19
Fri, Apr

མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བློན་བན་མཁར།

དཔྱད་བརྗོད་རྩོམ་ཡིག
ཡིག་གཟུགས་སྒྲིག་ཆས།

ཚ་བ་མདའ་སྨྱུག་ནི་བསམ་བློ་བ་ཞིག་གམ་རྩོམ་པ་པོ་ཞིག་རེད། ཁོང་ལ༼ཕྱིར་རྟོག༽དང༼ཟླ་འོད་གཞོན་ནུའི་འཁྲི་ཤིང་།༽སོགས་གསུང་རྩོམ་ཁ་ཅིག་ཡོད་པ་སྔར་ཅུང་ཟད་རེ་བལྟས་མྱོང་། རྗོད་བྱེད་ཚིག་གི་སྡེབ་ཁ་ལེགས་པ། བརྗོད་དོན་རིགས་པའི་འདབ་མ་རྒྱས་པ་ཞིག་ཡིན་པར་ཅིས་ཀྱང་ཁས་ལེན་བྱ་དགོས་འདུག་ཀྱང་། ཚིག་གི་སོག་མ་དང་རིགས་པའི་འཕག་འཚག་ཙམ་གྱི་གནས་སྟངས་ཁོ་ནས་འཇིག་རྟེན་སྣོད་བཅུད་ཀྱི་ཕྱི་ནང་ཚོར་ཐུབ་མེད་པ་མ་མཁྱེན་པ་ཡིན་ལོས་ཆེ། གང་ལྟར་རང་སེམས་ཁོ་ན་བདེན་རྐྱང་དུ་བྱེད་པའི་ཨུ་ཚུགས་ཀྱི་གཤིས་རྒྱུད་དེ་ལྷང་ལ་འབུད་རྐྱང་བྱེད་མཁན་ཞིག་རེད།

སྔོན་དེ་འདྲའི་དོ་སྣང་བྱས་མ་མྱོང་མོད། ཁ་ཅིག་གིས་ཁོང་གི་ལྷ་དམྱལ་གླེང་བའི་རིགས་པ་ལ་སུ་ཡིས་ཀྱང་ལན་དུ་མ་ནུས་ཞེས་འགྲེལ་གྱིན་སྤུར་གྱིན་འདུག་པ་ལ། སྤྱིར་མི་སྒེར་གྱི་བསམ་བློ་གཏོང་སྟངས་ཙམ་ནི་རང་དབང་ཟེར་ཞིང་ཚེ་ཐར་དུ་བཏང་ཆོག་པ་ཞིག་ཡིན་མོད། དེ་ནི་རིམས་ནད་བཞིན་བོད་གྱི་ན་གཞོན་གསར་འགྲོགས་ལ་དགའ་བ་མང་པོ་ལོག་རྟོག་གི་འཆི་ལམ་དུ་བསྐྱལ་བ་ཁོ་ན་ལགས་པས། གང་འཚམ་བསྡུས་དོན་གྱིས་ལན་ཞིག་མི་སྟེར་འཕྱི་གྲབས་ཡོད། དེ་ཡང་ལྷ་དམྱལ་དགག་པའི་གོམས་སྲོལ་འདི་རིག་གནས་གསར་བརྗེ་སྐབས་ནས་ཡོད་མྱོང་ཞིང་། དགག་ལན་བྲིས་ཏེ་པར་ཏུ་བཏབ་ཡོད་པའང་མཐོང་མྱོང་། མདའ་སྨྱུག་གིས་ས་ཡི་འོག་ཏུ་དམྱལ་བ་དང་ཡི་དྭགས་ཞེས་པའི་ཁྲིམས་ར་ཞིག་དང་། ནམ་མཁའི་ནང་དུ་ལྷ་དང་ཞིང་ཁམས་ཞེས་པའི་གླིང་ཁ་ཞིག་ཡོད་པར་འདོད་པ་འདི་མཐར་གཏུགས་ན་འཇིག་རྟེན་བྱེད་པོ་འདོད་པའི་ལུགས་ཡིན། དེ་ལྟ་མིན་ཚེ་རང་བྱུང་གི་ཁྲིམས་ར་དང་། མ་བཅོས་པའི་གླིང་ཁ་ཞིག་ཡོད་དོན་ཅི་ཡོད། ལྷ་ཡུལ་གྱི་གྲོང་དང་གྲོང་ཁྱེར་ཕོ་བྲང་དེ་ཚོ་དང་། དམྱལ་བའི་ཡུལ་གྱི་ལྕགས་མཁར་སྒོ་མེད་དང་ཟངས་མོ་ཆེ་དེ་དག་ལྷ་དབང་གིས་བཀོད་སྒྲིག་བྱས་པ་མིན་ན་གང་ཞིག་ནས་བྱུང་བ་རེད། ཅེས་བྲིས་གནང་མཛད་པ་ནི་གླང་བོས་ས་བརྐོ་རང་གི་གཉའ་དང་མཆིལ་མ་གནམ་འཕངས་རང་གི་ངོ་ཞེས་པའི་དོན་ཁོ་ནར་འགྱུར་ཏེ། དེའི་ལན་དུ་མིའི་དབང་ལྔའི་མཐོང་ཚད་ལས་བརྒལ་བའི་ལྷ་ཡུལ་དང་དམྱལ་ཁམས་ལྟ་བུའི་འཇིག་རྟེན་ཞིག་མེད་པ་སུ་ཡིས་རྟོགས་ཐུབ།

གལ་སྲིད་ཡོད་པ་ཡིན་ན་དཀོན་མཆོག་གིས་བསྐྲུན་པར་སུ་ཡིས་ཤེས་སོང་བ་རེད། དཀོན་མཆོག་གིས་མ་བསྐྲུན་པའི་ལྷ་ཡུལ་དང་དམྱལ་ཁམས་ཤིག་གྲུབ་མི་ཆོག་པར་སུ་ཡིས་གདམས་པ་རེད། ལྷ་ཡུལ་དང་དམྱལ་ཁམས་ཟེར་བ་ཞིག་ཡོད་འདོད་ན་ཡོད་ཆོག་པ་དང་མེད་འདོད་ན་མེད་འགྲོ་བ་ཞིག་ལར་ནས་མིན་ཁར། མདའ་སྨྱུག་གིས་རིགས་པ་རིགས་པ་ཟེར་བ་ཞིག་གི་ཁ་བཤད་ལས་ལྷ་དམྱལ་མ་ཡོད་པའི་རྟགས་ཐམ་གང་དུ་སྦས་ཡོད། ཡིན་པ་ནི་ཁྱོད་ཀྱིས་ལྷ་དམྱལ་རྫུན་དུ་འདོད་པ་དེས་རྒྱ་བོད་མཁས་པ་གཞན་གྱིས་འགྲན་མི་ནུས་པ་ཐམས་ཅད་ཀྱིས་རྫུན་གྱི་སྟེང་ལ་རྫུན་འགེབས་ཀྱིན་ཡོད་ཟེར་བ་ཁོ་ན་རེད། ཁོ་ཚོས་དམྱལ་བ་ཡེ་ཤེས་ཀྱིས་མཐོང་ན་ང་ཚོས་ལྷ་ཡུལ་མིག་ཤེས་ཀྱིས་མཐོང་དགོས་པའི་ཁྱབ་པ་ཅི། དེ་ན་སྲིན་བྱས་ཉིན་དཀར་དང་མུན་ནག་གོ་ལྡོག་གིས་མཐོང་བ་དཀོན་མཆོག་གིས་བསྐྲུན་པ་ཨེ་རེད། ཁྱོད་ལྟར་ན་འཇིག་རྟེན་ཟེར་བ་ཐམས་ཅད་མི་ཡིས་རེག་རྒྱུ་དང་མི་ཡིས་མཐོང་རྒྱུ་ཡོད་པ་ཤ་སྟག་ལ་གོ་ཡོད་ན། མིས་མ་མཐོང་བ་ཐམས་ཅད་མེད་པ་དང་ཡོད་ཀྱང་འཇིག་རྟེན་བྱེད་པོས་བསྐྲུན་དགོས་པའི་འདོད་སྟངས་དེ་ཁོ་ན་རེད།

ཡང་མདའ་སྨྱུག་གིས་ར་སེ་དཀོན་མཆོག་རྒྱ་མཚོ་སོགས་ཁ་ཅིག་གིས། ཐེག་ཆེན་པའི་ལུགས་ལ་དམྱལ་བ་སེམས་སྣང་ཙམ་ཡིན། ཞེས་ཟེར་བཞིན་འདུག་སྟེ་དེ་ནི་དོན་དུ་དམྱལ་བ་ཁས་མི་ལེན་ཞེས་ཟེར་འདོད་པ་ཡིན་པས་ཐེག་ཆེན་པ་གཞན་པ་ཚོའི་ཐུགས་ལ་བབ་མིན་ཁོ་བོས་མི་ཤེས་སོ། །ཞེས་བྲིས་གནང་ཡོད་པ་ནི་དོན་ལ་བུམ་པ་ཞེས་པ་དོན་དམ་དུ་མེད་པ་དང་ཀུན་རྫོབ་ཏུ་ཡོད་པར་འདོད་པའི་གདགས་གཞི་གཅིག་ལ་གདགས་ཆོས་མ་འདྲ་བ་ཡོད་པ་དེ་འདྲ་རེད། སྐད་ཆ་གཞན་ཞིག་གིས་བཤད་ན་བློ་ཡི་འཇུག་ཡུལ་གང་དེ་དོན་དམ་དུ་སྟོང་བ་དང་ཀུན་རྫོབ་ཏུ་སྣང་བ། ཤེས་བྱའི་གཞལ་ཡུལ་གཅིག་གི་ངོས་ནས་ཀྱང་སྣང་སྟོང་དབྱེར་མེད་ཀྱིས་ཁྱབ་པ་དེ་མཚུངས་རེད། དེ་མིན་ན་རྗེ་ཙོང་ཁ་པ་ཆེན་པོས་དབྱངས་ཅན་མ་ཞལ་གཟིགས་ནས་བསྟོད་པ་ཁྱད་མཚར་ཅན་མཛད་པ་ད་ལྟའི་ང་ཚོའི་ཁ་ཏོན་དུ་བཞུགས་པ་དེ་ཡང་རྫུན་པ་རྫུན་རྐྱང་སྟེ། ང་ཚོས་དེ་དག་མ་མཐོང་བས་ཕྱིར། གལ་སྲིད་དབྱངས་ཅན་མ་ང་ཚོས་མ་མཐོང་བ་ཞིག་ཡོད་ན་འཇིག་རྟེན་བྱེད་པོས་བསྐྲུན་དགོས་པས། གངས་ཅན་མཁས་པའི་གཙུག་རྒྱན་དུ་འབོད་པ་དེ་དག་ཀྱང་རེ་རེ་ནས་བྱེད་པོའི་རྗེས་འཇུག་ཏུ་མི་འགྱུར་གྲང་། ཐེག་ཆེན་ཐེག་དམན་གྱི་འདོད་ལུགས་མི་འདྲ་བས་དམྱལ་བ་སེམས་སྣང་དུ་འཛིན་མིན་མི་འདྲ་ཡང་། དེ་ནི་ཐེག་ཆེན་ཐེག་དམན་ཙམ་མ་ཡིན་པརཐེག་པ་ཆེན་པོའི་ལམ་གོང་འོག་ལ་ཡང་མཐོང་སྣང་མ་འདྲ་བ་འབྱུང་རྒྱུ་ཡོད་པ་ལོས་མཁྱེན་ཏེ། ལུས་སེམས་བཅོས་སུ་རུང་བས་བློ་དང་ཤེས་པའི་མཐོང་སྣང་ལ་འགྱུར་ལྡོག་བྱུང་བའི་རྟགས་མཚན་རེད། དེ་ལྟར་མི་གོ་ན་བྱིས་དུས་དར་དུས་རྒས་དུས་ཀྱི་མཐོང་སྣང་མ་འདྲ་བ་དེ་མཚུངས་ཡིན།

དེ་ནི་ཆོས་ཉིད་དུ་གོ་བ་ལས་འགལ་བ་རུ་མི་གོ་སྟེ། དེའི་སྔ་ཕྱི་གོང་འོག་གི་མཐོང་སྣང་མ་འདྲ་བས་རྫུན་དུ་འགྲོ་ན་བྱིས་དུས་དང་མ་འདྲ་བའི་དར་དུས་དང་རྒས་དུས་ཀྱང་རྫུན་དུ་སྒྲུབ་དགོས་ཕྱིར་མི་ངལ་དམ། ཡང་མདའ་སྨྱུག་གིས་གཤིན་རྗེ་ཆོས་རྒྱལ་གྱིས་མགོ་ཁྲིད་པའི་ཁྲིམས་ཁང་དྲང་བདེན་ཅན་དེའང་མི་ཡུལ་འདི་རང་དུ་བཙུགས་ནས་མིག་སྔོན་པོས་ཕར་ལྟ་ཚུར་ལྟ་བྱས་ཏེ་གདོང་བཤེར་བརྒྱབ་ཕོད་ན་ཕོ་རབ་ཀྱི་ལས་ཀ་ཡིན་གྱི། ས་འོག་གི་འཇིག་རྟེན་ཞིག་ཏུ་གབ་ནས་ཤི་སྒུག་བྱེད་པ་ནི་ཐབས་རྡུག་པའི་བྱ་བ་མ་ཡིན་ནམ། སངས་རྒྱས་རྣམ་པར་ཐུགས་རྗེ་དང་ནུས་པ་དེ་འདྲ་ཆེ་ན། ལས་འབྲས་མངོན་སུམ་དུ་བསྟན་ནས་མ་འོངས་སྔོན་འགོག་གནང་དགོས་པ་ལ། དེ་ལྟར་མི་གནང་བར་ནམ་མཁའི་ཇི་སྲིད་བར་དུ་སྤྱན་ཆབ་ཁོ་ན་ཕྱུངས་ཏེ། བཞུགས་པ་ནི་ཐབས་ལ་མི་མཁས་པའི་མཛད་པ་རེད། བརྟག་དཔྱད་དེ་ཙམ་ཡང་མི་བཟོད་ན་རིགས་པས་གྲུབ་པའི་ཆོས་ལུགས་ཞེས་པའང་དེ་ཙམ་དུ་ཟད་དོ། །ཞེས་བྲིས་གནང་མཛད་པ་ལ། དོན་དུ་རིགས་པ་འདི་ཅུང་རྡུགས་ཐུག་ཅིག་ཡིན་པར་འདོད་དེ། འབྲི་བཞིན་བསམ་བཞིན་ཐང་ཆད་པས་ཀྱང་ལོས་ཡིན་སྙམ། གཤིན་རྗེ་ཡིས་ཆོས་ཁྲིམས་ཀྱི་གཡུལ་བཤམས་པ་ལ་མིའི་གམ་དུ་བསྡད། ཁྱིམ་ཚང་རེ་རེ་ནས་ལག་ཏུ་བསྟར་དགོས་ན། སྟག་གིས་མི་ཤ་ཟ་བར་འདོད་པ་ལ་སྡེ་ནང་དུ་རྒྱུག དུད་ཁྱིམ་རེ་རེར་འཛུལ་ནས་ཤ་ཁྲག་རྔམ་ཟ་རྔམ་འཐུང་མི་བྱེད་པར། ནགས་ཚལ་ཅིག་ཏུ་ཡིབ་སྡོད་དོན་ཅི་ལ་ཡོད། མིའི་ཉེ་སར་མ་དུད་པའི་གཤིན་རྗེ་མེད་པར་འདོད་ན། མིའི་ཚོགས་སུ་མི་ནུས་པའི་གཅན་གཟན་ཇི་ལྟར་བལྟ། སངས་རྒྱས་ཀྱིས་ལས་འབྲས་མངོན་སུམ་བསྟན་འདོད་པ་ནི་ངེས་པ་དོན་གྱི་འཇིག་རྟེན་བྱེད་པོའི་འདོད་སྟངས་ཁོ་ན་མ་གཏོགས། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གང་དུ་ཡང་ལས་ནི་རང་གིས་བྱས་ཤིང་། བྱས་པར་ཆུད་མི་ཟ་བ་དང་། དུས་བབ་སྨིན་པར་འགྱུར་བར་གསུངས་པ་ལས་ཐམས་ཅད་ངས་བྱས་པ་དང་། ཐམས་ཅད་ངས་བསྟན་ཆོག་ཅེས་གང་ཡང་བསྟན་མེད། དེ་ནི་བྱེད་པོ་དང་མ་འདྲ་སའི་ཟུར་གཅིག་རེད།

ཡང་ཁོང་གིས་སངས་རྒྱས་ཆོས་ལུགས་རང་ཁོ་ནའི་ངོས་ནས་བཤད་ནའང་ལྷ་དང་དམྱལ་བ་མེད་པ་ཙམ་གྱིས་མགོ་ཐོག་ཏུ་གནམ་རྡིབ་འོང་བ་མ་ཡིན་ཞིང་། རྐང་འོག་ནས་ས་རྡིབ་འགྲོ་བ་ཡང་མ་མ་ཡིན་ནོ་སྙམ་དུ་ཁོ་བོས་བསམ་བཞིན་ཡོད།ཅེས་བྲིས་པ་ཅུང་ཟད་སངས་རྒྱས་བསྟན་པའི་རྗེས་སུ་འཇུག་མྱོང་བ་དང་རིགས་པ་ལམ་དུ་ལོས་ཡོད་བསམ་སྤྱད་ཀྱི་རེ་བ་ཉག་ཅིག་ལགས་ཀྱང་། ལྷ་དམྱལ་ཙམ་མེད་ཀྱང་སངས་རྒྱས་ཆོས་ལུགས་གནས་ཐུབ་པ་ཙམ་གྱི་ཁེ་ཕན་ཁོ་ནའི་སྐད་ཆ་དེས་ཅི་ཡང་མི་ཕན་ཏེ། དེ་ནི་དཔེར་ན་བུ་ནར་སོན་རྗེས་མ་ཤི་སོང་ཡང་ང་ད་དུང་འཆི་མི་སྲིད་ཟེར་བའི་སྐད་ཆ་སྐྱུགས་བྲོ་བ་ཁོ་ན་དེ་ལགས་ཤིང་། ནང་བསྟན་ཆོས་ལུགས་ཀྱི་མདོ་དང་སྙིང་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་མི་འཚེ་བའི་ལམ་ག་འདི་གཅིག་པུ་ལས། རང་གཅིག་པུ་གསོན་ཐུབ་མིན་གྱི་བསམ་གཞིག་གཏོང་མཁན་དང་སྐད་ཆ་ཤོད་མཁན་ཞིག་ལར་ནས་མིན་ནོ། །

ཁ་ཅིག་གིས་མདའ་སྨྱུག་བོར་སོང་བའི་རྗེས་ལ་སྐད་ཆ་འདི་མི་འོས་སྙམ་ན། སངས་རྒྱས་མྱ་ངན་ལས་འདས་ཤིང་རྒྱན་དྲུག་མཆོག་གཉིས་ཀྱང་ཞིང་གཞན་དུ་ཕེབས་པ། བོད་ཀྱི་མཁས་ཆེན་གསེར་རི་འདྲ་བོ་དག་བཞུད་ཤུལ་དུ། མདའ་སྨྱུག་གིས་ཅི་འདོད་ལབ་ཆོག་ན། ངས་ད་དུང་མདའ་སྨྱུག་གསོན་ཡོད་པའི་ཚུལ་དུ་ལན་གཅིག་བགྲོས་ན་ཅིས་མི་ཆོག

བློན་བན་མཁར།