན་ཡོད་པ་སྤྱི་དང༌།ཁྱད་པར་སྐྱོན་བརྗོད་གནང་མཁན་རྣམས་ཀྱི་དགོངས་ཚུལ་རྣམས་གཞུང་འབྲེལ་སྡིངས་ཆའི་ཐོག་སླེབས་ཐུབ་པ།

༣་ འབྱུང་འགྱུར་བོད་མིའི་རྩ་དོན་ཐོག་ལངས་ཕྱོགས་ཇི་འདྲ་ཞིག་བཟུང་ཡང་མང་ཚོགས་ཀྱི་བཀའ་ལུང་ཡོད་པ་གསལ་པོ་ཆགས་ཐུབ་པ་དང༌།བོད་མིའི་ནུས་པ་ཆིག་བསྒྲིལ་ཡོད་བཞིན་པ་དེ་དག་རྒྱལ་སྤྱིའི་ནང་གསལ་མཚོན་ཐུབ་པ་ཞིག་ཡོང་རྒྱུ་བཅས་ཡིན་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌།ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང༌།བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།

བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་༢༠༠༨ཟླ་༡༡ཚེས་༡༧ལ།།།།