18
Wed, Sep

བོད་ཀྱི་ཆབ་སྲིད་ལོ་རྒྱུས་དང་འབྲེལ་བའི་པར་རིས་ཁག་ཅིག པར་དབང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

དཔྱད་བརྗོད་རྩོམ་ཡིག
Typography

༄༅། །བོད་ཀྱི་རྒྱལ་རབས་སྡོམ་ཚིག་ཀུན་གསལ་མེ་ལོང༌།
༄༅། །བོད་ཀྱི་རྒྱལ་རབས་སྡོམ་ཚིག་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།།
དང་པོ། བོད་ཀྱི་སྣོད་བཅུད་ཆགས་ཚུལ།
སྤྱན་རས་གཟིགས་དབང་རྣམ་རོལ་སྲོང་བཙན་རྗེ། །
འཇམ་དབྱངས་མི་ཡི་གཟུགས་བྱོན་ཁྲི་སྲོང་དང༌། །
ཕྱག་རྡོར་ཟློས་པའི་གར་བསྒྱུར་ཁྲི་རལ་པ། །
རིགས་གསུམ་རྣམ་སྤྲུལ་མེས་དབོན་གསུམ་ལ་འདུད། །

༈ གདོད་མའི་བོད་ཁམས་ཡུལ་གྱི་རྣམ་པ་ནི། །གངས་རིས་བསྐོར་ཞིང་ཐོག་མར་མཚོ་ཡིས་གང༌། །མཚོ་རྣམས་རིམ་བྲི་སྐམ་སའི་སྲོག་ཆགས་ནས། །མི་ཡི་འགྲོ་བ་རིམ་བཞིན་འཕེལ་བར་གྲགས། །སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་དང་འདྲ། །གཡའ་རི་གངས་རིས་ཡོངས་སུ་བསྐོར་བ་དང༌།།

སྨད་ཀྱི་མདོ་ཁམས་སྒང་དྲུག་ཞིང་དང་འདྲ། །རྩི་ཤིང་ནགས་ཚུལ་སྟུག་པོས་གོས་སུ་བཀླུབས། །བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ། །བྲག་རི་སྤང་ལྗོངས་དྭངས་གཙང་ཆུ་རྒྱུན་གྱིས། །ཡོངས་སུ་གང་ཞེས་གདོད་མའི་བོད་ཁམས་ཀྱི། །མཛེས་ལྡན་སྣོད་ཀྱི་བཀོད་པའི་ཆགས་དབྱིབས་དང༌། །མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང༌། །མདོ་ཁམས་སྒང་དྲུག་འདབ་ཆགས་བྱ་ཡི་གླིང༌། །དབུས་གཙང་རུ་བཞི་སྟག་གཟིག་གཅན་གཟན་གླིང༌། །ཡིན་ཞེས་བཅུད་ཀྱི་སྲོག་ཆགས་འབྱུང་ཁུངས་དང༌། །ཡར་ཀླུང་རྩེད་ཐང་གཞུང་གི་བྲག་སྐྱིབས་སུ། །འཕགས་པའི་རྣམ་སྤྲུལ་སྤྲེལ་རྒན་བྱང་སེམས་དང༌། །སྒྲོལ་མའི་རྣམ་སྤྲུལ་བྲག་སྲིན་འདུས་པ་ལས། །སྤྲེལ་ཕྲུག་མང་སྐྱེ་བོད་མིའི་མེས་པོ་སྟེ། །བསེ་རྨུ་ལྡོང་སྟོང་ནང་གི་རིགས་བཞི་དང༌། །དབྲ་འབྲུ་ཕྱི་རིགས་མིའུ་གདུང་དྲུག་དང༌། །རིགས་ཀྱི་ཕྱི་མོ་བཅུ་གཉིས་ལ་སོགས་པ། །བུ་ཕྲུག་རིམ་འཕེལ་གདོད་མའི་སྤྱི་ཚོགས་བྱུང༌། །རུས་ཀྱི་ཕྱི་མོ་བཅུ་གཉིས་ཞེས་པ་ནི། །རྒྱལ་རིགས་ཆེ་བ་རྗེ་རིགས་བཙུན་པ་དང༌། །བྲམ་ཟེ་རིགས་གཙང་དམངས་རིགས་མང་སྟེ། །སྤྱི་ཡི་རིགས་ནི་བཞི་བརྒྱར་ལྷ་ལས་ཆད། །རྒྱ་ནག་ཀླུ་དང་ཧོར་ནི་ལྷ་མིན་དང༌། །བོད་རིགས་སྤྲེའུ་བྲག་སྲིན་གཉིས་ལས་ཆད། །དེ་དག་བཞི་ལ་བར་གྱི་རིགས་བཞི་དང༌། །བསེ་རྨུ་ལྡོང་སྟོང་ནང་གི་རིགས་བཞི་དང༌། །དབྲ་འབྲུ་ཕྱི་རིགས་མིའུ་གདུང་དྲུག་ལས། །བོད་ཀྱི་མི་རིགས་འདི་ཉིད་བྱུང་བར་གྲགས།། །།གཉིས་པ། སྔོན་གྱི་མངའ་མཛད་རིམ་བྱུང༌།

སྤྱི་ལོའི་སྔོན་གྱི་དུས་རབས་ ༣༩ ནས་སྤྱི་ལོའི་སྔོན་གྱི་ལོ་ ༡༢༧ བར།

༈ དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། །དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར།། མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། །དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། །དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་པོའི་རྐང་དང་སྒྱོགས་གཉིས་ལག་ཆར་བྱུང༌། །བཞི་པ་དམར་འཇམ་ལྷ་ཡི་དབང་བྱས་ཏེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང༌། །ལྔ་པ་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང༌། །ད་ཕྲང་ཅང་ཕྲང་ལག་ཆར་ཞགས་པ་འཕེན། །དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ།། ལང་དང་ལིང་དང་ལག་ཆར་འུར་རྡོ་འཕེན། །བདུན་པ་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁ་ཉག་དྲུག་ཟེར། །ལག་ཆར་དོག་རལ་གོ་ཆ་ཕུབ་ཆུང་བྱུང༌། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུར་བཏགས། །དགུ་པ་རྒྱལ་པོས་དབང་བྱས་ངས་པོ་ཅེ། །བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར། །ཞེས་གསུངས་སྔོན་དུས་དབང་མཛད་བཅུ་གཉིས་དང༌། །དེ་རྗེས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཏེ། །མཆིམས་ཡུལ་གྲུ་ཤུལ་༡མཆེམས་རྗེ་གུ་ཡོང་དང༌། །ཞང་ཞུང་ཡུལ་༢དུ་རྒྱལ་པོ་ལིག་སྙ་ཤུར། །མྱང་རོ་ཕྱེད་དཀར་༣གཙང་རྗེ་ཐོད་དཀར་དང༌། །གནུབས་ཡུལ་གླིང་དགུ་༤སྣུབས་རྗེ་དམིགས་པ་དང༌། །ཉང་རོ་ཤམ་པོ་༥ལོ་རྔམ་རྗེ་འབྲོ་དང༌། །ཀྱི་རི་ལྗོན་སྔོན་༦ཀྱི་རྗེ་རྨང་པོ་དང༌།། ངམ་ཤོང་ཁྲ་སྣ་༧ཟིང་རྗེ་ཁྲི་འཕྲང་གསུམ། །འོལ་ཕུ་སྤང་མཁར་༨ཟིང་རྗེ་གོང་ནམ་དང༌། །གྲིཥཎ་་རོལ་མོ་གོང་༩དུ་བྲང་རྗེ་ནི། །གོང་ནམ་དང་ནི་ཀོང་ཡུལ་བྲེ་སྣ་༡༠ རུ། །ཀོང་རྗེ་ཀར་ཏུག་ཉང་ཡུལ་རྣམ་གསུམ་༡༡ དུ། །ཉན་བཙུན་གླང་རྒྱལ་དྭགས་ཡུལ་གྲུ་བཞི་༡༢ རུ། །དྭགས་རྗེ་མང་པོ་རྒྱལ་གྱི་རྗེ་བོ་མཛད། །བོད་ཡུལ་གླིང་དགུ་སྟོད་ཀྱི་གུ་གེ་དང༌། །པུ་ཧྲངས་མང་ཡུལ་པདྨ་རབ་སྒང་དང༌། །སྨད་ཁམས་སྒང་དང་ཚ་བ་སྒང་གསུམ་དང༌། །དབུས་གཙང་གཉིས་དང་དྭགས་ཀོང་ཨེ་གཉལ་གཅིག །དེ་ལྟར་གཉའ་ཁྲི་བཙན་པོའི་གོང་རོལ་དུ། །དབང་མཛད་བཅུ་གཉིས་སིལ་མ་བཅུ་གཉིས་དང༌། །དེ་རྗེས་རྒྱལ་ཕྲན་སིལ་མ་བཞི་བཅུ་རུ། །གྱུར་ཞེས་དེབ་ཐེར་མང་པོར་གསལ་ན་ཡང༌།། སིལ་མ་བཞི་བཅུའི་མིང་རྣམས་མི་གསལ་ལ། །ནམ་མཁའི་ནོར་བུའི་གཟི་ཡི་ཕྲེང་བ་ལས། །གཉའ་ཁྲིའི་སྔོན་གྱི་ལོ་ངོ་ལྔ་བརྒྱའི་གོང༌། །ཞང་ཞུང་ཡུལ་གྱི་རྒྱལ་པོ་གྲགས་ཆེ་བ། །དང་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན། །ལ་སོགས་རྒྱལ་རབས་བཅོ་བརྒྱད་བྱུང་བ་དང༌། །མི་རིགས་ཤེས་རིག་གནའ་ནས་བྱུང་བར་བཤད།། །།གསུམ་པ། གནའ་བོའི་རྒྱལ་རབས་ལས། །སྤུར་རྒྱལ་བཙན་པོའི་དུས་རབས། སྤྱི་ལོའི་སྔོན་གྱི་ལོ་ ༡༢༧ ནས་སྤྱི་ལོ་ ༦༢༨ བར་ལོ་ ༧༥༦།

༈ གཉའ་ཁྲིའི་འབྱུང་ཁུངས་བུ་སྟོན་རིན་ཆེན་གྱིས། །ཀོ་ས་ལ་ཡི་རྒྱལ་པོ་གསལ་རྒྱལ་རྒྱུད། །ཤེས་རབ་གོ་ཆས་སྐྱ་སེང་བུ་ལྔའི་རྒྱུད། །ཞྭ་སྒབ་པ་ཡིས་རྒྱལ་པོ་དམག་བརྒྱའི་སྲས། །དཀར་ནག་རྒྱ་དང་ལྷ་ཡུལ་བོད་ས་བཅས། །བཞེད་ཚུལ་འདྲ་མིན་གྲགས་པ་བོནུ་གས་སུ། །ལྷ་ཡི་ཡུལ་ནས་མི་ཡི་རྗེ་བོར་ཕེབས། །གསང་བ་ཆོས་ཀྱི་ལུགས་ལ་འཕགས་ཡུལ་གྱི།།

ཤཱཀྱའི་རིགས་རྒྱུད་བོད་དུ་གྱར་ཞེས་ཟེར། །ཡང་གསང་ཐེ་བྲང་ལུགས་ལ་སྤོ་ཡུལ་གྱི། །ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་བར་གྲགས། །ྋགོང་ས་མཆོག་གི་འཁྲུངས་རབས་གསོལ་འདེབས་ལས། །གངས་ཅན་ཐོག་མའི་རྗེ་བོ་རྒྱལ་རིགས་ཏེ། །སཱ་ལ་ཆེན་པོའི་རྒྱུད་ལས་གཉའ་ཁྲི་བཙན། །ཞེས་དང་རྒྱ་ཡི་ཡིག་ཚང་དག་ལས་ཀྱང༌། །རྒྱ་ནས་གྱར་བའི་འཕན་མྱི་ཡིན་ལུགས་ཟེར། །སྤྱི་ལོའི་སྔོན་གྱི་བརྒྱ་དང་ཉེར་བདུན་ལ། །གཉའ་ཁྲི་ཁྲིར་བཀོད་རྒྱལ་སྲིད་ཐོག་མར་བསྐྱངས། །བོད་ཀྱི་རྒྱལ་ཁབ་ཐོག་མར་དབུ་བརྙེས་པས། །རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོར་གྲགས། །གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ་དང༌། །ཡུལ་ལ་སྔ་བ་ཡར་ཀླུང་སོག་ཁ་དང༌། །མཁར་ལ་སྔ་བ་ཡུམ་བུ་བླ་སྒང་བཞེངས།།

གཉའ་ཁྲིའི་རིང་ལ་བསྒྲུབས་པའི་འཕྲིན་ལས་ གསུམ། །སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་མཛད། །སུམ་པའི་དཔོན་པོ་ཨ་ཡོངས་རྒྱལ་བ་བཏུལ། །སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། །བོན་བསྒྱུར་དཔལ་འབྱོར་ཤེས་རིག་གོང་དུ་སྤེལ། །རྒྱལ་ཕྲན་དབང་དུ་བསྡུས་ཏེ་བདེ་ལ་བཀོད། །གཉའ་ཁྲི་བཙན་པོའི་སྐབས་ཀྱི་བོད་རྒྱལ་སུ། །གཏོགས་པའི་ཡབ་འབངས་རུས་དྲུག་ཅེས་པ་ནི༑ ༑བཙན་པ་ལྷོ་༡གཉགས་༢བཙུན་པ་ཁྱུང་༣ སྣུབས་༤དང༌། །གཉན་པ་བསེ་༥དང་སྤོ་༦བཅས་དྲུག་པོ་ལ། །ཡབ་འབངས་རུས་དྲུག་ཅེས་པར་ཡོངས་སུ་གྲགས། །རྒྱལ་རབས་ཞེ་གཉིས་གནམ་གྱི་ཁྲི་བདུན་དང༌། །བར་གྱི་ལེགས་དྲུག་ས་ཡི་ལྡེ་བརྒྱད་དང༌། །ཚིགས་ཀྱི་བཙན་ལྔ་ཡུམ་གྱི་མིང་ལས་ཐོགས།།

གཉའ་ཁྲི་༡མུ་ཁྲི་༢ དིང་ཁྲི་༣སོ་ཁྲི་༤དང༌། །མེར་ཁྲི་༥གདགས་ཁྲི་༦ སྲིབ་ཁྲི་བཙན་པོ་༧རྣམས། །གནམ་གྱི་ཁྲི་བདུན་གྲི་གུམ་བཙན་པོ་༨ དང༌། །བྱ་ཁྲི་བཙན་ནམ་པུ་དེ་གུང་རྒྱལ་༩ ལ། །སྟོད་ཀྱི་སྟེང་གཉིས་ཡིན་ཞེས་ཡོངས་སུ་གྲགས། །ཨེ་ཤོ་༡༠དེ་ཤོ་༡༡ཐི་ཤོ་༡༢གུ་རུ་ལེགས ༡༣། །འབྲོང་ཞེར་༡༤ཨི་ཤོ་༡༥བར་གྱི་ལེགས་དྲུག་ཡིན། །ཟ་ནམ་ཟིན་ལྡེ་༡༦ལྡེ་འཕྲུལ་ནམ་གཞུང་བཙན ༡༧། །སེ་སྣོལ་ནམ་ལྡེ་༡༨སེ་སྣོལ་པོ་ལྡེ་༡༩ དང༌། །ལྡེ་སྣོལ་ནམ་དང་༢༠ལྡེ་སྣོལ་པོ་ལྡེ་༢༡ དང༌། །ལྡེ་རྒྱལ་༢༢ལྡེ་སྤྲིན་༢༣བཙན་བརྒྱད་ཆུ་ལྡེའམ།།ས་ལ་སྡེ་བརྒྱད་ཅེས་པ་འདི་དག་ གོ །རྒྱལ་པོ་ཏོ་རི་ལོང་བཙན་༢༤ཁྲི་བཙན་༢༥ ནམ། །ཁྲི་སྒྲ་དཔུང་བཙན་༢༦ཁྲི་ཐོག་རྗེ་བཙན་༢༧ དང༌། །ཐོ་རི་གཉན་བཙན་༢༨བཅས་ཀྱི་རྒྱལ་པོ་ལ། །ཚིགས་ཀྱི་བཙན་ལྔ་ཞེས་སུ་གྲགས་པ་ཡིན།།

ཁྲི་གཉན་གཟུངས་བཙན་༢༩ འབྲོང་གཉན་ལྡེའུ་༣༠དང༌། །དམུས་ལོང་དཀོན་པ་བཀྲ་ཤིས་ཡང་ན་ནི། །སྟག་རི་གཉན་གཟིགས་༣༡གནམ་རི་སྲོང་བཙན་༣༢ ལ། །ཕུན་སུམ་ཚོགས་པའི་བོན་རྒྱལ་རྣམ་བཞི་འམ། །འོག་གི་བཙན་བཞིར་གྲགས་པ་འདི་དག་ཡིན། །སྲོང་བཙན་༣༣གུང་བཙན་༣༤མང་སྲོང་༣༥འདུས་སོང་རྗེ ༣༦། །ཁྲི་ལྡེ་གཙུག་བརྟན་ཡང་ན་མེས་ཨག་ཚོམ ༣༧། །ཁྲི་སྲོང་ལྡེའུ་བཙན་༣༨མུ་ནེ་བཙན་པོ་༣༩ དང༌། །ཁྲི་ལྡེ་སྲོང་བཙན་ཡང་ན་སད་ན་ལེགས ༤༠། །ཁྲི་གཙུག་ལྡེ་བཙན་ཞེས་སམ་རལ་པ་ཅན་༤༡། །ཐོ་ཐོ་རི་ནས་རལ་པ་ཅན་གྱི་བར། །སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་དང༌།།ཁྲི་ལྡེ་གཙུག་བརྟན་ནས་བཟུང་ཁྲི་ རལ་བར། །ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་གྲགས། །སྤུར་རྒྱལ་བཙན་པོ་རིམ་བྱོན་མཐའ་མ་ནི། །ཁྲི་དར་འུ་དུམ་བཙན་ནམ་གླང་དར་༤༢ རོ། །གྲི་གུམ་བཙན་པོ་བློན་པོ་ལོང་ངམ་གྱིས།།དཀྲོངས་རྗེས་ལོང་ངམ་བློན་པོས་རྒྱལ་ སྲིད་བསྐྱངས། །དེས་ན་བློན་པོ་ལོང་ངམ་རྒྱལ་རབས་སུ། །བགྲང་མིན་བཞེད་སྲོལ་མི་འདྲ་ལུགས་གཉིས་དང༌།།

མུ་ནེ་བཙན་དང་སད་ན་ལེགས་ཀྱི་བར། །ཇུ་ཙེ་བཙན་པོ་ཞེས་བྱའི་རྒྱལ་རབས་གཅིག །བྱུང་ལུགས་རྒྱ་ཡི་དེབ་ཐེར་དག་ནས་བཤད། །སད་ན་ལེགས་དང་རལ་པ་ཅན་གྱི་བར། །ལྡེང་ཁྲི་ཞེས་པའི་སྲས་གཅིག་རྒྱལ་སར་བསྐོས། །ཆོས་འབྱུང་རྒྱལ་རབས་འགའ་ལས་གསུངས་ན་ཡང༌། །ཁུངས་ལྡན་འཐད་ཕྱོགས་བྱས་པ་གོང་ལྟར་ལགས། །རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས། །ཞེ་གཉིས་གླང་དར་བར་གྱི་རྒྱལ་པོ་ཡིས། །ཁྲི་ལོ་ཆིག་སྟོང་བརྒྱ་མེད་སོ་གཉིས་བསྐྱངས།།

གཉའ་ཁྲི་བཙན་སོགས་གནམ་གྱི་ཁྲི་བདུན་ རྣམས། །གཤེགས་ཚེ་རྨུ་ཐག་ལ་བྱས་ནམ་མཁར་ཡལ། །དེས་ན་པུར་དང་བང་སོ་མེད་པར་གྲག །དོན་དུ་སྐབས་དེར་སྐུ་ཕུང་མེར་བསྲེགས་ནས། །དུ་བ་ནམ་མཁར་གཏོང་སྲོལ་དར་རམ་སྙམ། །གྲི་གུམ་བཙན་པོ་བློན་པོ་ལོང་ངམ་གྱིས། །བཀྲོངས་ཏེ་པུར་དེ་ཆུ་རུ་བསྐྱུར་བ་ན། །ཀོང་པོར་ཐོན་ནས་དེ་རུ་བང་སོ་བརྩིགས། །བང་སོ་བརྩིགས་པའི་ཐོག་མ་འདི་ཡིན་ལ། །བང་སོའི་དབྱིབས་ནི་ཟླུམ་པོ་ཉིད་དུ་གྲགས། །གྲི་གུམ་ཆུང་དུས་མཚན་ལ་ཅི་གདག་ཅེས། །མ་མ་གྲོ་ཞལ་སྐྱི་བརླིང་མར་ཞུས་པས། །གྲི་གུམ་བཙན་པོར་བཏགས་པས་བཏགས་ཉེས་ཏེ།།

ལོང་ངམ་གྲི་ཡི་འོག་ཏུ་བཙན་པོ་གུམ། །གྲི་གུམ་བཙན་པོའི་སྲས་གསུམ་ཤ་ཁྲི་དང༌། །བྱ་ཁྲི་ཉ་ཁྲི་ཀོང་པོར་གྱར་བའི་སྐབས། །བྱ་ཁྲིས་སྤོ་བོའི་ཡུལ་དུ་མངའ་དབང་དང༌། །ཤ་ཁྲིས་ཀོང་པོའི་ཡུལ་དུ་རྗེ་བོ་མཛད། །ཉ་ཁྲིས་ཉང་རྗེ་མཛད་ཅིང་ཕ་བསད་པའི། །དགྲ་ཤ་ལེན་པའི་ཐབས་ལ་བརྩོན་པའི་སྐབས། །གྲི་གུམ་བཙུན་མོར་ཡར་ལྷ་ཤམ་པོའི་བུ། །རུ་ལས་སྐྱེས་ཞེས་གྲགས་པ་འཁྲུངས་པ་དེས། །སྐུ་ན་ཆེར་ལོན་བློན་པོ་ལོང་ངམ་བཀྲོངས། །སྲས་བགྲེས་བྱ་ཁྲི་གདན་དྲངས་རྒྱལ་སར་བསྐོས། །ཡུམ་གྱི་སྲས་ལ་འཇུས་ཏེ་བུ་སྲས་ཁྱོད། །བོད་ཀྱི་རྒྱལ་རྒྱུད་མ་ཉམས་ཡིན་ངེས་ན། །རྒྱལ་སྲིད་བརྟན་ཅིང་རྒྱས་པར་ཤོག་ཅེས་སྨྲས། །བར་སྣང་ཁམས་ནས་ཁྱོད་ཀྱི་བུ་སྲས་དེ། །ཀུན་ལས་རྒྱལ་བར་གྱུར་ཞེས་བརྗོད་པ་ན། །འབངས་སྒྲ་ཉམས་པས་པུ་དེ་གུང་རྒྱལ་ཟེར། །ཤ་ཁྲི་ཀོང་པོར་བཞུགས་ཏེ་ཀོང་རྗེ་མཛད། །ཉ་ཁྲི་སོག་མིང་པོར་ཏ་ཞེས་བྱ་བ། །སོག་པོར་གྱར་ནས་སོག་རྒྱལ་ཐོག་མ་མཛད། །གྲི་གུམ་བཙན་དང་པུ་དེ་གུང་རྒྱལ་སྐབས། །བརྗིད་ལྡན་སྐུ་མཁར་འཕྱིང་དབར་སྟག་རྩེ་བརྩིགས། །འཕྱིང་ཡུལ་ཀླུང་དུ་གྲོང་བརྡལ་ཐོག་མར་ཆགས། །སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ། །བྱུང་ནས་རྒྱལ་སྲིད་སྐྱོང་བའི་ལུགས་སུ་སྤྱད།།

ཆབ་དཔལ་རིག་གསུམ་གོང་འཕེལ་ཆེས་ཆེར་ཕྱིན། །དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། །བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི༑ ༑ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེགས་སྲོལ་བ་བྱུང༌། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང༌། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་སྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཏོག་ཐོག་མ་འདི་ནས་བྱུང༌།།

ཞེས་སོགས་འགྲོ་ཕན་བྱ་བ་སྣ་མང་བསྒྲུབས། །གཉའ་ཁྲིའི་དུས་སུ་བོན་གྱི་བསྟན་པ་དར། །གྲི་གུམ་བཙན་པོའི་དུས་སུ་བོན་ཆོས་བསྣུབས། །པུ་དེ་གུང་རྒྱལ་དུས་སུ་བོན་ཆོས་དར། །ཁྲི་སྲོང་སྐབས་སུ་སླར་ཡང་བོན་ཆོས་བསྣུབས།།

དེ་རྗེས་ཨེ་ཤོ་ལེགས་ཀྱི་བློན་པོ་དང༌། །མཛངས་མི་གཉིས་པའི་མཛད་རྗེས་འདི་ལྟ་སྟེ། །དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། །དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། །མདའ་ལ་ཆུ་མ་རྨོ་བ་འདི་ནས་དར། །ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། །སྤང་ལ་འཇའ་ཚོན་རྒྱས་པ་འདྲའོ་ཟེར། །ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ།།

མཚོ་ལ་ཁ་བ་བབས་པ་འདྲའོ་ཟེར། །གཉའ་ཁྲི་བཙན་ནས་རྒྱལ་ཐོག་ཉེར་བདུན་པ༑ ༑ཁྲི་ཐོག་རྗེ་བཙན་བར་གྱི་རྒྱལ་པོ་ལ། །སོ་སོའི་ཁྲི་ལོ་ཁ་གསལ་མེད་ན་ཡང༌། །རྒྱལ་རབས་ལོ་ཡུན་དྲུག་བརྒྱ་ཉི་ཤུ་རིང༌། །ཆབ་སྲིད་སྒྲུང་ལྡེའུ་བོན་གྱིས་བསྐྱངས་པར་གྲགས། །སུམ་བརྒྱ་དོན་བཞིར་ཐོ་རི་གཉན་བཙན་འཁྲུངས། །འཕགས་ཡུལ་སྨན་པ་བི་བྱི་བི་ལྷ་གཉིས། །བོད་དུ་གདན་དྲངས་སྨན་གཞུང་མང་དུ་བརྩམས། །བོད་ཀྱི་བླ་སྨན་ཐོག་མ་འདི་ནས་བྱུང༌། །མཚན་ལ་དུང་གི་ཐོར་ཅོག་ཅན་དུ་གྲགས། །བཞི་གསུམ་གསུམ་ལོར་ཕྱག་རྒྱ་དྲུག་པོ་རྣམས། །པཎ་ཆེན་བློ་སེམས་འཚོ་དང་ལོ་ཙཱ་བ། །ལི་ཐི་སེ་ཡིས་བོད་དུ་སྤྱན་དྲངས་པས། །བོད་ལ་དམ་ཆོས་ཐོག་མར་དབུ་བརྙེས་ཏེ། །རྒྱལ་པོས་ཕྱག་མཆོད་མཛད་པའི་མཐུ་བྱིན་གྱིས། །སྐུ་ཚེ་བསྲིངས་ནས་བརྒྱ་དང་ཉི་ཤུ་བཞུགས། །དོན་མ་རྟོགས་ཤིང་གཉན་པོ་གསང་བར་གསོལ། །བོན་བློན་གནམ་ལ་དགའ་བ་གདུལ་བའི་སླད། །དེ་དག་གནམ་ལས་བབས་ཞེས་འབངས་ལ་བསྒྲགས། །རྨི་ལམ་ནང་དུ་མི་རབས་ལྔ་ཡི་རྗེས། །དེ་དོན་ཤེས་པར་གྱུར་ཅེས་ལུང་དུ་བསྟན། །བཞི་དགུ་གསུམ་ལོར་ཐོ་རི་གཉན་བཙན་གཤེགས།།བཙན་ལྔའི་བང་སོ་འཆིང་ཡུལ་དར་ཐང་དུ། །བཏབ་ལ་དབྱིབས་ནི་ས་ཕུང་སྦྲ་འདྲ་ཟེར། །ཐོ་རི་གཉན་དང་ནོ་ཟ་མང་པོ་རྗེའི། །སྲས་སུ་ཁྲི་གཉན་གཟུངས་བཙན་སྐུ་འཁྲུངས་ཤིང༌། །བློན་སྦས་སྣང་གཞེར་ལྷ་བཙན་མགར་ཁྲི་འབྲིང༌།།

གཉིས་བྱས་བང་སོ་དོན་མཁར་མདའ་རུ་བརྩིགས། །སྤྱི་ལོ་ལྔ་བརྒྱ་དོན་དགུར་དམུས་ལོང་པ། །དཀོན་པ་དཀྲ་འམ་སྟག་རི་གཉན་གཟིགས་འཁྲུངས། །ཆུང་ནས་དམུས་ལོང་ཡིན་པས་དམུས་ལོང་ཟེར། །ཡབ་ཀྱི་ཞལ་ཆེམས་ཇི་བཞིན་འ་ཞ་ནས། །སྨན་པ་མཁས་པ་བོས་ཏེ་སྤྱན་མིག་ཕྱེས། །ཐོག་མར་སྐྱིད་ཤོད་སྟག་མོའི་རི་བོ་ལ། །གཉན་ཞིག་གཟིགས་པས་སྟག་རི་གཉན་གཟིགས་གྲགས།།རྒྱལ་པོ་འདི་པས་བོད་ཁམས་གཅིག་ འགྱུར་གྱི། །འཕྲིན་ལས་གྱེན་ལ་འདེགས་པའི་དབུ་བརྩམས་ཤིང༌། །མཐའ་བཞིའི་རྒྱལ་ཕྲན་རྣམས་ལ་དམག་སྣ་དྲངས།།བན་པ་རྗེ་དང་འ་ཞ་དྲང་གར་རྗེ། །ཟིང་པོ་རྗེ་དང་ཞང་ཞུང་རྗེ་སོགས་བཏུལ།།

རྒྱལ་ཕྲན་སུམ་གཉིས་མངའ་ཐང་འོག་ཏུ་བཅད། །རྒྱལ་ཁབ་རྒྱ་བསྐྱེད་ཆབ་སྲིད་དཔལ་འབྱོར་དང༌། །རིག་གནས་ལ་སོགས་གོང་འཕེལ་ཆེས་ཆེར་ཕྱིན།།ཆོས་འབྱུང་མཁས་པའི་དགའ་སྟོན་དེ་ ཉིད་ལས། །འདི་ནས་ཁྲི་དོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱི་ཕུལ། །དགའ་གཉིས་ཚོང་ལས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ལ་ཚོང་དང་བྲེ་སྲང་མེད། །དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས། །ཞེས་གསུངས་ཚོང་ལས་བྲེ་སྲང་ཐོག་མར་བཟོས། །ཞིང་པའི་ཐོན་ཁུངས་འབྲུ་རིགས་བྲེ་ལ་འཇལ། །འབྲོག་པའི་ཐོན་ཁུངས་ཤ་མར་སྲང་ལ་འཇལ། །འཇལ་གཤོར་འདེགས་གསུམ་ཚད་གཞི་གཏན་འབེབས་མཛད། །ཁྲི་སྲོང་དུས་སུ་བརྩམས་པའི་སྨན་གཞུང་དང༌། །ཕུལ་དང་ཡ་འཁྱོར་ཞིབ་ཕྲ་གཏན་ལ་ཕབ། །དྲུག་བརྒྱ་གཅིག་ལོར་གནམ་རི་སྲོང་བཙན་འཁྲུངས། །བོད་ཀྱི་རྒྱལ་ཕྲན་ཁག་གཅིག་སྡུད་འགོ་ཚུགས། །ཙི་ནའི་སྨན་རྩིས་བོད་དུ་དར་བར་གྱུར། །ཟིང་རྗེ་བཏུལ་བར་མནའ་སྐྱེལ་དམ་བཅས་ཏེ། །བཙན་པོས་དམག་མི་ཁྲི་ཡི་དཔུང་སྣ་དྲངས།།

གཡུལ་ལས་རྒྱལ་བས་མཁར་ཡུ་སྣ་ནི་གཏོར། །དགུ་གྲི་ཟིང་པོ་རྗེ་བཀུམ་འཕན་ཡུལ་བླངས། །ཕག་སྣ་མན་ནས་ཀོང་པོ་བྲེ་སྣ་ཡན། །དབང་དུ་བསྡུས་ཤིང་འབངས་ཀྱི་བསྟོད་གླུ་ལས། །ཆབ་སྲིད་གནམ་ལས་མཐོ་ཞིང་དབུ་རྨོག་ནི། །རི་ལས་བཙན་པས་གནམ་རི་སྲོང་བཙན་གྲགས།། །།

བཞི་པ། གནའ་བོའི་རྒྱལ་རབས་ལས། བོད་ཀྱི་ཆོས་ལྡན་རྒྱལ་རབས།སྤྱི་ལོ་ ༦༢༩ ནས་ ༨༤༡ བར་ལོ་ ༢༡༣

༈ དྲུག་བརྒྱ་བཅུ་བདུན་བཞེས་ལོར་སྲོང་བཙན་འཁྲུངས། །དྲུག་བརྒྱ་སོ་དགུར་ཁྲི་བཙུན་ཁབ་ཏུ་བསུས། །ཇོ་བོ་མི་བསྐྱོད་རྡོ་རྗེ་གདན་དྲངས་ཏེ༑ ༑ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དང༌། །དམར་པོ་རི་ལ་རྒྱལ་པོའི་ཕོ་བྲང་བཞེངས། །དྲུག་བརྒྱ་བཞི་བཅུར་བྷར་མ་བལ་ཡུལ་གཉིས། །དབང་དུ་བསྡུས་ཤིང་ཞང་ཞུང་འབངས་སུ་ཚུད། །ཞེ་ལྔར་རི་བོ་རྩེ་ལྔའི་ལྷ་ཁང་བཞེངས།།

དྲུག་བརྒྱ་སོ་གསུམ་བཞེས་ལོར་སུམ་བྷ་དང༌། །མི་ཉག་འ་ཞ་ཞང་ཞུང་རྒྱལ་ཕྲན་སོགས། །མཐའ་བཞིའི་རྒྱལ་ཕྲན་མང་པོ་དབང་དུ་སྡུད། །ནང་ཁུལ་ཟིང་འཇགས་རྒྱལ་ས་ལྷ་སར་སྤོས། །བྱས་པ་ཅན་གྱི་བློན་པོ་སུམ་བརྒྱ་བསྐོས།། རྒྱ་དང་མི་ཉག་ཕྱོགས་ནས་བཟོ་རྩིས་བླངས། །འཕགས་པའི་ཡུལ་ནས་དམ་ཆོས་སྒྲ་བསྒྱུར་མཛད། །བལ་པོའི་ཡུལ་ནས་ལས་ཤེས་བཟོ་ལས་དྲངས། །ཧོར་སོག་ཡུལ་ནས་ཟས་ནོར་གཏེར་ཁ་ཕྱེས། །ཧོར་དང་ཡུ་གུར་ཞིང་ནས་ཁྲིམས་དཔེ་བླངས། །ྋགོང་ས་མཆོག་གི་འཁྲུངས་རབས་གསོལ་འདེབས་ལས། །ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས་ཡིག་ཁྲིམས་སོགས། །སྲོལ་གཏོད་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །ཞེས་གསུངས་དྲུག་བཞི་གཅིག་ལོར་རྒྱ་ནག་ནས། །ཀོང་ཇོ་བཙུན་མོར་བཞེས་པའི་རྟེན་སྐལ་དུ། །ཤཱཀྱ་མུ་ནེ་སྤྱན་དྲངས་བཞུགས་གནས་སུ། །རྒྱ་སྟག་ར་ཆེ་གཙུག་ལག་ཁང་ཆེན་བཞེངས། །ཞང་ཞུང་རྒྱལ་པོ་ལི་མིག་སྐྱ་ཞེས་པའི། །སྲས་མོ་ཞང་ཞུང་བཟའ་ཡིས་ཐིམ་ལྐོག་གི ༑ལྷ་ཁང་བཞེངས་ཤིང་མི་ཉག་རུ་ཡོང་བཟའ། །རྒྱལ་མོ་བཙུན་གྱིས་བྲག་ལྷའི་ལྷ་ཁང་དང༌། །མོང་གི་ཞང་བློན་སྲས་མོ་ཁྲི་ལྕམ་གྱིས། །ཡེར་པའི་ལྷ་ཁང་དང་བཅས་རེ་རེ་བཞེངས། །དེ་ལྟར་བཙུན་མོ་ལྔ་པོ་རིམ་བཞེས་ཀྱིས།། སྲོང་བཙན་སྒམ་པོས་དམ་ཆོས་སྲོལ་བཟང་གཏོད། །སྨན་རྩིས་བཟོ་རྩལ་རྩོམ་རིག་ལོ་རྒྱུས་དང༌། །མཛེས་རིག་ཨར་ལས་གླུ་གར་ལུས་རྩལ་དང༌། །འཁལ་འཐག་སྦྱར་བརྐོས་ཤོག་བཟོ་ལ་སོགས་དར། །རྒྱལ་ཁབ་རྒྱ་བསྐྱེད་ལྷ་མིའི་ཆོས་ཁྲིམས་བཟོས། །ཞིང་ལས་བཟོ་ལས་དཔལ་འབྱོར་རིག་གནས་དང༌།། དམག་དོན་ཕྱི་འབྲེལ་ལ་སོགས་འཛམ་གླིང་ནང༌། །འགྲན་ཟླ་བྲལ་ཞིང་འཛམ་གླིང་འདི་ཉིད་ཀྱི། །སུམ་གཉིས་ས་ལ་མངའ་དབང་བསྒྱུར་ཞེས་བསྟོད། །བཀའ་ཡི་བློན་པོ་བརྒྱ་ཕྲག་གསུམ་དང་ནི། །འཕྲུལ་གྱི་བློན་ཆེན་ངོ་གྲངས་བཅུ་དྲུག་དང༌། །བཀའ་ཡི་ཡོལ་ག་འཆོས་པའི་བློན་པོ་བཅུ། །ཕྱི་བློན་བཙན་པོ་དྲུག་དང་ནང་བློན་ནི། །བཟང་པོ་དྲུག་དང་མེད་ཐབས་མེད་པ་ཡི། །བློན་པོ་ཆཻན་པོ་མགར་སྟོང་ཡུལ་བཟུང་དང༌། །ཐོན་མི་ཨ་ནུ་སེ་རུ་གུང་སྟོན་དང༌། །ཉང་གི་ཁྲི་བཟང་ཡང་སྟོན་བཞི་རྣམས་བསྐོས། །བོད་ཀྱི་ཁོས་དྲུག་བོད་ཡུལ་རུ་ལྔར་ཕྱེ། །ཁྲིམས་ཆེན་དྲུག་ནི་ཁྲི་རྩེ་འབུམ་བཞེར་དང༌། །གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་དང་གཉིས། །རྒྱལ་ཁམས་དཔེར་བླངས་མདོ་ལོན་ཞུ་བཅད་དང༌། །དབང་ཆེན་བཅད་སྤྱི་ཁབ་སོ་ནང་ཁྲིམས་དྲུག །ཁྲིམས་ཡིག་དྲུག་ལས་དང་པོའི་ནང་ཚན་དུ། །བཀའ་གྲོས་དྲུག་དང་ཡིག་ཚང་དྲུག་དང་ནི།། ཕྱག་རྒྱ་དྲུག་དང་རྐྱེན་དྲུག་དཔའ་ཚན་དྲུག །འདུས་པ་ཀུན་དགའི་མེ་ལོང་ནང་དུ་གསུངས། །གཞན་ཡང་ལྷ་ཆོས་དགེ་བ་བཅུ་དང་ནི། །མི་ཆོས་གཙང་མ་བཅུ་དྲུག་གཏན་འབེབས་ཀྱིས། །གངས་ཅན་ལྗོངས་ཀྱི་ཆབ་སྲིད་ལེགས་པར་བསྐྱངས། །དགུང་བློན་ནང་བློན་ཡོ་ག་འཆོས་པ་ཡི། །བཀའ་ཡི་བློན་པོ་དབྱེ་རིམ་རྣམ་གསུམ་སོགས། །སྲིད་འཛིན་ལམ་ལུགས་སྒྲིག་གཞི་གཏན་ལ་ཕབ། །དབུ་རུ་གཡོ་རུ་གཡས་རུ་རུ་ལག་དང༌། །སུམ་པའི་རུ་སོགས་རུ་ཆེན་རྣམ་ལྔ་དང༌། །དམག་དཔུང་རྣམས་ཀྱང་རུ་ལྔ་ཁོས་དྲུག་དང༌། །རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག་དང༌། །རུ་དར་དཔའ་དར་རུ་རྟའི་མདོག་དབྱིབས་བཅས། །དྲག་པོའི་དམག་གི་སྒྲིག་གཞི་གཏན་ལ་ཕབ། །མཛངས་མི་བཞི་པ་སློབ་དཔོན་ཐོན་མི་ཡིས། །མཛངས་པའི་ལས་སུ་བོད་ཡིག་གསར་དུ་གཏོད།། བརྡ་སྤྲོད་གཞུང་བརྩམས་བཀའ་བསྟན་བོད་དུ་བསྒྱུར། །ལོ་ཙཱའི་ཐོག་མ་མཛངས་མི་བཞི་པར་བཞག །གཞན་ཡང་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས།། མཛངས་པའི་ལས་སུ་རི་ཁྱིམ་ཀླུང་དུ་ཕབ། །སྤོ་མཐོ་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། །འདི་ཡན་བོད་ཀྱི་ཁང་པ་རི་ལ་ཡོད། །དེའི་ཕྱིར་བོད་ཀྱི་མཛངས་མི་ལྔ་པ་ཡིན། །བཙུན་མོ་གཞན་ལ་སྲས་སྲོས་མ་བྱུང་ཞིང༌། །མོང་བཟར་སྲས་གཅིག་གུང་རི་གུང་བཙན་འཁྲུངས། །བཅུ་གསུམ་བཞེས་ལོར་རྒྱལ་སར་བསྐོས་ན་ཡང༌། །ལོ་ལྔའི་རྗེས་སུ་གཤེགས་པས་སྲོང་བཙན་གྱིས།། སླར་ཡང་ཆོས་སྲིད་མཛད་པ་བསྐྱངས་པའི་རྗེས། །དགུང་གྲངས་གྱ་གཉིས་བཞེས་ལོར་སྲོང་བཙན་གཤེགས། །ལ་ལས་དགུང་ལོ་སོ་བཞིར་གཤེགས་པར་གྲག །ཐོ་རི་གཉན་བཙན་སྐབས་སུ་རྟེན་དྲུག་ཕེབས། །དམ་ཆོས་དབུ་བརྙེས་ཆོས་རྒྱལ་སྲོང་བཙན་སྐབས། །སྲོལ་བཟང་བཏོད་ཅིང་ཆོས་རྒྱལ་ཁྲི་སྲོང་དང༌།།

ཁྲི་རལ་སྐབས་སུ་རྒྱས་པར་མཛད་པས་ན། །རིགས་གསུམ་རྣམ་སྤྲུལ་མེས་དབོན་གསུམ་དུ་གྲགས། །དེ་རྗེས་དབོན་སྲས་མང་སྲོང་མང་བཙན་ཉིད། །རྒྱལ་སར་བསྐོས་ཀྱང་དགུང་ན་ཕྲ་གྱུར་བས། །བློན་ཆེན་མགར་གྱིས་རྒྱལ་སྲིད་བསྐྱངས་པ་དང༌། །མགར་སྲས་བཙན་སྙ་སྤྱི་ཁྱབ་བློན་ཆེན་དང༌། །མགར་སྲས་ཆུང་བ་གསུམ་གྱི་དམག་དཔོན་གྱི། །གོ་གནས་བཞེས་ཏེ་བོད་རྒྱལ་ཆབ་སྲིད་ཀྱི། །ཀ་བ་ལྟ་བུར་མཛད་ཅིང་རྒྱལ་སྲིད་བསྐྱངས། །རྒྱ་དང་འཐབ་པས་རྒྱ་དམག་ཕམ་ཉེས་བཏང༌། །དེ་རྗེས་འདུས་སྲོང་མང་རྗེས་རྒྱལ་སྲིད་བསྐྱངས།།

གྲུ་གུར་དམག་དྲངས་བཙན་པོའི་འབངས་སུ་བཀུག །འཇང་གི་ས་དམ་རྒྱལ་པོར་གནའ་གྲོགས་སྦྲན། །རྒྱལ་པོ་ཉིད་ཀྱང་གཡུལ་སར་སྐུ་ཚེ་འདས། །འདུས་སྲོང་མང་རྗེ་རླུང་ནམ་འཕྲུལ་བཙན་གྱི། །རིང་ལ་བློན་པོ་རྩལ་ཆེ་རྣམ་བདུན་དང༌། །ཇ་དང་ཀ་ཡོལ་སྤྱད་སྲོལ་དེ་དུས་བྱུང༌། །མང་སྲོང་མང་བཙན་དུས་སྲོང་མང་རྗེའི་སྐབས། །དྲུག་བདུན་བརྒྱད་ལ་བཙན་སྙ་སྡོམ་བུ་ཡིས། །འ་ཞ་ལི་ཡུལ་འཇང་ལ་དམག་དྲངས་ཏེ། །གཡུལ་ལས་རྒྱལ་བས་དེ་དག་འབངས་སུ་བཅུག །སྤུར་རྒྱལ་བོད་ཀྱི་རྒྱལ་ཁབ་རྒྱ་བསྐྱེད་དེ། །བྱང་གི་ལི་ཡུལ་ལྷོ་ཡི་ཡུན་ནན་དང༌། །ཤར་རྡོ་ཉི་ཟླ་ནས་བཟུང་ནུབ་ཕྱོགས་ཀྱི། །བལ་པོའི་ཕ་མཐར་བོད་ཀྱི་མངའ་ཁོངས་མཛད། །སྲོང་བཙན་ནས་བཟུང་རྒྱལ་རབས་གསུམ་གྱི་རིང༌། །མགར་གྱི་རྒྱུད་པས་བློན་ཆེན་གོ་གནས་བཞེས། །བཙན་པོའི་ཆབ་སྲིད་དཔལ་འབྱོར་དམག་དོན་དང༌། །རིག་གནས་སོགས་ལ་བྱས་རྗེས་བླ་མེད་བཞག །དྲུག་དགུ་བདུན་ལོར་ཁྲི་ལྡེ་གཙུག་བརྟན་འཁྲུངས། །དགུང་ལོ་བདུན་ལ་ཡབ་གཤེགས་རྒྱལ་ཁྲིར་ཕེབས། །ནང་དགྲ་ཚར་གཅོད་ཕྱི་དགྲ་ཐབས་ཀྱིས་འགོག །རྒྱལ་འབངས་འཇགས་སུ་གཏོང་མཁན་མང་སྲོང་གི །

བཙུན་མོ་འདུས་སྲོང་མང་རྗེའི་ཡུམ་ཆེན་ དང༌། །རྒྱལ་པོའི་ཨ་ཕྱི་འབྲོ་བཟའ་ཁྲི་མ་ལོད། །ཉིད་ཀྱིས་ཁྲི་ལྡེ་གཙུག་བརྟན་རྒྱལ་སར་བཀོད། །དེ་དང་བཙུན་མོ་ལྗང་མོ་ཁྲི་བཙུན་ལ། །ལྗང་ཚ་ལྷ་དབོན་ལྷ་ལ་འགྲན་པ་འཁྲུངས། །ལང་ཚོ་དར་བབ་རྒྱ་རྒྱལ་ཐང་ཙུང་གི །གསོས་ཕྲུག་གྱིམ་ཤིང་ཀོང་ཇོ་བཅོ་ལྔ་ལོར།།

སོན་པ་བཙུན་མོར་བསུས་ཀྱང་ཀོང་ཇོ་ཉིད། །བོད་ལ་མ་ཐོན་སྔོན་དུ་རྒྱལ་བུ་གཤེགས། །རྒྱལ་པོ་མེས་ཨག་ཚོམ་གྱི་བཙུན་མོར་བསྐུར། །ཙི་ནའི་ཡུལ་ནས་མདོ་སྡེ་སྨན་དཔྱད་སོགས། །བསྒྱུར་བར་མཛད་པས་རིག་གནས་གོང་མཐོར་འཕེལ། །གྱིམ་ཤིང་ཀོང་ཇོ་གྲོངས་རྗེས་རྒྱ་བོད་འཁྲུགས། །བོད་དམག་འབུམ་ཕྲག་བཞི་ཡིས་རྒྱ་ཁོངས་ཀྱི། །ཅིན་ཕན་ཟེར་བའི་གྲོང་ཁྱེར་དབང་འཛིན་གྱིས། །རྒྱ་ནག་དབུས་སུ་བོད་དམག་དཔུང་འཇུག་བྱས། །བདུན་ལྔ་ལྔ་ལོར་ཁྲི་ལྡེ་གཙུག་བརྟན་གཤེགས། །དེ་རྗེས་ྋགོང་ས་མཆོག་གི་འཁྲུངས་རབས་ལས། །ལུགས་གསུམ་གཙུག་ལག་ཁང་བཞེངས་མཁན་སློབ་དང༌། །བཀའ་བསྟན་གདན་དྲངས་རབ་བྱུང་སྡེ་སོགས་བཙུགས། །ཁྲི་སྲོང་ལྡེ་བཙན་རྗེ་ལ་གསོལ་བ་འདེབས། །ཞེས་གསུངས་བདུན་བཞི་གཉིས་ལོར་ཁྲི་སྲོང་བལྟམས།།

སྟག་ར་ཀླུ་གོང་མ་ཞང་དྲོན་པ་སྐྱེད། །ཅེས་པ་ཆོས་ལ་གནག་པའི་བདུད་བློན་གྱིས། །རྒྱལ་པོའི་དགོངས་པ་ཇི་བཞིན་སྒྲུབ་པ་ལ། །དབང་ཤུགས་ཆེ་བས་འགལ་རྐྱེན་སྣ་ཚོགས་བྱས། །འགོས་རིགས་ཁྲི་བཟང་ཞང་གི་ཉམས་བཟང་གིས། །ཐབས་ཇུས་མཛད་དེ་མ་ཞང་དྲོན་པ་སྐྱེད། །སྟོད་ལུང་ཕྱོགས་དང་སྟག་ར་ཀླུ་གོང་ནི། །འཕན་པོར་རྒྱལ་པོའི་སྐུ་གླུད་ཚུལ་དུ་བརྫངས། །དེ་རུ་གསོན་པོར་དུར་དུ་བཅུག་པར་གྲགས། །བདུད་བློན་གཉིས་པོ་མེད་པར་བཟོས་པའི་རྗེས། །ཟ་ཧོར་ཡུལ་ནས་མཁན་ཆེན་ཞི་འཚོ་དང༌། །ཨོ་རྒྱན་ཡུལ་ནས་སློབ་དཔོན་རིན་པོ་ཆེ། །གདན་དྲངས་རྐྱེན་ངན་བསལ་ཞིང་རྗེ་བློན་རྣམས། །བློ་སྣ་ཆོས་ལ་བསྒྱུར་ཏེ་ནང་བསྟན་གྱི། །དགོན་པའི་ཐོག་མ་བསམ་ཡས་གཙུག་ལག་བཞེངས། །པ་གོར་བཻ་རོ་ཙ་ན་རྨ་རིན་མཆོག །མཆིམས་རིགས་ཤཱཀྱ་དེ་ཝ་སྦ་རིགས་ཀྱི། །གསལ་སྣང་ངན་ལམ་རྒྱལ་བ་མཆོག་དབྱངས་དང༌། །འཁོན་ཀླུ་དབང་པོ་གཙང་གི་ལེགས་གྲུབ་བཅས། །སད་མི་བདུན་པོ་ཐོག་མར་རབ་ཏུ་བྱུང༌། །རབ་བྱུང་སྡེ་དང་མཆིམས་ཕུར་སྒོམ་གྲྭ་བཙུགས།།

མདོ་ཁམས་ཡན་ལ་ཆོས་གྲྭ་བཅུ་གཉིས་དང༌། །བསམ་ཡས་དགོན་དུ་སྒྲ་བསྒྱུར་ཁང་ཆེན་བཙུགས། །དཀར་ནག་རྒྱ་ཡི་ཡུལ་ནས་བཀའ་བསྟན་བསྒྱུར། །རྒྱལ་སྲིད་ཆེས་ཆེར་དར་ཞིང་འདི་ཡི་དུས། །བཻ་རོ་ཙ་ན་ལྡན་མ་རྩེ་མང་དང༌། །ཁ་ཆེ་ཨ་ནན་ཏ་བཅས་ལོ་ཙཱ་བ། །རྒན་པ་གསུམ་གཉགས་ཛྙཱ་ན་ཀུ་མ་ར། །འཁོན་རིགས་ཀླུ་དབང་རྨ་རིགས་རིན་ཆེན་མཆོག །ལོ་ཙཱ་བར་གསུམ་སྐ་བ་དཔལ་བརྩེགས་དང༌། །ཅོག་རོ་ཀླུ་ཡི་རྒྱལ་མཚན་རྣམ་གཉིས་དང༌། །ཞང་རིགས་ཡེ་ཤེས་སྡེ་བཅས་གཞོན་གསུམ་སོགས། །ལོ་པཎ་མཁས་གྲུབ་སྐྱེས་ཆེན་མང་དུ་བྱོན། །བསྟན་འགྲོའི་འཕྲིན་ལས་མཛད་བཟང་རྒྱ་ཆེར་མཛད། །གཞན་ཡང་ཐང་གི་ཕྱོགས་སུ་བོད་པའི་དམག །འབུམ་ཕྲག་བཅུ་གཉིས་བཏང་ནས་གཡུལ་བཤམས་ཏེ། །ཐང་གི་ཀྲོའུ་ཁག་བཅུ་ལྷག་དབང་དུ་བཅད། །རྒྱ་ཡི་རྒྱལ་བློན་ལྷོ་ཡི་ཕྱོགས་སུ་བྲོས། །མཐའ་བཞིའི་རྒྱལ་ཁབ་གཞན་ལ་དམག་དྲངས་པས། །བོད་ཀྱི་དམག་ཤུགས་ནུབ་ཀྱི་སྟག་གཟིག་དང༌། །ལྷོ་ཡི་རྒྱ་གར་ཤར་གྱི་མི་ཉག་སོགས། །མཐའ་བཞིའི་རྒྱལ་ཁབ་ཁག་ཏུ་ཐུག་གྱུར་བས།།

འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཞེས། །སྔོན་བྱོན་མཁས་པས་ཆེ་བསྟོད་བསྔགས་བརྗོད་མཛད། །ཚེ་ཡི་སྤོང་བཟའ་མེ་ཏོག་སྒྲོན་དང་གཅིག །མཁར་ཆེན་བཟའ་མཚོ་རྒྱལ་དང་འབྲོ་བཟའ་བ། །བྱང་ཆུབ་སྒྲོན་དང་མཆིམས་བཟའ་ལྷ་མོ་བཙུན། །ཕོ་ཡོང་བཟའ་མོ་རྒྱལ་མོ་བཙུན་དང་བཅས། །བཙུན་མོ་ལྔ་པོ་རིམ་བཞིན་ཁབ་ཏུ་བཞེས། །ཆོས་རྒྱལ་ཉིད་ཀྱིས་བསྟན་བཅོས་མང་དུ་མཛད།།སྨན་པ་གདན་དྲངས་སྨན་དཔྱད་གཞུང་མང་ བརྩམས། །གསོ་རིག་བསྟན་རྒྱས་སྤྲུལ་པའི་སྲས་གསུམ་དང༌། །གཡུ་ཐོག་ཡོན་ཏན་མགོན་པོ་འདི་དུས་བྱོན།།

དེ་ལྟར་བསྟན་སྲིད་མཛད་པ་རྒྱས་པ་དང༌། །ཁྲི་སྲོང་ལྡེ་བཙན་དགུང་ལོ་ང་ལྔ་ལོར། །རྒྱལ་སྲས་གཉིས་པ་མུ་ནེ་བཙན་པོ་ལ། །རྒྱལ་སྲིད་གཏད་དེ་ཕྱི་ལོར་དགོངས་པ་རྫོགས། །དེ་རྗེས་མུ་ནེ་བཙན་དང་ཁྲི་ལྡེ་བཙན། །སྐུ་མཆེད་གཉིས་ཏེ་མུ་ནེ་བཙན་པོ་ཡིས། །འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་པ་དང༌། །སྡེ་སྣོད་གསུམ་གྱི་མཆོད་པ་བསམ་ཡས་སུ། །གསར་དུ་བཙུགས་ཤིང་རྒྱལ་སྲིད་ལོ་གཅིག་དང༌། །ཟླ་བ་བདུན་བསྐྱངས་དབུལ་ཕྱུག་སྙོམས་པ་ཡིས། །ཕྱུག་པོའི་ཁེ་ཕན་དག་ལ་གནོད་པའི་རྐྱེན། །ཤོག་སྦུག་རླུང་ཚང་ཡུམ་མིང་ཚེ་སྤོང་བཟས། །དུག་ཆུ་དྲངས་ཏེ་སྐུ་སྲོག་ཡུམ་གྱིས་བཀྲོངས།།

རྒྱལ་སྲས་མེད་པས་ཁྲི་སྲོང་སྲས་བཞི་པ། །སློབ་དཔོན་པདྨས་མུ་ཏིག་བཙན་པོ་དང༌། །ཡབ་ཀྱིས་བཏགས་པ་ཁྲི་ལྡེ་སྲོང་བཙན་ནམ། །བློན་པོས་བཏགས་པ་སད་ན་ལེགས་མཇིང་ཡོན། །བཙན་པོའི་ཁྲིར་བཀོད་སྔོན་བྱོན་ཡབ་མེས་ཀྱིས། །བཞེངས་པའི་གཙུག་ལག་ཁང་ལ་མཆོད་པ་དང༌། །རབ་ཏུ་བྱུང་བའི་སྡེ་ཡི་རྒྱུན་བཟང་མཐུད། །ལོ་པཎ་སྤྱན་དྲངས་བསྙེན་བཀུར་ཞབས་ཏོག་མཛད།།

སྔར་མ་བསྒྱུར་བའི་མདོ་བསྟན་མང་དུ་ བསྒྱུར། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། །སྒྲ་སྦྱོར་བམ་པོ་གཉིས་པ་འདི་དུས་བརྩམས། །དཀར་ཆག་ཕང་ཐང་མ་ཡང་འདི་དུས་བསྒྲིགས། །ལོ་རྒྱུས་ཅན་གྱི་རྡོ་རིང་མང་དུ་བཙུགས། །བོད་ཀུན་ཕན་བདེའི་ལམ་དུ་བཀོད་དེ་གཤེགས། །སད་ན་ལེགས་མཇིང་ཡོན་ལ་སྲས་ལྔ་བྱུང༌། །སྲས་གཙང་རབ་ཏུ་བྱུང་ཞིང་ལྷ་རྗེ་དང༌། །ལྷུན་གྲུབ་གཉིས་པོ་ཆུང་ངུའི་དུས་ནས་གཤེགས། །དར་མ་རྒྱལ་པོར་འོས་ཀྱང་གཤིས་རྒྱུད་རྩུབ། །དེས་ན་ཐ་ཆུང་ཁྲི་རལ་རྒྱལ་སར་བསྐོས། །ྋགོང་ས་མཆོག་གི་འཁྲུངས་རབས་གསོལ་འདེབས་ལས། །གསར་བཅད་སྐད་ཀྱིས་ཆོས་ཀུན་དག་ཐེར་དང༌། །དགེ་འདུན་སྲི་ཞུར་བརྩོན་མཛད་ཁྲི་རལ་པ། །ཞེས་གསུངས་བརྒྱད་བརྒྱ་དྲུག་ལོར་ཁྲི་རལ་ནམ། །ཁྲི་གཙུག་ལྡེ་བཙན་སྐུ་འཁྲུངས་འདི་ཡི་རིང༌། །དགེ་འདུན་སྡེ་བཙུགས་དགེ་འདུན་རེ་རེ་ལ། །དུད་ཁྱིམ་བདུན་གྱིས་བསྙེན་བཀུར་མཛད་སྲོལ་བཏོད། །བཙུན་མོར་དཔལ་གྱི་ངང་ཚུལ་ཁབ་ཏུ་བཞེས། །བྱེ་བྲག་རྟོག་བྱེད་ཆེན་མོ་དེ་དུས་བརྩམས། །བོད་རྒྱ་གཉིས་དབར་ས་མཚམས་རྩོད་རྙོག་བྱུང༌། །བོད་རྒྱ་གཉིས་དབར་འདུམ་གྲོས་བརྒྱད་གནང་ཞིང༌། །མཐའ་མ་བརྒྱད་གཉིས་གསུམ་ལོར་གྲོས་མོལ་གྱིས། །རྒྱ་ཡི་ཧྭ་ཤང་བོད་ཀྱི་དགེ་འདུན་ཚོས། །དབོན་ཞང་མཐུན་པའི་བཀའ་མོལ་མཚམས་སྦྱོར་བཅས། །འདུམ་པའི་བཀའ་གཙིགས་དབོན་ཞང་རྡོ་རིང་བཙུགས།།

བྲན་ཁ་དཔལ་ཡོན་བཀའ་ཡི་བློན་པོར་བསྐོས། །རབ་ཏུ་བྱུང་བས་སྲིད་དབང་འཛིན་སྲོལ་ཆགས། །ཆོས་ཁྲིམས་བཅས་ཤིང་དགོན་སྡེར་ཆོས་གཞིས་དར།།དེ་ཡིས་བློན་པོ་ཆོས་ལ་མི་དགའ་ ཞིང༌། །ཕྱུག་པོའི་ཁེ་ཕན་དག་ལ་གྱོང་གུད་ཕོག །སྲིད་དབང་འཕྲོག་ལེན་འཐབ་རྩོད་ཡང་ཡང་བྱུང༌། །བསྟན་པ་བསྣུབ་པར་རྒྱལ་བློན་བཙུན་མོ་བཅས། །སྔོན་དུ་མེད་པར་བཟོ་བའི་ངན་བྱུས་ཀྱིས།།

བརྒྱད་བརྒྱ་ཞེ་གཅིག་ལོ་ལ་ཁྲི་རལ་པ། །འབྲས་ཆང་གསོལ་ནས་གཟིམས་སྐབས་བློན་ངན་ཅན། །སྦས་སྟག་སྣ་དང་ཅོག་རོ་ལྷ་ལོད་ཀྱིས། །ཞལ་ཕྱོགས་ལྟག་པའི་ངོས་སུ་གཅུས་ནས་བཀྲོངས། །བློན་བཙུན་བར་དུ་ནམ་བཤམས་ཕྲ་མ་བཅུག །བློན་པོ་བྲན་ཁ་དཔལ་ཡོན་བྱང་དུ་བཀྲོངས། །དཔལ་གྱི་ངང་ཚུལ་གཡང་མཆོངས་རང་སྲོག་ལྕེབས། །བསྟན་དགྲ་བློན་པོ་སྦས་སྟག་སྣ་སོགས་ཀྱིས། །ཕྱི་ལོ་བརྒྱད་བརྒྱ་སུམ་ཅུ་སོ་དྲུག་ལོར། །ཁྲི་དར་འུ་དུམ་བཙན་པོ་རྒྱལ་སར་བསྐོས། །ཐུགས་གཤིས་རྩུབ་པས་འབངས་ཀྱིས་གླང་དར་འབོད། །བློན་ངན་ཁ་ལོ་བསྒྱུར་བས་ལོ་གསུམ་རྗེས། །ཐུབ་བསྟན་བོད་ཡུལ་སྤེལ་བ་མ་ལེགས་ཞེས། །བསྙད་འདོགས་སྣ་ཚོགས་བཏགས་ནས་དམ་ཆོས་བསྣུབས། །ལོ་པཎ་ཕལ་ཆེར་ཡུལ་ཕྱོགས་གཞན་དུ་བྲོས། །རྨ་གཡོ་གཙང་གསུམ་མདོ་སྨད་ཕྱོགས་སུ་བྲོས། །མ་བྲོས་པ་རྣམས་རང་སར་སྲོག་དབང་འཕྲོག །དགེ་འདུན་སྐྱ་ཕབ་བཀའ་བསྟན་མེ་ཆུར་སྦྱངས། །མི་ཉན་རི་དྭགས་རྔོན་བཅུག་ལྷ་ཁང་བཤིག །ལ་སོགས་བསམ་འདས་བྱ་ངན་མ་བཟོད་པར།།

ཡེར་པའི་སྒོམ་ཆེན་ལྷ་ལུང་དཔལ་རྡོར་གྱིས། །མི་རྐྱང་རྟ་རྐྱང་ལྷ་སར་ཆས་ནས་སུ། །གླང་དར་རྡོ་རིང་དག་ལ་གཟིགས་པའི་སྐབས། །རྒྱལ་པོར་ཕྱག་བྱའི་ཚུལ་གྱིས་མདའ་སྟོངས་སྤྲད། །འཕངས་པས་སྙིང་ཁར་ཕོག་སྟེ་གླང་དར་གྱིས། །ཁོ་བོ་གསོད་པ་ལོ་ངོ་གསུམ་གྱི་ཕྱིས། །ཡང་ན་ལོ་ངོ་གསུམ་གྱི་སྔས་ཟེར་ཞིང༌། །ལྷན་ཅིག་གྲོངས་པས་པད་རྡོར་ཡེར་པར་བྲོས། །གླང་དར་བཀྲོངས་རྗེས་བོད་རྒྱལ་གདུང་རྒྱུད་ནས། །བོད་ཁམས་སྤྱི་ལ་དབང་བསྒྱུར་རྫོགས་པར་གྱུར། །བརྒྱད་བརྒྱ་ཞེ་གཉིས་ལོ་ལ་གླང་དར་བཀྲོངས། །དེ་རྗེས་བོད་ཁམས་སིལ་བུར་ཐོར་བས་ན། །ལོ་རྒྱུས་མི་གསལ་བརྒྱ་ཕྲག་དགུ་པ་ནས།།

བཅུ་གསུམ་བར་དུ་རྒྱལ་རབས་ལོ་རྒྱུས་ནང༌། །དཀའ་སྡུག་དུས་ཚོད་སྡུག་ཤོས་བྱུང་བར་གྲགས། །རིང་མིན་བཙུན་མོ་ཆུང་བར་དར་སྲས་འཁྲུངས།།བཙུན་མོ་ཆེ་བས་ཕྲག་དོག་བྱུང་བར་ བརྟེན། །ཉི་མོ་ཉི་འོད་མཚན་མོ་སྒྲོན་མེ་ཡི། །འོད་ཀྱིས་བསྲུངས་པས་གནམ་ལྡེ་འོད་སྲུང་གྲགས། །དེ་མ་ཐག་ཏུ་བཙུན་མོ་ཆེ་བ་ཡིས། །བྱིས་པ་མལ་འབྱར་བཙལ་ཏེ་ང་ལ་ཡང༌། །རིགས་སྲས་འཁྲུངས་ཞེས་བློན་པོར་བསྟན་པའི་ཚེ། །མདང་ནུབ་སྐྱེས་པའི་བྱིས་པར་སོ་གདའ་ལ། །འོན་ཀྱང་ཡུམ་གྱི་བཀའ་ཉིད་བརྟན་དུ་ཆུགས། །ཟེར་བས་མཚན་ལའང་མངའ་བདག་ཡུམ་བརྟན་ཐོགས། །དར་སྲས་དངོས་བཏགས་འོད་སྲུང་ཡུམ་བརྟན་གཉིས། །སྲིད་ལ་མ་འཆམ་ནང་མེ་འདི་ལྟར་བྱུང༌། །བཙུན་མོ་གཉིས་དང་བློན་འབངས་མ་མཐུན་པར། །ལ་ལས་འོད་སྲུང་ཕྱོགས་ལངས་རེ་འགའ་ཡིས། །ཡུམ་བརྟན་རྒྱབ་ལངས་སྲིད་དབང་ཐོབ་རེ་བཅངས།།

མངའ་བདག་འོད་སྲུང་ཤོག་ཁས་གཡོ་རུ་བཟུང༌། །ཡུམ་བརྟན་ཕྱོགས་ཀྱིས་དབུ་རུ་བདག་བཟུང་གིས། །བརྒྱད་བརྒྱ་ང་དྲུག་ལོ་ནས་ཤོག་ཁག་དབར། །མི་ལོ་བཅུ་གཉིས་དམག་འཁྲུགས་བྱས་པའི་མཐར། །འོད་སྲུང་གདུང་རྒྱུད་གཡུལ་ལས་ཕམ་ཉེས་ཀྱིས། །སྟོད་དང་མངའ་རིས་ཕྱོགས་སུ་མངའ་དབང་བསྒྱུར།།

ཡུམ་བརྟན་བརྒྱུད་པས་དབུས་ཕྱོགས་དབང་ བསྒྱུར་མཛད། །འོད་སྲུང་དགུང་ལོ་སོ་དགུར་ཕེབས་པའི་སྐབས། །ཕོ་བྲང་འཕང་ཐང་ནང་དུ་དགོངས་པ་རྫོགས།།བང་སོ་འཕྲུལ་རྒྱལ་རྒྱབ་ཀྱི་ཕྱོགས་སུ་ བརྩིགས། །དེ་ནས་བང་སོ་བརྩིགས་པའི་སྲོལ་བཟང་ནུབ། །གྲི་གུམ་བཙན་ནས་མངའ་བདག་འོད་སྲུང་བར། །བང་སོ་བརྩིགས་པ་བཞི་བཅུ་ཡོད་ཟེར་སྐད། །དོན་མཁར་མདའ་རུ་བརྩིགས་པའི་བང་གསོ་མདུན། །མུ་ར་རི་ལ་བཞི་དང་འཕྱོངས་རྒྱས་ལ། །བཞི་དང་འཕྱིང་ཡུལ་དར་ཐང་ཕྱོགས་སུ་དྲུག །ཞང་མདའ་འཕྲུལ་རྒྱལ་མདུན་དང་འཕྲུལ་རྒྱབ་དང༌། །འཕྲུལ་དང་རྒྱལ་བ་ཤེལ་བྲག་རེ་རེ་དང༌། །ཆུ་ལ་གཡའ་དང་རྫ་ཡི་བར་ལ་གཅིག །གཡའ་དང་སྤང་གི་མཚམས་ལ་དྲུག་བཅས་ཡིན། །ཕྱི་ལོ་བརྒྱད་བརྒྱ་དྲུག་ཅུ་རེ་དགུ་ལོར། །མདོ་ཁམས་དྭགས་ཀོང་ལ་སོགས་བོད་འབངས་ཀྱིས། །རྗེ་ལ་མི་གུས་གྱེན་ལོག་ཡུན་རིང་བྱས། །བཙན་པོའི་བང་སོ་བཤིག་ཅིང་དཔོན་རིགས་བཀྲོངས། །རྒྱལ་སྲིད་སིལ་བུར་ཐོར་ཏེ་བོད་ཁམས་སྤྱིར། །དབང་བའི་རྒྱལ་པོ་མེད་པས་རྒྱལ་སྲིད་ཉམས། །རྗེ་ཡི་མངའ་ཐང་དགུན་གྱི་ཆུ་བཞིན་བྲི། །དགེ་བཅུའི་རྒྱལ་ཁྲིམས་སོག་རུལ་ཕོན་ཐག་བཞིན།།བོད་འབངས་བསོད་ནམས་སྣུམ་ཟད་མར་ མེ་དང༌། །ཆབ་སྲིད་ཕན་བདེ་ནམ་མཁའི་འཇའ་བཞིན་ཡལ། །ནག་ཕྱོགས་སྤྱོད་པ་ཡུལ་ངན་འཚུབ་མ་ལངས།།བཟང་བྱེད་བསམ་བློ་མདང་གསུམ་རྨི་ལམ་ བཞིན། །བརྗེད་པར་གྱུར་བས་བོད་ཀྱི་བསྟན་སྲིད་ཉམས། །གཉའ་ཁྲི་བཙན་ནས་གནམ་རི་སྲོང་བཙན་བར།།བཙན་པོས་ཁྲི་ལོ་བདུན་བརྒྱ་ང་དྲུག་དང༌། །ཆོས་རྒྱལ་རྣམ་པས་ཉིས་བརྒྱ་བཅུ་གསུམ་བཅས། །ཁྱོན་བསྡོམས་ཁྲི་ལོ་དགུ་བརྒྱ་རེ་དགུ་བསྐྱངས།། །།

ལྔ་པ། བར་གྱི་རྒྱལ་རབས་ལས། བོད་ཁམས་སིལ་བུའི་དུས་རབས། སྤྱི་ལོ་ ༨༤༢ ནས་ ༡༢༥༣ བར་ལོ་ ༤༡༡།

༈ བསྟན་པ་སྣུབས་རྗེས་དཔལ་ཆེན་ཆུ་རི་ནས། །གཙང་གཡོ་རྨ་གསུམ་འདུལ་བའི་གསུང་རབ་པོད། །དྲེལ་རྒྱབ་གསུམ་བསྣམས་དན་ཏིག་ཤེལ་ཕུག་ཏུ། །བཞུགས་རིང་རྨ་ཆུའི་ལུག་རྫིས་མཐོང་གྱུར་པས། །ལས་སྐལ་ལྡན་པ་བོན་པོ་མུ་གཟུ་གསལ། །བྱ་བས་ཐོས་ཏེ་རབ་ཏུ་བྱུང་བར་ཞུས།། གཙང་གཡོས་མཁན་སློབ་མཛད་དེ་དགེ་ཚུལ་བསྒྲུབས། །མཚན་ལ་དགེ་བ་རབ་གསལ་ཞེས་སུ་བཏགས། །ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་གྲགས། །དེ་རྗེས་བསྙེན་རྫོགས་སྒྲུབ་པར་ཞུས་པ་ན། །དགེ་སློང་ལྔ་གྲངས་མ་ཚང་མི་འོངས་གསུངས། །ཀློང་ཐང་ཞེས་པར་ལྷ་དཔལ་འདུག་ཞུས་པར།། ང་ཡིས་གླང་དར་བསད་པས་མི་འོངས་ཞེས། །གསུངས་པས་རྒྱ་ཡི་དགེ་སློང་ཀ་བེད་དང༌། །གྱི་བན་བྱ་བ་རྣམ་གཉིས་ཁ་སྐོང་གིས། །བསྙེན་པར་རྫོགས་ཤིང་དེ་རྗེས་དབུས་གཙང་ནས། །དད་ཅན་ཤེས་རབ་ཅན་གྱི་མི་གྲངས་བཅུས།། སྨད་ནས་སྡོམ་རྒྱུན་བཞེས་ཏེ་དབུས་སུ་ཕེབས། །དེ་རྗེས་འདུལ་བསྟན་དར་ཞིང་དགེ་འདུན་གྱི། །གནས་གཞི་བཙུགས་པས་བསྟན་པའི་མེ་རོ་ནི། །སྨད་ནས་གསོས་པས་བསྟན་པ་ཕྱི་དར་ཚུགས། །སིལ་བུའི་དུས་ཀྱི་མངའ་བདག་རྣམ་བཞི་ནི། །སྐྱིད་ཤོད་མངའ་བདག་ཁྲི་ལྡེ་ཡུམ་བརྟན་དང༌། །ཡར་ལུང་ཇོ་བོ་བཀྲ་ཤིས་བརྩེགས་པ་དཔལ། །མངའ་རིས་མངའ་བདག་སྐྱིད་ལྡེ་ཉི་མ་མགོན། །ཡ་རྩེ་རྒྱལ་པོ་བཙན་ཕྱུག་ལྡེ་བཞི་ཡིན། །འོད་སྲུང་རིགས་སྲས་མངའ་བདག་དཔལ་འཁོར་བཙན། །བཀྲ་ཤིས་བརྩེགས་པ་ལ་སོགས་གདུང་རྒྱུད་མང༌། །དཔལ་འཁོར་བཙན་སྲས་སྐྱིད་ལྡེ་ཉི་མ་མགོན། །མངའ་རིས་རྒྱལ་པོ་མཛད་ཅིང་སྤུ་ཧྲེང་བཟུང༌། །དེ་ལ་སྲས་གསུམ་བྱུང་ཞིང་ཆེ་བ་ནི།། དཔལ་གྱི་མགོན་གྱིས་མང་ཡུལ་དབང་བསྒྱུར་མཛད། །བར་པ་བཀྲ་ཤིས་མགོན་གྱིས་སྤུ་ཧྲེང་བཟུང༌། །ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང༌། །འདི་དག་གསུམ་ལ་སྟོད་ཀྱི་མགོན་གསུམ་ཟེར། །ལྡེ་གཙུག་མགོན་ལ་འཁོར་རེ་སྲོང་ངེ་ཞེས། །སྲས་གཉིས་འཁྲུངས་པས་སྲོང་ངེས་སྐུ་ཚེའི་སྟོད། །བཙུན་མོ་བཞེས་པས་ན་ག་ར་ཙ་དང༌། །དྷེ་བ་ར་ཙ་ཞེས་པའི་སྲས་གཉིས་འཁྲུངས།། སྐུ་ཚེའི་སྨད་དུ་རབ་ཏུ་བྱུང་བས་ན། །ལྷ་ཡི་བླ་མ་ཡེ་ཤེས་འོད་དུ་གསོལ།། མཛད་རྗེས་མཐོན་མཐིང་དཔལ་གྱི་ལྷ་ཁང་བཞེངས། །ལོ་ཆེན་རིན་ཆེན་བཟང་དང་རྔོག་ལེགས་པའི། །ཤེས་རབ་ལ་སོགས་བློ་ལྡན་ཉེར་གཅིག་ཙམ། །འཕགས་པའི་ཡུལ་དུ་ནང་ཆོས་སློབ་པར་མངགས། །ལོ་པཎ་ཤྲངྔྷ་ཀ་ར་ཝ་རྨ་ཏ། །བོད་དུ་སྤྱན་དྲངས་ཉིད་ཀྱི་ཐེག་པ་དང༌། །རྒྱུད་སྡེ་རྣམ་བཞི་བསྒྱུར་ཅིང་གཏན་ལ་ཕབ། །འདུལ་བ་སྟོད་ལུགས་དར་བར་མཛད་པ་སོགས། །བསྟན་པའི་མེ་རོ་སྟོད་ཀྱི་ཕྱོགས་ནས་གསོས། །གཅེན་པོ་འཁོར་རེས་ཁ་ཆར་ལྷ་ཁང་བཞེངས། །དེ་སྲས་ལྷ་ལྡེ་པོ་ཡིས་པཎྜི་ཏ། །སུ་བྷ་ཤིད་དང་རྨེ་རུ་སྤྱན་འདྲེན་ཞུས། །ལྷ་ཡི་བླ་མ་ཡེ་ཤེས་འོད་ཀྱིས་ནི། །ཞང་ཞུང་རྒྱལ་སྲིད་གཅུང་པོ་སྲོང་ངེར་གཏད། །དེ་སྐབས་དབུས་གཙང་ཡུལ་ལུང་ཕལ་མོ་ཆེ། །ལུང་ཆུང་རེ་ལ་དཔོན་ཆུང་ཚུལ་བཟུང་སྟེ། །ཆོས་སྲིད་འཐེན་འཁྱེར་དབང་གིས་ནང་འཁྲུགས་མང༌། །ལྷ་ལྡེ་པོ་ལ་སྲས་གསུམ་འཁྲུངས་པ་ལས། །ཆེ་བ་ཞི་བ་འོད་དང་འབྲིང་བ་ལྷ་བླ་མ། །བྱང་ཆུབ་འོད་དང་ཆུང་བ་འོད་ལྡེ་གསུམ། །དེ་དག་དུས་སུ་ཡེ་ཤེས་འོད་ཀྱིས་ནི། །སངས་རྒྱས་བསྟན་པ་དར་བར་དགོངས་ནས་སུ། །རྒྱ་གར་ཡུལ་ནས་ལོ་པཎ་གདན་ཞུར་བྱོན། །ལམ་དུ་གར་ལོག་རྒྱལ་པོས་འཛིན་བཟུང་གིས། །སྐྱབས་འགྲོ་གཏོང་ངམ་ལུས་ཀྱི་ལྗིད་མཉམ་གསེར། །འབྱིན་ན་གཏོང་ཞེས་སྨྲས་པས་དབོན་སྲས་ཀྱིས། །གསེར་མང་བཙལ་མཐར་ཡེ་ཤེས་འོད་མཆོག་ཉིད། །ན་ཚོད་མཐོ་བས་འདི་ནས་ཐོན་ན་ཡང༌། །བསྟན་འགྲོར་ཕན་པ་དཀའ་བས་གསེར་རྣམས་ཀྱིས། །རྒྱ་གར་རྒྱལ་པོ་དགེ་བ་དཔལ་གྱི་སྲས། །པཎ་ཆེན་ལྔ་བརྒྱའི་ནང་གི་གཙུག་རྒྱན་མཆོག །ཇོ་རྗེ་དཱི་བཾ་ཀ་ར་སྤྱན་དྲོངས་ལ། །བསྟན་འགྲོའི་འཕྲིན་ལས་སྤེལ་བར་མཛོད་ཅིག་ཅེས། །གསུངས་པས་ནག་ཚོ་ལོ་ཙཱས་རྒྱ་གར་དུ། །རྒྱ་བརྩོན་སེངྒེ་མཇལ་བའི་གྲོགས་བགྱིས་ཏེ། །ཇོ་བོ་རྗེ་ཉིད་མངའ་རིས་ཕྱོགས་སུ་ཕེབས། །མངའ་རིས་ཕྱོགས་སུ་ལོ་ངོ་གསུམ་རིང་བཞུགས། །བྱང་ཆུབ་འོད་ཀྱིས་སྐུལ་མ་མཛད་པ་ལྟར། །བོད་ཁམས་སྤྱི་ལ་ཕན་པའི་ལམ་སྒྲོན་བརྩམས། །མདོ་སྔགས་གསུང་རབ་དུ་མ་བོད་དུ་བསྒྱུར། །ཆིག་བརྒྱ་ཞེ་བཞིར་འབྲོམ་སྟོན་རྒྱལ་བ་ཡིས། །དེ་སྐད་གསན་ཏེ་ཁམས་ནས་མངའ་རིས་བར། །ཞབས་ཐང་ཁོ་ནས་ཕེབས་ཏེ་ཇོ་བོ་དང༌། །མཇལ་ཞིང་དབུས་གཙང་ཕྱོགས་སུ་ཕེབས་རེ་ཞུས།། ཞལ་བཞེས་སྙེ་ཐང་ཁུལ་དུ་ལོ་དགུ་དང༌། །ཡེར་པ་འཕན་པོ་ལྷ་སར་ལོ་ལྔ་བཞུགས། །བསྟན་འགྲོར་སྨན་པའི་མཛད་བཟང་དུ་མ་མཛད། །ཆིག་བརྒྱ་ང་བཞིར་ཇོ་བོ་ཞིང་དུ་གཤེགས། །སློབ་མའི་མཆོག་གྱུར་འབྲོམ་སྟོན་རྒྱལ་བ་ཡིས། །སྔོན་དུས་ཇོ་བོས་གསོ་སྐྱོང་གནང་བ་ཡི། །སློབ་ཚོགས་འཁྲིད་དེ་རྭ་སྒྲེང་ཕྱོགས་སུ་ཕེབས། །ཆིག་བརྒྱ་ང་བདུན་ལོ་ལ་རྭ་སྒྲེང་བཏབ། །བཀའ་གདམས་སྐུ་མཆེད་གསུམ་སོགས་སློབ་མ་ཡི། །མཁས་གྲུབ་ཕུལ་དུ་བྱུང་བ་ལེགས་བསྐྱངས་ཏེ། །བཀའ་གདམས་བསྟན་པའི་བདག་པོ་ཉིད་དུ་གྱུར། །བརྒྱད་བཞི་གཉིས་ནས་གཅིག་གཉིས་ལྔ་གསུམ་བར། །ལོ་ངོ་བཞི་བརྒྱ་བཅུ་གཅིག་སིལ་བུར་ཐོར།། །།

དྲུག་པ། ཕྱིས་ཀྱི་རྒྱལ་རབས་ལས། ས་སྐྱའི་སྲིད་སྐྱོང་དུས་རབས། སྤྱི་ལོ་ ༡༢༥༣ ནས་ ༡༣༥༨ བར་ལོ་ ༡༠༥།

༈ གླང་དར་བཀྲོངས་ནས་འགྲོ་མགོན་འཕགས་པ་ཡིས། །ཆོལ་ཁ་གསུམ་ལ་མངའ་དབང་མ་བསྒྱུར་བར། །བོད་ཁམས་སིལ་བུར་ཐོར་ཏེ་ལུང་ཆུང་རེར། །དཔོན་ཆུང་རེ་རེས་ཡུལ་སྡེ་བཅད་བཟུང་གིས། །ཁྲིམས་མགོ་རང་བཙན་ལྟ་བུར་གནས་ན་ཡང༌། །བོད་ཀྱི་རྒྱལ་མཚམས་མཉམ་སྦྲེལ་སྲུང་སྐྱོབ་ཀྱི། །སྲུང་འདོམས་མེད་པས་ཆིག་སྟོང་ཉིས་བརྒྱ་ལོར། །སོག་པོའི་དྲག་ཤུགས་བོད་དུ་ཐོག་མར་སླེབས། །ས་མཚམས་སྡེ་དཔོན་ས་བདག་དེ་དག་གིས། །སོག་པོར་ངོ་སྲུང་མཇལ་ཞུ་ཕྱག་རྟེན་དང༌། །རིམ་བཞིན་འདབ་ནོར་སྤྲད་དེ་སོག་དམག་གིས། །བརྡབ་གསིག་མི་ཡོང་ཐབས་ལ་བརྩོན་བཞིན་གནས། །ཆིག་བརྒྱ་སོ་བཞིར་དཀོན་མཆོག་རྒྱལ་པོ་འཁྲུངས། །ཆིག་རྒྱ་དོན་གསུམ་ལོ་ལ་ས་དཀར་གྱི། །ལོགས་སུ་དགོན་པ་བཏབ་པས་ས་སྐྱར་གྲགས།། ཀུན་དགའ་སྙིང་པོ་བསོད་ནམས་རྩེ་མོ་དང༌། །གྲགས་པ་རྒྱལ་མཚན་ས་སྐྱ་པཎ་ཆེན་དང༌། །འགྲོ་མགོན་ཆོས་འཕགས་དང་བཅས་ས་སྐྱ་པའི། །གོང་མ་རྣམ་ལྔ་རིམ་བྱོན་ལམ་འབྲས་སོགས། །ཆོས་ཀྱི་སྙིང་པོར་བྱེད་པའི་རིང་ལུགས་རྣམས། །འཛིན་མཁས་རྗེས་འབྲང་དག་དང་ཆོས་རྒྱུད་དང༌། །གདུང་རྒྱུད་གཉིས་ཀྱི་སྒོ་ནས་བསྟན་འགྲོ་ཡི། །འཕྲིན་ལས་སྤེལ་བས་བོད་ཁམས་ཡོངས་རྫོགས་ལ། །ཆོས་སྲིད་ཟུང་གིས་མངའ་དབང་བསྒྱུར་འགོ་ཚུགས།། གཅིག་གཅིག་བརྒྱད་གཉིས་ལོ་ལ་ས་པཎ་འཁྲུངས། །བོད་དུ་བཅུ་ཕྲག་རིག་པའི་སྲོལ་བཏོད་ཅིང༌། །སོག་རྒྱལ་གོ་དན་རྒྱལ་པོས་གདན་ཞུ་ལྟར། །འཕགས་པའི་ལྷན་དུ་ཧོར་གྱི་ཡུལ་དུ་ཕེབས། །གཅིག་གཉིས་གསུམ་ལྔར་བློ་གྲོས་རྒྱལ་མཚན་འཁྲུངས། །བསླབ་པའི་གནས་དང་སྒྱུ་རྩལ་ཐམས་ཅད་མཁྱེན། །ཧོར་དུ་ཕེབས་ཤིང་སོག་པོའི་རྒྱལ་ཁབ་ཀྱི། །སློབ་དཔོན་མཛད་ཅིང་ཧོར་ཡིག་གསར་གཏོད་གནང༌། །གཅིག་གཉིས་གསུམ་དགུར་འགྲོ་མགོན་ཕྱག་ན་འཁྲུངས། །ས་པཎ་ཕྱག་ཕྱིར་ཧོར་གྱི་ཡུལ་དུ་ཕེབས། །སེ་ཆེན་གོང་མས་ལུང་དང་མཇའ་ས་གནང༌། །སེ་ཆེན་ཧན་གྱིས་འགྲོ་མགོན་ཆོས་འཕགས་ལ།། གསང་སྔགས་དབང་ཐེངས་དང་པོའི་དབང་ཡོན་དུ། །ཁྲི་སྐོར་བཅུ་གསུམ་ཕུལ་བ་བདག་གིར་བཞེས། །སོག་པོའི་ཡུལ་དུ་གསང་སྔགས་བསྟན་པ་དར།། བོད་སོག་མཆོད་ཡོན་འབྲེལ་བ་ཐོག་མར་བརྙེས། །བོད་སོག་གཉིས་ཀ་རང་བཙན་གཙང་མར་གནས། །རིང་མིན་རྒྱ་ཡང་སོག་པོས་རང་བཙ ན་སྤྲད།། དེ་ལྟར་བོད་ཀྱི་ཁྲི་སྐོར་བཅུ་གསུམ་ནི། །ལ་སྟོད་ལྷོ་༡བྱང་༢གུར་དང་༣ཆུ་མིག་ཤངས་༥། །ཞ་ལུ་ཁྲི་སྐོར་༦གཙང་གི་ཁྲི་སྐོར་དྲུག །རྒྱ་མ་༧འབྲི་གུང་༨ཚལ་པ་༩ཐང་པོ་ཆེ ༡༠། །ཕག་གྲུ་༡༡གཡའ་བཟང་༡༢དབུས་ཀྱི་ཁྲི་སྐོར་དྲུག།

དབུས་གཙང་མཚམས་སུ་ཡར་འབྲོག་སྟག་ལུང་གི ཁྲི་སྐོར་གཅིག་བཅས་ཁྲི་སྐོར་བཅུ་གསུམ་ཡིན། །ཁྲི་སྐོར་ཟླ་རྩེར་ཐེམ་དུད་བཞི་སྟོང་དང༌། །དྲུག་བརྒྱ་བཅོ་ལྔ་མི་འབོར་ཉིས་འབུམ་དང༌། །དྲུག་ཁྲི་དྲུག་སྟོང་དགུ་བརྒྱ་སུམ་ཅུ་ཡོད། །ཁྲི་སྐོར་བཅུ་གསུམ་ནང་དུ་དབུས་གཙང་ལས། །མངའ་རིས་མདོ་ཁམས་ཁུལ་རྣམས་འདི་ཁོངས་མེད། །ྋརྒྱལ་མཆོག་ཐུབ་བསྟན་རྒྱ་མཚོའི་སྐུ་དུས་སུ། །བོད་ཀྱི་ཁྲི་སྐོར་བཅུ་གསུམ་བགྲང་ཚུལ་ནི། །སྟོད་ཀྱི་ཕྱོགས་སུ་མངའ་རིས་སྐོར་གསུམ་དང༌། །བར་གྱི་ཕྱོགས་སུ་དབུས་གཙང་རུ་བཞི་དང༌། །སྨད་ཀྱི་ཕྱོགས་སུ་མདོ་ཁམས་སྒང་དྲུག་ཡིན། །དབང་ཡོན་གཉིས་པར་ཕུལ་བའི་ཆོལ་གསུམ་ནི། །སྟོད་ཀྱི་མངའ་རིས་གུང་ཐང་མན་ཆད་ནས།། སོག་ལ་སྐྱ་བོ་ཡན་ཆད་དབུས་གཙང་གི །ཆོས་ཀྱི་ཆོལ་ཁ་སོག་ལ་སྐྱ་བོ་མན།། རྨ་ཆུ་ཁུག་པ་ཡན་ཆད་མདོ་སྟོད་ཀྱི། །མི་ཡི་ཆོལ་ཁ་རྨ་ཆུ་ཁུག་པ་མན། །རྒྱ་ཡི་མཆོད་རྟེན་དཀར་པོ་ཡན་ཆད་དུ། །མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་སུ་གྲགས།། སྟོད་ཀྱི་མངའ་རིས་སྐོར་གསུམ་བགྲངས་ཚུལ་གསུམ། །མང་ཡུལ་ཆོས་དང་སྤུ་ཧྲེང་གངས་ཀྱིས་བསྐོར། །གུ་གེ་གཡུང་དྲུང་བོན་གྱི་སྐོར་དང་གཅིག །སྤུ་ཧྲེང་མང་ཡུལ་ཟངས་དཀར་སྐོར་གཅིག་དང༌། །ཞང་ཞུང་སྟོད་དང་ཁྲི་ཏེ་སྨད་སྐོར་གཅིག །ལི་དང་བྲུ་ཤ་སྦལ་ཏི་སྐོར་དང་གཅིག །སྤུ་ཧྲེང་གངས་དང་གུ་གེ་གཡའ་མས་བསྐོར། །མང་ཡུལ་ཆབ་ཀྱིས་བསྐོར་བས་སྐོར་གསུམ་གྲགས། །སྒང་དྲུག་བོད་ཡུལ་སྟོད་སྨད་བར་གསུམ་གྱི། །སྨད་ཕྱོགས་ཟལ་མོ་སྒང་དང་ཚ་བ་སྒང༌། །སྨར་ཁམས་སྒང་དང་སྤོ་འབོར་སྒང་བཞི་དང༌།། སྨར་རྫ་སྒང་དང་མི་ཉག་རབ་སྒང་དྲུག །དབུས་གཙང་གཉིས་ལ་རུ་བཞིར་གྲགས་པ་ནི། །སྲོང་བཙན་དུས་སུ་གཙང་ལ་གཡས་རུ་དང༌། །རུ་ལག་དབུས་ལ་དབུ་རུ་གཡོ་རུ་བཞི། །ཕྱིས་སུ་དུས་རབས་རི་ཟླར་གཡས་རུ་དང༌། །གཡོན་རུ་སྦུས་རུ་གུང་རུ་བཞིར། །མིང་བསྒྱུར་བྱས་ཏེ་དབུས་གཙང་རུ་བཞིར་གྲགས།།

གསུམ་པར་རྒྱ་ཡི་ཡུར་ཆེན་ཕུལ་ན་ཡང༌། །དེ་ནས་བཟུང་སྟེ་ཡུར་མཚམས་བཞག་པར་བཤད། །བསིལ་བུར་ཐོར་རྗེས་ས་སྐྱས་སྲིད་འཛིན་རིང༌། །བོད་ཁམས་གཅིག་འགྱུར་ཞི་བདེའི་ཁོར་ཡུག་བསྐྲུན། །དུད་ཚང་ཞིབ་བཤེར་སྒྲིག་གཞི་གཏན་འབེབས་དང༌། །ནང་འཁྲུག་ཉེར་འཚེ་ལྷིང་འཇགས་ཞིང་འབྲོག་གི ༑ཐོན་བསྐྱེད་སླར་གསོ་ཆབ་དཔལ་རིག་གསུམ་སྤེལ། །སྒྲ་ཚད་མངོན་སྡེབ་སྙན་ངག་ཟློས་གར་སོགས། །སྔོན་ཆད་མ་དར་རིག་པའི་སྲོལ་བཟང་ཕྱ༑ ༑སྒྲ་ཚད་སྙན་ངག་བཤད་འཁྲིད་རྒྱུན་བཟང་བཏོད། །བསྟན་འགྲོར་སྨན་པའི་མཛད་འཕྲིན་སྣ་མང་བསྐྱངས། །འཁོན་གྱི་གདུང་རྒྱུད་རིམ་པར་བྱོན་པ་ནི། །ས་ཆེན་ཀུན་དགའ་སྙིང་པོ་༡ཀུན་དགའ་འབུམ ༢། །བསོད་རྣམས་རྩེ་མོ་༣གྲགས་པ་རྒྱལ་མཚན་༤ དང༌། །དཔལ་ཆེན་འོད་པོ་༥ཀུན་དགའ་རྒྱལ་མཚན་༦ ཞབས། །བསོད་ནམས་རྒྱལ་མཚན་༧འགྲོ་མགོན་འཕགས་པ་༨ དང༌།། འགྲོ་མགོན་ཕྱག་ན་༩སློབ་དཔོན་ཡེ་ཤེས་འབྱུང་༡༠། །དྷ་རྨ་པཱ་ལ་༡༡ བདག་ཆེན་བཟང་པོ་དཔལ ༡༢། །ཏི་ཤྲཱི་ཀུན་དགའ་བློ་གྲོས་རྒྱལ་མཚན་༡༣ དང༌།།

མཁས་བཙུན་ནམ་མཁའ་ལེགས་༡༤ དང་ཏཱ་དབེན་པ། །ཀུན་དགའ་རིན་ཆེན་༡༥ཏཱ་དབེན་གུ་ཤྲཱི་༡༦ དང༌། །ཏཱ་དབེན་ཀུན་དགའ་བློ་གྲོས་རྒྱལ་མཚན ༡༧དང༌།། སློབ་དཔོན་གྲགས་པ་བློ་གྲོས་༡༨ཀུན་དགའ་དབང་༡༩། །བློ་གྲོས་དབང་ཕྱུག་༢༠རིན་སྒང་བླ་བྲང་གི །གདུང་རབས་བདག་ཆེན་བཟང་པོ་དཔལ་བ་༢༡ དང༌།། ཏཱ་དབེན་ཀུན་དགའ་ཉི་མ་གུ་ཤྲཱི་༢༢ དང༌། །འཇམ་དབྱངས་དོན་ཡོད་རྒྱལ་མཚན་༢༣ཞབས་དང་ནི། །བླ་མ་དམ་པ་བསོད་ནམས་རྒྱལ་མཚན༢༤དང༌།།

ཉི་མ་རྒྱལ་མཚན་༢༥ ཀུན་དགའ་རྒྱལ་མཚན་༢༦ཞབས། །བསོད་ནམས་རྒྱལ་མཚན ༢༧ལྕམ་མོ་ཕྱག་རྡོར་འབུམ་༢༨། །དགེ་མ་༢༩ བདག་ཆེན་ཤེས་རབ་རྒྱལ་མཚན་༣༠དང༌། །བདག་ཆེན་བློ་གྲོས་རྒྱལ་མཚན་༣༡ ཞབས་རྣམས་སོ།། ལྷ་ཁང་བླ་བྲང་གདུང་རབས་ཏི་ཤྲཱི་ཅན། །ཀུན་ལེགས་འབྱུང་གནས་༣༢ཀུན་དགའ་རྒྱལ་མཚན་༣༣ དང༌། །ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་༣༤བློ་གྲོས་རྒྱལ ༣༥། །ཐེག་ཆེན་ཆོས་རྗེས་ཀུན་དགའ་བཀྲ་ཤིས་༣༦ དང༌། །དྷ་རྨ་ར་ཛཱ་༣༧རྡོ་རྗེ་རིན་ཆེན་རྒྱལ ༣༨། །སློབ་དཔོན་བསོད་བཀྲ་༣༩བདེ་ལེགས་བཀྲ་ཤིས་༤༠ དང༌། །བསོད་ནམས་རྒྱལ་མཚན་༤༡ཤཱཀྱ་སེངྒེ་༤༢ དང༌། །དོན་གྲུབ་རྒྱལ་མཚན་༤༣བསམ་འགྲུབ་རྒྱལ་མཚན ༤༤དང༌། །ཀུན་དགའ་བཀྲ་ཤིས་༤༥ཀུན་དགའ་རྒྱལ་མཚན་༤༦ ཞབས། །ཀུན་དགའ་སྙིང་པོ་༤༧རིན་ཆེན་རྒྱལ་མཚན་༤༨ དང༌། །བདག་ཆེན་ཆོས་ཀྱི་རྒྱལ་མཚན༤༩ཉིད་དང་ནི། །ཀུན་དགའ་བློ་གྲོས་ལེགས་པའི་འབྱུང་གནས་༥༠ དང༌། །དུས་མཆོད་བླ་བྲང་གདུང་རབས་རིམ་བྱོན་ནི། །དེ་ཡང་བདག་ཆེན་བཟང་པོ་དཔལ་བ་༥༡ དང༌། །སློབ་དཔོན་ཉི་མ་དཔལ་༥༢དང་ཀུན་དགའ་འབུམ ༥༣། །ངག་དབང་ཀུན་དགའ་ལེགས་འབྱུང་༥༤བསོད་ནམས་འབུམ ༥༥། །བསོད་ནམས་བློ་གྲོས་༥༦གྲགས་པ་རྒྱལ་མཚན་༥༧ དང༌། །ཏཱ་དབེན་གུ་ཤྲཱི་ཀུན་དགའ་ལེགས་པའི་བློ ༥༨། །རྣམ་སྲས་རྒྱལ་མཚན་༥༩བདག་ཆེན་ཆོས་ཀྱི་རྒྱལ ༦༠། །ཀུན་དགའ་བློ་གྲོས་རྒྱལ་མཚན་༦༡ནམ་མཁའ་ལེགས ༦༢། །དབང་གི་ནམ་མཁའ་རྒྱལ་མཚན་༦༣ནམ་མཁའ་བ། །རིན་ཆེན་རྒྱལ་མཚན་༦༤ནམ་མཁའ་བཀྲ་ཤིས་རྒྱལ ༦༥། །ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་༦༦ དང༌། །བདག་ཆེན་ངག་དབང་གྲགས་པ་རྒྱལ་མཚན་༦༧ དང༌། །འཇམ་དཔལ་གྲགས་པ་༦༨འཇམ་དབྱངས་ཚེ་བརྟན་བཀྲིས ༦༩། །འཇམ་དབྱངས་ཀུན་དགའ་བསམ་གྲུབ་༧༠བདག་ཆེན་པ༑ ༑ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས ༧༡། །ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ ༧༢། །སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་༧༣ དང༌། །འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་གྲགས་པ་རྒྱལ ༧༤། །བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བ། །བསོད་ནམས་༧༥དང་བཅས་རིམ་པར་བྱོན་པའི་མཚན། །ས་སྐྱའི་ཁྲི་ཐོག་རིམ་པར་བྱོན་རྣམས་ནི། །འགྲོ་མགོན་འཕགས་པ་༡རིན་ཆེན་རྒྱལ་མཚན་༢ དང༌། །དྷ་རྨ་པཱ་ལ་༣འཇམ་དབྱངས་རིན་ཆེན་རྒྱལ་༤། །བདག་ཉིད་བཟང་པོ་དཔལ་༥དང་ནམ་མཁའ་ལེགས ༦། །འཇམ་དབྱངས་དོན་ཡོད་རྒྱལ་མཚན་༧ཞབས་དང་ནི༑ ༑བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནོ། །ཤཱཀྱ་བཟང་པོ་༡ཀུན་དགའ་བཟང་པོ༢དང༌། །ཞང་བཙུན་༣ ཕྱུག་པོ་བན་དཀར་༤བྱང་ཆུབ་རིན་༥། །ཀུན་གཞོན་༦ གཞོན་དབང་༧བྱང་རྡོར་༨ཨག་ལེན་༩དང༌། །གཞོན་དབང་༡༠ ལེགས་པ་དཔལ་༡༡དང་སེངྒེ་དཔལ༡༢། །འོད་ཟེར་སེངྒེ་༡༣ ཀུན་དགའ་རིན་ཆེན་༡༤དང༌། །དོན་ཡོད་དཔལ་༡༥ དང་ཡོན་བཙུན་༡༦འོད་ཟེར་སེང་༡༧། །རྒྱལ་བ་བཟང་པོ་༡༨ དབང་བརྩོན་༢༩ནམ་མཁའ་བསྟན༢༠། །དཔལ་འབུམ་༢༡ལ་སོགས་དཔལ་ལྡན་ས་སྐྱ་པའི། །ཁྲི་རབས་དཔོན་ཆེན་ཉི་ཤུས་ཁྲི་ལོ་ནི། །བརྒྱ་དང་ལྔ་རིང་ཆོས་སྲིད་ལེགས་པར་བསྐྱངས། །གཅིག་གསུམ་བཞི་དགུའི་ལོ་ནས་ས་སྐྱ་པའི། །བཞི་ཐོག་༡རིན་ཆེན་སྒང་དང་༢ལྷ་ཁང་༣ དང༌། །དུས་མཆོད་བླ་བྲང་༤མ་མཐུན་འགལ་ཟླར་གྱུར། །དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་གཙོ་བྱས་པའི། །ལྷ་ཁང་བླ་བྲང་ཕྱོགས་གཅིག་གཞན་གསུམ་པོ། །

ཕྱོགས་གཅིག་གཉིས་སུ་གྱེས་པས་སྲིད་འཛིན་ གྱི། །འཐབ་རྩོད་ཚ་ནན་བླ་དཔོན་ཇེ་མང་གིས། །ཁྲལ་འུལ་ཆེ་བས་མི་མང་ཁ་ཟུག་སོགས། །ས་སྐྱའི་གཟི་བརྗིད་སྙན་གྲགས་ཉམས་དམས་གྱུར། །དབུས་གཙང་ཁྲལ་དཔོན་འགའ་རེས་ས་སྐྱ་པའི། །བླ་བྲང་ཁག་དང་དཔོན་ཆེན་འགལ་ཟླའི་ཁྲོད། །དགྲ་འདུལ་གཉེན་སྐྱོང་སྒེར་ཕན་གཞན་གནོད་ཀྱི། །ལས་མང་བསྒྲུབས་པས་བདག་ཉིད་བཟང་པོ་དཔལ། །གཤེགས་ནས་ས་སྐྱའི་སྲིད་དབང་མ་ཤོར་བར། །ནང་ཁུལ་འཐབ་འཁྲུགས་གསོད་རེས་གཡོ་འགུལ་བྱུང༌། །སྐབས་དེར་གཡའ་བཟང་པ་དང་ཚལ་པ་ཡི། །ཕྱོགས་གཏོགས་ནང་ནས་སྟོབས་ཤུགས་ཕུལ་བྱུང་བ། །འབྲི་གུང་ཕམ་ཉེས་བཏང་ཞིང་གཡའ་བཟང་དང༌། །ཚལ་པ་ཚར་བཅད་ས་སྐྱར་དམག་བཏེགས་ཏེ། །མི་གྲངས་བརྒྱ་ཕྲག་ཁ་ཤས་བསད་རྨས་བཏང༌། །ས་སྐྱ་ཕམ་ཞིང་དཔོན་ཆེན་དབང་བརྩོན་ཡང༌། །གསོན་བཟུང་སྡེ་གཟར་རྒྱུན་མི་ཆད་པ་བརྒྱུད། །ས་སྐྱ་པ་ཡིས་མངའ་དབང་མཇུག་སྒྲིལ་ལོ། །ཕྱག་སྲས་དྷྭརྨ་པཱ་ལ་རཀྵི་ཏས། །སྲིད་དབང་མཛད་དུས་འབྲི་གུང་གདན་སའི་ཁྲིར།། སྣག་ཚ་གྲགས་སླེ་བྱ་བ་འཇོག་རྩིས་མཛད། །འབྲི་གུང་རྒྱ་བོ་གྲགས་པ་རིན་ཆེན་གྱིས། །མ་འདོད་པས་ན་གྲགས་སླེ་བ་ཉིད་བཀྲོངས། །གྲགས་རིན་རྒྱབ་ཏུ་འབྲི་གུང་ཡོངས་རྫོགས་ལངས། །ས་འབྲི་འཁྲུགས་པས་འབྲི་གུང་གླིང་ལོག་བྱུང༌། །དེ་ལྟར་ཕྱི་ལོ་གཅིག་གཉིས་ལྔ་གསུམ་ནས། །གཅིག་གསུམ་ལྔ་བརྒྱད་བར་དུ་ས་སྐྱ་པས། །མི་ལོ་བརྒྱ་དང་ལྔ་རིང་སྲིད་དབང་བསྐྱངས།། །། བདུན་པ། ཕྱིས་ཀྱི་རྒྱལ་རབས་ལས། ཕག་གྲུའི་སྲིད་སྐྱོང་དུས་རབས། སྤྱི་ལོ་ ༡༣༥༨ ནས་ ༡༤༨༡ བར་ལོ་ ༡༢༣

༈ རླངས་ཀྱི་གདུང་རྒྱུད་དེ་ལ་ཕག་གྲུར་ཐོགས། །གདན་ས་མཐིལ་དུ་མཛད་པས་ཕག་གྲུ་དང༌། །རྒྱལ་ས་སྣེ་གདོང་དུ་བྱས་དེ་སྐད་འབོད། །ས་སྐྱའི་སྐབས་ཀྱི་ཁྲི་དཔོན་བཅུ་གསུམ་ནས། །འབྲི་གུང་ཕག་གྲུ་ཚལ་པ་ས་སྡེ་ཆེ༑ ༑ལྷག་པར་ས་སྐྱའི་ཞབས་འབྲིང་ནང་མར་གཏོགས། །ས་སྐྱའི་སྐབས་སུ་བྱང་ཆུབ་རྒྱལ་མཚན་ལ། །ཕག་གྲུའི་ཁྲི་དཔོན་ཏཱ་ཡི་སི་ཏུ་དང༌། །སྟག་མགོ་ནོར་བུ་གསུམ་ཞེས་ཙན་དན་གྱི། །ཐམ་ག་ལ་སོགས་དཔོན་གྱི་གོ་གནས་སྩལ། །སྣེ་གདོང་རྩིས་བླངས་ཕོ་བྲང་རྒྱ་བསྐྱེད་དང༌། །ཆུ་ལ་ཟམ་པ་སྐྱེ་ཤིང་འཛུགས་པ་དང༌། །ཡུལ་ལུང་ཡར་རྒྱས་གཞིས་ཀ་ཉམས་གསོ་སོགས། །ཁྲི་དཔོན་ལས་འགན་ཉམས་མེད་ལེགས་བསྒྲུབས་མཛད། །ཕག་གྲུའི་ཁོ་བོས་ཁྲི་དཔོན་མཛད་སྐབས་སུ། །ས་ཁོངས་ཁྱིམ་ཚང་ཉིས་བརྒྱ་བརྒྱད་ཅུ་ཙམ། །གཡའ་བཟང་པ་ཡིས་འཕྲོག་པ་དེ་དག་རྣམས། །སི་ཏུ་བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་སྐབས། །ས་ཁང་མི་གསུམ་དཔུང་ཤུགས་སྟོབས་ཀྱིས་བླངས། །གཡའ་བཟང་པ་ཡིས་ཕག་གྲུར་ཚུར་རྒོལ་བྱས། །ཁྲི་དཔོན་གཞན་གྱི་རྒྱུད་བསྐུལ་བསླུ་ཐབས་འོག །ས་སྐྱའི་དཔོན་ཆེན་ལ་ལས་ཕག་གྲུ་ལ། །ཁྲིམས་འཁྱོག་སྡང་ཟུག་བཙན་གནོན་མང་དུ་བྱས། །སྙིང་སྟོབས་ཅན་གྱི་བྱང་ཆུབ་རྒྱལ་མཚན་ནས། །གོ་སྐབས་བསྟུན་ཏེ་སྟོབས་ཤུགས་རྒྱས་དང་ལྷན། །གཅིག་གསུམ་བཞི་བརྒྱད་ཕག་གྲུའི་ཁྲི་དཔོན་དང༌། །ཚལ་པའི་བར་དུ་སྲིད་དབང་འཕྲོག་ལེན་གྱི། །འཐབ་རྩོད་ཤུགས་ཆེ་བྱུང་བས་ཕག་གྲུ་ཡིས། །ཚལ་པར་དམག་དྲངས་ཚལ་པའི་ས་ཆ་དང༌། །མངའ་འབངས་རྣམས་ལ་ཕག་གྲུས་དབང་བསྒྱུར་མཛད། །ཆིག་གསུམ་ལྔ་བཅུར་ཕག་གྲུས་འབྲི་གུང་དུ། །དམག་དྲངས་འབྲི་གུང་ཕམ་སྟེ་གཡའ་བཟང་སོགས། །དབུས་ས་ཡོངས་དང་ས་སྐྱའི་མངའ་ཁོངས་འགའ།། ཕག་གྲུས་དབང་བསྡུས་གཅིག་གསུམ་ལྔ་བཞི་ལོར། །ཕག་གྲུའི་དམག་དཔུང་ས་སྐྱའི་ཕྱོགས་སུ་བསྐྱོད། །ཞི་དྲག་ཐབས་ཀྱིས་དཔོན་ཆེན་རྒྱལ་བཟང་པོ།།

བཙོན་ནས་བཏོན་ཅིང་ས་སྐྱ་དགོན་པ་ཡི། །མཐའ་བཞི་བསྐོར་ཏེ་ས་སྐྱའི་དཔོན་དམག་ཁྱོན། །བཞི་བརྒྱ་ལྷག་ཙམ་གསོད་བཟུང་གནའ་རྫས་འཕྲོག །ཆིག་སྟོང་གསུམ་བརྒྱ་ལྔ་བཅུ་ང་བརྒྱད་ལོར། །སི་ཏུས་ས་སྐྱའི་སྲིད་དབང་ཡོངས་སུ་འཕྲོགས། །ཏཱ་ཡི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས། །ཆོལ་ཁ་གསུམ་ལ་དབང་བསྒྱུར་མཛད་པ་ནས། །ཆོས་ཀྱི་ཕྱོགས་ལ་བྱ་བ་རྒྱ་ཆེན་བསྒྲུབས། །སྲིད་ཀྱི་ཕྱོགས་ནས་རི་རྒྱ་ཀླུང་རྒྱ་བསྡམས། །ཆུ་ཆེན་ཟམ་པ་ཀོ་གྲུ་གསར་དུ་བཙུགས། །རྫོང་ཆེན་གསར་ཚུགས་རྫོང་དཔོན་བསྐོ་བཞག་མཛད། །ཁྲིམས་ལུགས་གཏན་འབེབ་སྒྲིག་གཞི་དག་ཐེར་དང༌། །ཤིང་འཛུགས་ནགས་སྐྱོང་དཔལ་འབྱོར་འཛུགས་བསྐྲུན་དང༌། །མི་དོན་སྒྲིག་སྲོལ་འགྱེད་དང་ཁྲལ་ཆག་བཅོས། །ཁོར་ཡུག་ལེགས་བཅོས་པར་འདེབས་ལག་རྩལ་སྤེལ། །སྔོན་ལུགས་ལྷ་ཆོས་དགེ་བཅུའི་སྲོལ་བཟང་ཐོག །ཞལ་ལྕེ་བཅོ་ལྔ་སྲིད་འཛིན་སྒྲིག་སྲོལ་བཙུགས། །བོད་ཁམས་ཡོངས་སུ་དུས་བདེ་ཞོད་འཇགས་ཀྱི། །རྣམ་པར་གསར་ཐོན་བོད་ཀྱི་ལོ་རྒྱུས་སྟེང༌། །རྒན་མོ་གསེར་ཁུར་དུས་ཞེས་གྲགས་པ་དེ༑ ༑འདི་སྐབས་བྱུང་ཞིང་ཆོས་སྲིད་མཛད་པ་གཞན། །ཆོས་སྒར་ཐོག་མ་འཛམ་གླིང་རྒྱན་ཉིད་དང༌། །སྨན་རྩིས་ལྷ་བཟོ་ལོ་རྒྱུས་ཞིབ་འཇུག་གི །བྱ་བཞག་ཤེས་རིག་ཡར་ངོའི་ཟླ་ལྟར་འཕེལ། །མཁས་པའི་ཁྱུ་ཚོགས་རྒྱུ་སྐར་ཚོམ་བུ་བཞིན། །མང་དུ་བྱོན་པས་མདོ་བསྟན་རིག་གནས་འཕེལ། །རྩེད་ཐང་ཕྱག་འདེབས་གསེར་ཆོས་བཀའ་འགྱུར་བཞེངས། །གདན་ས་བཞི་དང་རྒྱུད་གྲྭ་སྟོད་སྨད་སོགས། །དགོན་དང་སྐུ་གསུང་ཐུགས་རྟེན་དེ་སྐབས་བཞེངས།།

རིས་མེད་བཙུན་པར་བསྙེན་བཀུར་ཞབས་ཏོག་ དང༌། །མཉམ་མེད་ཙོང་ཁ་པ་ཉིད་གཙུག་ཏུ་བཀུར། །གཙུག་ལག་ཁང་གཉིས་ཉམས་གསོའི་སྦྱིན་བདག་མཛད །སྨོན་ལམ་འཚོགས་པའི་སྲོལ་བཟང་འདི་དུས་བཙུགས། །དགེ་ལྡན་པ་ཡི་གྲུབ་མཐའ་དར་རྒྱས་ཀྱིས། །བསྟན་འགྲོར་སྨན་པའི་མཛད་བཟང་རླབས་ཆེན་བཞག །བྱང་ཆུབ་རྒྱལ་མཚན་༡འཇམ་དབྱངས་ཤཱཀྱ་རྒྱལ ༢། །གྲགས་པ་བྱང་ཆུབ་༣བསོད་ནམས་གྲགས་པ་༤ དང༌། །གྲགས་པ་རྒྱལ་མཚན་༥སངས་རྒྱས་རྒྱལ་མཚན་༦ དང༌། །གྲགས་པ་འབྱུང་གནས་༧ཀུན་དགའ་ལེགས་པ་༨ དང༌། །ངག་གི་དབང་པོ་༩ངག་དབང་བཀྲ་ཤིས་གྲགས ༡༠། །ངག་དབང་གྲགས་པ་༡༡ཕག་གྲུ་བཅུ་གཅིག་གིས། །ཕྱི་ལོ་གཅིག་གསུམ་ང་བརྒྱད་ལོ་ནས་བཟུང༌། །གཅིག་བཞི་བརྒྱད་གཅིག་བར་དུ་བོད་ཁམས་ལ། །ཆོས་སྲིད་ཁྲི་ལོ་བརྒྱད་དང་ཉེར་གསུམ་བསྐྱངས། །ཕག་གྲུའི་སྐབས་སུ་རིག་གནས་གོང་འཕེལ་དང༌། །དཔལ་འབྱོར་འཛུགས་བསྐྲུན་འཕེལ་རྒྱས་ཡར་ཟླར་འགྲན།།

ཡབ་སྲས་སྲིད་ཁྲིར་མ་འཆམ་བཀའ་བློན་བར། །དམག་འཁྲུགས་ཡུན་རིང་བྱས་པས་ལོ་རྒྱུས་སྟེང༌། །གཅིག་བཞི་གསུམ་བཞིར་ཕག་གྲུ་ནང་ཞིག་གམ།།སྟག་ལོའི་སྡེ་གཟར་ཆེན་མོ་དེ་དུས་ བྱུང༌།། །།བརྒྱད་པ། ཕྱིས་ཀྱི་རྒྱལ་རབས་ལས། རིན་སྤུངས་སྡེ་པའི་དུས་རབས།

སྤྱི་ལོ་ ༡༤༨༡ ནས་ ༡༥༦༥ བར་ལོ་ ༨༤།

༈ རིན་སྤུངས་པ་ཞེས་མི་རྒྱུད་མིང་ཐོགས་ཚུལ། །སྔོན་དུས་བོད་རྒྱལ་ཤ་ཁྲི་བཙན་པོའི་དུས། །མ་སངས་ཁ་རུ་ཁྱེའུ་མཚན་ལྡན་འཁྲུངས། །དེ་ལ་སྒེར་དཔལ་ལེགས་འོད་གྲགས་པ་ནས། །ཕྱི་སྒེར་ནང་སྒེར་གྲུབ་ཐོབ་སྒེར་གསུམ་བྱུང༌། །དེ་དག་རྒྱུད་ལས་སྒེར་དཀར་ཤཱཀྱ་འབུམ། །དེ་སྲས་ནམ་མཁའ་རྒྱལ་མཚན་གྲགས་པ་ལ། །ཕག་གྲུའི་སྡེ་སྲིད་གྲགས་པ་རྒྱལ་མཚན་གྱིས། །རིན་སྤུངས་རྫོང་དཔོན་ཆུ་མིག་ཁྲི་དཔོན་དང༌། །ས་སྐྱ་ལྷ་ཁང་ཆེན་མོའི་དཔོན་ཆེན་སོགས། །སྔ་གཞུག་དཔོན་གྱི་གོ་གནས་ཤེལ་ཐམ་གནང༌།།

དེ་སྲས་ནམ་མཁའ་རྒྱལ་པོས་གྲགས་རྒྱལ་དང༌། །གྲགས་པ་འབྱུང་གནས་གཉིས་ཀྱི་ཞབས་འབྲིང་བའི། །གོ་གནས་ཆེ་གྲས་བཟུང་ཞིང་དེ་ཡི་སྲས། །ནོར་བུ་བཟང་པོས་ཡབ་མེས་དུས་བཞིན་དུ། །རྫོང་དཔོན་ཁྲི་དཔོན་དག་གི་ཐུགས་འགན་བཞེས། །ཉང་སྨད་བསམ་འགྲུབ་རྩེ་ཡི་རྫོང་དཔོན་མཛད། །ཁོང་གི་རིགས་སྲས་དོན་གྲུབ་རྡོ་རྗེ་ཡིས། །གཞིས་ཀ་བསམ་འགྲུབ་རྩེ་ཡི་རྫོང་དཔོན་མཛད། །དེ་སྲས་མཚོ་སྐྱེས་རྡོ་རྗེས་ཕག་གྲུ་ཡི། །སྲིད་ཚབ་མཛད་དེ་སྲིད་དབང་རིམ་གྱིས་འཕྲོག །དེ་རྗེས་མཚོ་སྲས་ངག་དབང་རྣམ་རྒྱལ་གྱིས། །སྲིད་བཟུང་དེ་སྲས་ཚེ་བརྟན་རྡོ་རྗེའི་སྐབས། །སྔར་མེད་གཞིས་ཀ་འགའ་ཞིག་མངའ་འོག་བཅུག །དེ་ཡི་གཅུང་པོ་ངག་དབང་འཇིགས་གྲགས་དུས། །ས་སྐྱ་པ་དང་བྱང་བདག་མ་མཐུན་པས། །ས་སྐྱའི་རྒྱབ་རྩ་རིན་སྤུངས་པ་ཡིས་བྱས།།

དམག་སྣ་དྲངས་པས་ཁོང་ཡང་གཞིས་རྩེར་ཕེབས། །རང་གི་ཞབས་འབྲིང་ཆིབས་དཔོན་ཁོངས་གཏོགས་པ། །རྫོང་དཔོན་ཞིང་ཞག་ཚེ་བརྟན་རྡོ་རྗེ་ཡིས།། འབངས་མི་གྱེན་ལོག་རིགས་སྲས་པད་དཀར་བཀྲོངས། །རིན་སྤུངས་པ་ཡི་སྲིད་དབང་མགོ་གཏིང་བསློགས། །ཕག་གྲུའི་སྲིད་དབང་བརྒྱད་པ་ཆོས་ཀྱི་རྗེ༑ ༑ངག་གི་དབང་པོས་སྲིད་བཟུང་མི་རིང་བར། །ནང་ཁུལ་མི་མཐུན་འགལ་བ་འབྱུང་དང་བསྟུན། །ཀརྨ་ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱིས། །རིན་སྤུངས་ཀུན་བཟང་པ་དང་དོན་རྡོར་ལ། །བཀའ་བཀོད་བྱས་ལྟར་གཙང་དམག་ཆིག་ཁྲི་ལྷག །དབུས་སུ་དྲངས་ནས་སྣེ་གདོང་རྫོང་དཔོན་དང༌། །དེ་སྲས་ངག་དབང་བསོད་ནམས་རྣམ་རྒྱལ་གཉིས། །ཡུལ་ནས་བཏོན་ཅིང་ངག་དབང་བཀྲ་ཤིས་གྲགས། །སྐུ་ན་ཕྲ་བས་ཞྭ་དམར་ཆོས་ཡེ་དང༌། །མཚོ་སྐྱེས་རྡོ་རྗེས་སྣེ་གདོང་དཔོན་ཚབ་མཛད། །ལོ་དགུ་སྲིད་དབང་བཟུང་རིང་ཞྭ་ནག་པ༑ ༑སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་ཡིས། །བཀའ་བཀོད་གནང་འོག་གཅིག་བཞི་དགུ་བརྒྱད་ནས། །སྨོན་ལམ་ཆེན་མོར་སེ་འབྲས་དགེ་གསུམ་གྱི།།

དགེ་འདུན་པ་རྣམས་ཕེབས་མི་ཆོག་པར་བཟོས། །ལོ་ངོ་ཉི་ཤུར་ས་སྐྱ་བཀའ་བརྒྱུད་ཀྱི། །དགེ་འདུན་ཁོ་ནས་སྨོན་ལམ་ཆེན་མོ་འཚོགས། །ངག་དབང་བཀྲ་ཤིས་གྲགས་པ་ནར་སོན་རྗེས། །སྲིད་དབང་བཟུང་ནས་ལོ་ངོ་བཅུ་སོང་རྗེས། །དབང་ཤུགས་ཆེར་སོང་གཅིག་ལྔ་གཅིག་བརྒྱད་ལོར། །གདན་ས་གསུམ་གྱི་དགེ་འདུན་སྨོན་ལམ་དུ། །སླར་ཡང་ཕེབས་པའི་ལམ་སྲོལ་བསྐྱར་གསོ་གནང༌། །ྋརྒྱལ་དབང་དགེ་འདུན་རྒྱ་མཚོ་སྨོན་ལམ་གྱི། །ཚོགས་དབུར་ལོ་ལྟར་གདན་དྲངས་འབྲས་སྤུངས་ཀྱི། །ཕག་གྲུའི་འཚེར་ཤག་རྡོ་ཁང་སྔོན་མོ་རུ། །གྲགས་པ་རྒྱལ་དབང་གཉིས་པར་ཕུལ་རྗེས་སུ། །དགའ་ལྡན་ཕོ་བྲང་ཞེས་པར་མིང་བསྒྱུར་མཛད། །ཕྱིས་སུ་ྋརྒྱལ་མཆོག་ལྔ་པས་བོད་ཁམས་ལ༑ ༑མངའ་དབང་བསྒྱུར་སྐབས་སྲིད་གཞུང་མིང་དུ་སྤོས། །དེ་བཞིན་ཕྱི་ལོ་གཅིག་ལྔ་གཉིས་དྲུག་ལོར། །འབྲི་གུང་སྒོམ་པ་ཀུན་དགའ་རིན་ཆེན་གྱིས།།

ཀོང་དམག་ཞོ་ཁའི་དམག་དཔུང་བསྐུལ་ནས་སུ། །འབྲི་གུང་ཁུལ་གནས་དགའ་ལྡན་དགོན་པ་ཡི། །མཆོད་གཞིས་འཕྲོག་པས་འབྲི་གུང་དགེ་ལྡན་བར། །དམག་འཁྲུག་བྱུང་ཞིང་ལོ་ངོ་འགའ་ཡི་རྗེས། །འབྲི་གུང་པ་ཡིས་ཟིང་བསླངས་དགེ་ལུགས་པའི། །དགོན་པ་ཆེ་ཆུང་བཅོ་བརྒྱད་ལྷག་ཙམ་འཕྲོག །ཆོས་ལུགས་ཞྭ་མདོག་བསྒྱུར་ཅིང་བཀའ་བརྒྱུད་པའི། །ཆོས་ལུགས་དར་ཁྱབ་ཆེ་བས་དགེ་ལུགས་གྲྭ་པ་རྣམས། །ཞྭ་མོ་ཕྱི་ནང་གཉིས་ཡོད་གྱོན་དགོས་བྱུང༌། །དེ་ལྟར་རིན་སྤུངས་པ་དང་དགེ་ལུགས་བར། །མི་མཐུན་དམག་འཁྲུག་བརྡབ་གསིག་སྣ་ཚོགས་བྱུང༌། །ནོར་བུ་བཟང་པོ་༡མཚོ་སྐྱེས་རྡོ་རྗེ་༢ དང༌། །དོན་ཡོད་རྡོ་རྗེ་༣ཚེ་བརྟན་རྡོ་རྗེ་༤ དང༌། །ངག་དབང་འཇིགས་གྲགས་༥ངག་དབང་རྣམ་རྒྱལ་༦ སོགས། །རིན་སྤུངས་སྡེ་པས་གཅིག་བཞི་བརྒྱད་གཅིག་ནས། །ཕྱི་ལོ་གཅིག་ལྔ་དྲུག་ལྔའི་བར་དུ་ཁྲི་ལོ་ནི། །བརྒྱད་ཅུ་གྱ་བཞི་བསྐྱངས་ཚུལ་འདི་ལྟར་ལགས།། །། དགུ་པ། ཕྱིས་ཀྱི་རྒྱལ་རབས་ལས། སྡེ་པ་གཙང་པའི་དུས་རབས།

སྤྱི་ལོ་ ༡༥༦༥ ནས་ ༡༦༤༢ བར་ལོ་ ༧༧།

༈ གཙང་པ་སྡེ་པའི་གདུང་རབས་འདི་ལྟ་སྟེ། །གཙང་སྟོད་སྡེ་པའམ་གཙང་རྒྱལ་ཅེས་སུ་གྲགས། །འདི་ཡང་ཐོག་མ་ཁྲི་སྲོང་ལྡེའུ་བཙན་དུས། །ཛྙ་ན་ཀུ་མ་ར་ཏིའི་བརྒྱུད་པར་གྲགས། །ཞིང་ཤག་ཚེ་བརྟན་རྡོ་རྗེ་རིན་སྤུངས་པའི། །གཉེན་ཚན་དུ་གཏོགས་རིན་སྤུངས་རྫོང་དང་ནི། །སྣེ་གདོང་གཉིས་ཀྱི་ཞབས་འབྲིང་བ་ཡང་ཡིན། །ཕྱིས་སུ་རིན་སྤུངས་པ་ཡི་ཆིབས་དཔོན་དང༌། །ཤངས་དང་ཉང་སྨད་ཁུལ་གྱི་ཁྲལ་བསྡུ་བ། །ལོ་མང་བྱས་ཤིང་གཅིག་ལྔ་བཞི་བརྒྱ་ལོར། །བསམ་འགྲུབ་རྩེ་ཡི་རྫོང་གི་དཔོན་དུ་བསྐོས། །

གཅིག་ལྔ་དྲུག་ལྔ་ལོ་ལ་ཞིང་ཤག་པས། །དམག་འཁྲིད་པ་རྣམ་ལྷུན་གྲུབ་ཁྱུང་རྩེ་དང༌། །རྫོང་གསར་ཕག་མོ་རི་སོགས་དབང་དུ་བསྡུས། །ཕྱི་ལོར་ཞིང་ཤག་གཙང་གི་རྒྱལ་པོར་གྱུར། །རིགས་སྲས་དགུ་ལས་མཐུ་སྟོབས་རྣམ་རྒྱལ་དང༌། །ཀརྨ་ཀུན་སྤངས་ལྷ་དབང་རྡོ་རྗེ་དང༌། །ཀརྨ་བསྟན་སྲུང་དབང་པོ་རྣམ་གསུམ་གྱིས། །གཙང་ཕྱོགས་དབང་བསྒྱུར་ལྷ་དབང་རྡོ་རྗེ་ཡིས། །བསམ་འགྲུབ་རྩེ་བཟུང་བསྟན་སྲུང་དབང་པོ་ཡིས། །པ་རྣམ་ནོར་བུ་ཁྱུང་རྩེ་བཟུང་བ་དང༌། །ལྷ་དབང་འདས་རྗེས་བསྟན་སྲུང་དབང་པོ་ཡིས། །ཚབ་མཛད་ཕུན་ཚོགས་རྣམ་རྒྱལ་གཙང་པ་ཡི། །སྡེ་སྲིད་མཛད་པས་སྡེ་སྲིད་གཙང་པ་ཟེར། །ཁོང་གིས་བྱི་གླང་ལོ་ལ་མངའ་རིས་དང༌། །ལྷོ་བྱང་རྣམས་ལ་དམག་དྲངས་དབང་དུ་བཅུག །ཀརྨ་ཆོས་དབྱིངས་རྡོ་རྗེར་དབུས་གཙང་གི །བདག་པོའི་བཀའ་ཤོག་དང་ནི་ཐམ་ག་གནང༌། །གཅིག་དྲུག་གཅིག་བརྒྱད་ལོ་ལ་དཔུང་དམག་ཁྲི། །དབུས་སུ་དྲངས་ནས་གྲོང་སྡེ་མང་པོ་བླངས། །ལོ་ངོ་གཉིས་རྗེས་བསྟན་སྲུང་དབང་པོ་ཡིས། །བོད་ཁམས་ཡོངས་ཀྱི་ཆབ་སྲིད་མངའ་དབང་བསྒྱུར། །གཅིག་དྲུག་གཅིག་དགུར་བསོད་ནམས་རབ་བརྟན་མཆོག །མཚོ་སྔོན་ཕྱོགས་སུ་བྱོན་ནས་ལྷ་བཙུན་ལ། །དཔུང་རོགས་ཞུས་ཏེ་སོག་དམག་ཉིས་སྟོང་ཙམ། །རྐྱང་ཐང་སྒང་དུ་གཙང་གི་དམག་དཔུང་དང༌། །གཡུལ་འགྱེད་གཙང་དམག་ཕམ་སྟེ་ལྕོག་རིར་བྲོས། །པཎ་ཆེན་ཆོས་རྒྱན་སོགས་ཀྱིས་བར་འདུམ་མཛད། །སེ་འབྲས་མཆོད་གཞིས་ཕྱིར་སྤྲད་གྲུབ་མཐའ་བསྒྱུར།།

ས་རིས་ཤོར་བ་རང་བབས་ཕྱིར་བསློགས་བྱས། །འོན་ཀྱང་གཙང་པས་ཕམ་ཁ་མི་འཁུར་བར། །རྒྱལ་བ་པཎ་ཆེན་གཉིས་དང་གདན་ས་གསུམ། །བཀྲས་ལྷུན་སོགས་ལ་བརྙས་གཙེས་བྱས་པས་ན། །སྐྱིད་ཤོད་སྡེ་པ་སོག་པོའི་ཡུལ་དུ་བྲོས། །རྒྱལ་ཡབ་བཙོན་བཅུག་ཉེས་མེད་སྐུ་སྲོག་བཀྲོངས། །མཚོ་སྔོན་སོག་པོ་ཨོ་རོད་ཇུན་གར་གྱི། །དཔོན་པོ་གུ་ཤྲི་ཁང་ལ་དམག་རོགས་ཞུས།།

གུ་ཤྲིས་ཕྱི་ལོ་དྲུག་བརྒྱ་ཞེ་གཉིས་ལོར། །དམག་དཔུང་དབུས་སུ་དྲངས་ཏེ་གཙང་པ་ཡི། །ཆབ་སྲིད་དབང་བསྒྱུར་དེ་ནས་མཇུག་སྒྲིལ་ལོ། །དེ་ལྟར་སྡེ་པ་གཙང་པའི་ཁྲི་རབས་པ། །ཞིང་ཤག་པར་གྲགས་ཚེ་བརྟན་རྡོ་རྗེ་༡ དང༌། །ཕུན་ཚོགས་རྣམ་རྒྱལ་༢ཀརྨ་སྐྱོང་དབང་༣། །སྡེ་པ་གཙང་པས་གཙང་ཁུལ་ཡོངས་རྫོགས་ལ། །མངའ་དབང་བསྒྱུར་ཏེ་ཁྲི་ལོ་དོན་བདུན་བསྐྱངས།། །།བཅུ་པ། ཕྱིས་ཀྱི་རྒྱལ་རབས་ལས།

དགའ་ལྡན་ཕོ་བྲང་གི་དུས་རབས། སྤྱི་ལོ་ ༡༦༤༢ ནས་ ༢༠༠༩ བར་ལོ་ ༣༦༧།

༈ ཕག་གྲུའི་སྐབས་སུ་དགེ་ལུགས་དར་ནས་བཟུང༌། །སྡེ་སྲིད་གཙང་པས་མངའ་དབང་བསྒྱུར་བ་ནས། །བཀའ་དགེ་གཉིས་བར་གྲུབ་མཐའི་འགལ་བ་བྱུང༌། །གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་སྐབས། །ཀརྨ་པ་དང་མཆོད་ཡོན་འབྲེལ་ནས་སུ། །ཆབ་སྲིད་ཐོག་ནས་ཞྭ་སེར་བསྟན་པ་ལ། །སྡང་ཟུག་གཉའ་གནོན་བརྙས་བཅོས་མང་དུ་བྱས། །སོག་པོ་ཚོ་ཆེན་ཞེ་དགུའི་ནང་གསེས་ཀྱི། །ཧལ་ཧ་ཚོ་བདུན་དཔོན་པོ་ཆོག་ཐུ་དང༌། །བར་ཁམས་ཁུལ་གྱི་བེ་རི་རྒྱལ་པོ་གཉིས། །སྔར་ནས་བོན་ཆོས་སྦྱིན་བདག་ཡིན་པས་ན། །ཕན་ཚུན་གཞོགས་འདེགས་བགྱིས་ཏེ་ནང་བསྟན་སྤྱི། །བྱེ་བྲག་དགེ་ལྡན་བསྟན་པར་མི་དགའ་བས། །གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་གིས། །བེ་རི་རྒྱལ་པོར་འབྲེལ་ཟམ་ཆེས་ཟབ་བཙུགས། །གཙང་པར་རྒྱབ་སྐྱོར་དཔུང་དམག་གཏོང་རྒྱུ་བྱས། །ཚུལ་དེ་ཕྱག་མཛོད་བསོད་ནམས་རབ་བརྟན་དང༌། །སྐྱིད་ཤོད་སྡེ་པས་གསན་རྗེས་མཚོ་སྔོན་དུ། །འབྲས་གྲྭར་གསང་ཡིག་བསྐུར་ནས་ཇུན་གར་དུ། །དམག་རོགས་ཞུས་ལྟར་ཨོ་རོད་གུ་ཤྲི་ཡིས། །ཐོག་མར་ཆོག་ཐུའི་སྟེང་དུ་གཡུལ་བཤམས་པས། །ཆོག་ཐུའི་རྒྱལ་པོ་ཁྲི་དམག་གསུམ་ཙམ་བཅོམ། །གུ་ཤྲིའི་རུ་སྡེ་མཚོ་སྔོན་ཕྱོགས་སུ་སྤོས། །གུ་ཤྲིས་ཚོང་ཆས་སྤྲས་ཏེ་དབུས་གཙང་གི །གནས་ཚུལ་རྟོག་ཞིབ་བྱེད་པར་ལྷ་སར་འབྱོར། །རྒྱལ་བ་པཎ་ཆེན་མཇལ་ཞིང་འབུལ་ཆེན་བཏེགས། །ྋརྒྱལ་དབང་མཆོག་ནས་གུ་ཤྲི་ཧན་ཉིད་ལ། །བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཆོ་ལོ་གནང༌། །དེ་རྗེས་དབུས་དམག་དང་བཅས་ཕྱིར་ལོག་ཅིང༌། །ས་ཡོས་ལོ་ནས་དཔུང་ཆེན་མཚོ་སྔོན་ནས། །བཏེགས་ཏེ་སྡེ་དགེ་དཀར་མཛེས་ལྡན་ཁོག་སོགས། །དབང་དུ་བསྡུས་ཤིང་བེ་རི་རྒྱལ་པོ་དང༌། །རྗེས་འབྲང་དང་བཅས་དྲག་པོས་ཚར་བཅད་བཏང༌། །དེ་དག་ྋརྒྱལ་དབང་མཆོག་ལ་གསོལ་བ་ན། །ྋརྒྱལ་དབང་མཆོག་ནས་དམག་རྩ་མཆོད་མཚམས་སུ། །རྒྱལ་པོ་རང་ཉིད་ཕྱིར་ལོག་ལེགས་ཚུལ་དང༌། །སྡེ་སྲིད་གཙང་པར་དམག་སྣ་འདྲེན་མི་དགོས་པའི། །འཆར་འདོན་སྩལ་ཡང་ཕྱག་མཛོད་རང་ཉིད་ཀྱིས། །གཙང་པ་སྡེ་སྲིད་ཚར་གཅོད་དགོས་ཚུལ་གྱི། །གུ་ཤྲིར་གསང་འཕྲིན་བསྐུར་ཏེ་ནན་ཞུས་ལྟར། །ཁམས་ནས་མཚོ་སྔོན་ཕྱོགས་སུ་ཕྱིར་ལོག་པའི། །ཚུལ་བསྟན་གཙང་པས་ཐོས་པས་དོགས་མེད་དུ། །གནས་པའི་སྐབས་དང་བསྟུན་ནས་གུ་ཤྲིའི་དམག །གློ་བུར་བྱང་ལམ་ཕྱོགས་ནས་ཁ་བསྒྱུར་ཏེ། །གཙང་པར་དཔུང་འཇུག་བགྱིས་པས་གཙང་དམག་དང༌། །གཡུལ་འཐབ་དྲག་པོས་གཙང་པ་ཆམ་ལ་ཕབ། །

གཙང་རྒྱལ་བསྟན་སྐྱོང་འཁོར་བཅས་ཚར་བཅད་ དོ། །དེ་ལྟར་གུ་ཤྲིས་ཐོག་མར་མདོ་ཁམས་བཟུང༌། །རིམ་བཞིན་སྡེ་སྲིད་གཙང་པ་དབང་དུ་བཅུག །རྒྱལ་དབང་ལྔ་པ་དཔལ་ལྡན་འབྲས་སྤུངས་ནས། །གཞིས་ཀ་བསམ་གྲུབ་རྩེ་རུ་གདན་དྲངས་ཏེ། །ཆོལ་གསུམ་ཆོས་སྲིད་དབང་ཆ་ཡོངས་རྫོགས་དང༌། །རྒྱུ་ནོར་རིན་ཐང་ཅན་སོགས་མང་ཕུལ་ཞིང༌། །གུ་ཤྲི་རང་ཉིད་རིགས་རྒྱུད་དང་བཅས་པ༑ ༑ྋརྒྱལ་དབང་ལྔ་པ་མཆོག་གི་ཆོས་འབངས་སུ། །འབུལ་སྦྱོར་མཛད་དེ་ྋརྒྱལ་དབང་ལྔ་པ་ཡི། །བཞུགས་གནས་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི ༑མཚན་དང་སྦྲེལ་ནས་དགའ་ལྡན་ཕོ་བྲང་ཞེས། །བོད་ཀྱི་སྲིད་དབང་ྋརྒྱལ་མཆོག་ལྔ་པས་བཞེས། །བོད་གཞུང་དགའ་ལྡན་ཕོ་བྲང་དབུ་འཕང་བརྙེས། །སྡེ་སྲིད་ཐོག་མ་བསོད་ནམས་ཆོས་འཕེལ་༡ དང༌། །གྲོང་སྨད་སྡེ་སྲིད་འཕྲིན་ལས་རྒྱ་མཚོ་༢ དང༌། །མཆོད་དཔོན་བློ་བཟང་མཐུ་སྟོབས་༣རྣམ་གྲྭ་ཡི། །གཉེར་པ་བློ་བཟང་སྦྱིན་པ་༤སངས་རྒྱ་མཚོ ༥། །ངག་དབང་རིན་ཆེན་༦སོག་པོ་ལྷ་བཟང་ཁང་༧། །ལྷ་རྒྱལ་རབ་བརྟན་༨དའི་ཆིང་བསོད་ནམས་རྒྱལ ༩། །ང་ལུམ་སྦྱར་གསུམ་༡༠ཕོ་ལྷ་བསོད་སྟོབས་༡༡ དང༌། །འགྱུར་མེད་རྣམ་རྒྱལ་༡༢ྋརྒྱལ་མཆོག་བདུན་པ་༡༣ དང༌། །དེ་མོ་འཇམ་དཔལ་བདེ་ལེགས་རྒྱ་མཚོ་དང་༡༤། །ཚེ་སྨོན་གླིང་པ་ངག་དབང་ཚུལ་ཁྲིམས་༡༥ དང༌། །ྋརྒྱལ་མཆོག་བརྒྱད་པ་རྟ་ཚག་བསྟན་པའི་མགོན ༡༦། །དེ་མོ་བློ་བཟང་ཐུབ་བསྟན་རྒྱ་མཚོ་༡༧ དང༌། །སླར་ཡང་ཚེ་གླིང་ངག་དབང་འཇམ་དཔལ་༡༨ དང༌། །པཎ་ཆེན་དགུ་པ་བསྟན་པའི་ཉི་མ་༡༩ དང༌། །རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་རྒྱན་༢༠ དང༌། །ྋརྒྱལ་མཆོག་བཅུ་གཅིག་༢༡བཤད་སྒྲ་དབང་ཕྱུག་རྒྱལ ༢༢། །སྡེ་དྲུག་མཁྱེན་རབ་དབང་ཕྱུག་༢༣རྒྱལ་མཆོག་ནི། །འཕྲིན་ལས་རྒྱ་མཚོ་༢༤རྟ་ཚག་དཔལ་ལྡན་ཆོས ༢༥། །དེ་མོ་བློ་བཟང་འཕྲིན་ལས་རབ་རྒྱས༢༦ དང༌།།

ྋརྒྱལ་མཆོག་བཅུ་གསུམ་༢༧ བློ་བཟང་རྒྱལ་མཚན་༢༨མཆོག །ཚེ་གླིང་ངག་བློ་བསྟན་པའི་རྒྱལ་མཚན་༢༩ དང༌། །སླར་ཡང་ྋརྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་མཆོག ༣༠། །རྭ་སྒྲེང་འཇམ་དཔལ་ཡེ་ཤེས་༣༡གང་ཉིད་དང༌། །ཡོངས་འཛིན་སྟག་བྲག་རིན་པོ་ཆེ་ཉིད་མཆོག །ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོ་ལ་སོགས་པའི། །དགའ་ལྡན་ཕོ་བྲང་སྲིད་སྐྱོང་རིམ་བྱོན་གྱིས། །ཁྲི་ལོ་སུམ་བརྒྱ་དྲུག་ཅུ་རེ་བདུན་བསྐྱངས།།

༈ དགེ་འདུན་༡དགེ་འདུན་༢ བསོད་ནམས་༣ཡོན་ཏན་༤དང༌། །ངག་དབང་༥ཚངས་དབྱངས་༦ བསྐལ་བཟང་རྒྱ་མཚོ་༧དང༌། །འཇམ་དཔལ་༨ལུང་རྟོགས་༩ ཚུལ་ཁྲིམས་༡༠མཁས་གྲུབ་༡༡དང༌། །འཕྲིན་ལས་༡༢ ཐུབ་བསྟན་༡༣བསྟན་འཛིན་རྒྱ་མཚོར་༡༤འདུད།།

༈ མཁས་གྲུབ་དགེ་ལེགས་༡ བསོད་ནམས་ཕྱོགས་གླང་༢དང༌། །བློ་བཟང་དོན་གྲུབ་༣ བློ་བཟང་ཆོས་རྒྱན་༤དང༌། །བློ་བཟང་ཡེ་ཤེས་༥ བློ་བཟང་དཔལ་ལྡན་༦དང༌། །བསྟན་པའི་ཉི་མ་༧ བསྟན་པའི་དབང་ཕྱུག་༨ཞབས། །བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་༩ དང༌། །འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་༡༠ དང༌། །བཅུ་གཅིག་དགེ་འདུན་ཆོས་ཀྱི་ཉི་མ་༡༡ བཅས། །པཎ་ཆེན་སྐུ་ཕྲེང་རིན་པར་བྱོན་པའི་མཚན།།

༈ བཀའ་བློན་བུ་ཆུང་ཚེ་བརྟན་རྡོ་རྗེ་༡ དང༌། །སྟར་གདོང་པ་༢དང་ཁང་གནས་༣ཕྱག་རྡོར་༤ དང༌། །སྤ་དུར་ནོ་ཡོན་༥འཕན་པོ་ཨ་ཇོ་༦ དང༌། །བཀྲ་ཤིས་བརྩེ་པ་༧དའི་ཆིང་བ་ཐུར་རྒྱལ ༨། །གུང་ལུམ་བཀྲ་ཤིས་རྒྱལ་༩དང་ང་ཕོད་པ། །རྡོ་རྗེ་རྒྱལ་པོ་༡༠སྦྱར་ར་བློ་གྲོས་རྒྱལ ༡༡། །མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་༡༢ དང༌། །རྡོ་རིང་པཎ་ཆེན་དོན་གྲུབ་རབ་བརྟན་༡༣ དང༌།།

ཛ་སག་ཐོན་པ་སྲིད་ཆོས་ཚེ་བརྟན་༡༤ དང༌། །མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་༡༥ དང༌། །རྩེ་མགྲོན་དར་ཧན་ཉི་མ་རྒྱལ་མཚན་༡༦ དང༌། །སྐལ་བཟང་ཡོན་ཏན་༡༧རྡོ་རིང་བསྟན་འཛིན་དཔལ ༡༨། །གཡུ་ཐོག་བཀྲས་དོན་༡༩ཐོན་པ་སྲིད་ཞི་དབང་༢༠། །གུང་མིང་བཀྲ་ཤིས་རྣམ་རྒྱལ་༢༡ཧོར་ཁང་གི ༑བསོད་ནམས་བཀྲ་ཤིས་༢༢བཤད་སྒྲ་ཀུན་དགའ་དཔལ ༢༣། །མདོ་མཁར་རྟ་མགྲིན་ཚེ་བརྟན༢༤ཟུར་ཁང་གི །ཚེ་བརྟན་རྡོ་རྗེ་༢༥བཤད་སྒྲ་དོན་རྡོར་༢༦ དང༌། །མདོ་མཁར་བསོད་ནམས་དབང་རྒྱལ་༢༧བཤད་སྒྲ་ཡི། །དབང་ཕྱུག་རྒྱལ་ལམ་མཚན་གཞན་སྤེ་ཞི་བ ༢༧། །ཐའི་ཇི་བཀྲ་ཤིས་ཁང་གསར་༢༩བསོད་དཔལ་༢༩ དང༌། །སྐྱིད་ཤོད་༣༠ཕུ་ལུང་ཕུན་ཚོགས་ཚེ་དབང་༣༡ དང༌།། ཚེ་དབང་དཔལ་འབྱོར་༣༢ བཤད་སྒྲ་ཚེ་དབང་ཕྱུག༣༣། །རམ་པ་བཀྲ་ཤིས་དར་རྒྱས་༣༤ གཡུ་ཐོག་པ། །ལྷ་དབང་རྡོ་རྗེ་༣༥ཚེ་དབང་ནོར་བུ་༣༦ དང༌།། ལྷ་ཀླུ་ཡེ་ཤེས་ནོར་བུ་༣༧ ཕ་ལྷ་ཡི། །པདྨ་རྒྱལ་པོ་༣༨རྡོ་རྗེ་དོན་གྲུབ་༣༩ དང༌།།

བློ་ཡོན་༤༠མཁེ་སྨད་གནོད་སྦྱིན་ཕུན་ཚོགས་ ༤༡ དང༌། །གཡུ་ཐོག་ཕུན་ཚོགས་དབང་ལྡན་༤༢བཤད་སྒྲ་ཡི། །དཔལ་འབྱོར་རྡོ་རྗེ་༤༣བསོད་ནམས་སྟོབས་རྒྱལ་༤༤ དང༌། །བཀའ་བློན་བླ་མ་ཆང་ཁྱིམ་༤༥ཞོལ་ཁང་པ། །གསར་བྱུང་ཚེ་བརྟན་དབང་ཕྱུག་༤༦ཚ་རོང་གི །དབང་ཕྱུག་རྒྱལ་པོ་༤༧བསམ་ཕོ་༤༨བཀའ་ཡི་བློན། །བླ་མ་བློ་བཟང་འཕྲིན་ལས་༤༩གུང་ཐང་པ ༥༠། །ཤེལ་དཀར་གླིང་དང་༥༡བདེ་སྐྱིད་གླིང་པ་༥༢ དང༌། །བཀའ་བློན་བླ་མ་བྱམས་པ་བསྟན་དར་༥༣ དང༌། །ཁྲི་སྨོན་ནོར་བུ་དབང་རྒྱལ་༥༤ང་ཕོད་པ། །རྟ་མགྲིན་ཕུན་ཚོགས་༥༥བཀྲས་མཐོང་འགྱུར་མེད་རྒྱ ༥༦། །གནང་བྱུང་པདྨ་དོན་གྲུབ་༥༧ཆང་ཁྱིམ་པ༑ ༑ཐུབ་བསྟན་ཤཱཀྱ་སྨད་སྟོད་རྡོར་དོན་གྲུབ ༥༨། །བཀའ་བློན་བླ་མ་བསྟན་པ་འཇམ་དབྱངས་དང་༥༩ དང༌། །བོན་ཤོད་ཚེ་བརྟན་རྡོ་རྗེ་༦༠ཕུན་ཁང་གུང༌།།བཀྲ་ཤིས་རྡོ་རྗེ་༦༡ བཀའ་ཤོད་ཆོས་རྒྱལ་ཉི་༦༢། །བཀའ་བློན་རམ་པ་ཐུབ་བསྟན་ཀུན་མཁྱེན ༦༣དང༌། །ཟུར་ཁང་དབང་ཆེན་དགེ་ལེགས་༦༤ལྷ་ཀླུ་ཡི།།ཚེ་དབང་རྡོ་རྗེ་༦༥ ང་ཕོད་ངག་དབང་འཇིགས༦༦། །མདོ་མཁར་ཕུན་ཚོགས་རབ་རྒྱས་༦༧ བསམ་ཕོ་ཡི། །ཚེ་དབང་རིག་འཛིན་ཤན་ཁ་འགྱུར་མེད་རྗེ ༦༨།།སྣེ་ཤར་ཐུབ་བསྟན་ཐར་པ ༦༩དགའ་བྲང་གི །བློ་བཟང་རིག་འཛིན་༧༠རྒྱལ་དབང་བདུན་པ་ཆེས། །བཀའ་ཤག་གསར་དུ་བཙུགས་ནས་གངས་ལྗོངས་འདི། །བསྟན་དགྲ་རྒྱ་ཡི་འོག་ཏུ་མ་ཚུད་བར། །བཀའ་ཡི་བློན་པོ་བདུན་ཅུ་རིམ་པར་བྱོན།།

༈ བཙན་བྱོལ་བོད་གཞུང་རྒྱ་གར་འཕགས་ཡུལ་དུ། །དབུ་བརྙེས་བཀའ་བློན་རིམ་བྱོན་བཀའ་ཤག་སྐབས། །དང་པོར་ཟུར་ཁང་དབང་ཆེན་དགེ་ལེགས་༡ དང༌། །ཤན་ཁ་འགྱུར་མེད་བསོད་ནམས་སྟོབས་རྒྱས་དང་༢། །སྣེའུ་ཤར་ཐུབ་བསྟན་ཐར་པ་༣དགའ་བྲང་གི །བློ་བཟང་རིག་འཛིན་༤གཡུ་ཐོག་བཀྲས་དོན་༥ དང༌། །བཀའ་ཤག་གཉིས་པར་སླར་ཡང་ཤན་ཁར་བ། །ཏཱ་ཡི་བླ་མ་ཐུབ་བསྟན་ནོར་བཟང་༧ དང༌། །སྣེའུ་ཤར་༨རྒྱལ་ལོ་དོན་གྲུབ་༩དགའ་བྲང་དང་༡༠། །ཕ་ལྷ་ཐུབ་བསྟན་འོད་ལྡན་༡༡ཀུན་བདེ་གླིང་༡༢། །བཀའ་ཤག་གསུམ་པར་དགའ་བྲང་༡༣སྣེའུ་ཤར་༡༤ དང༌། །ཀུན་གླིང་༡༥ལྗང་ཆོས་ཚེ་རིང་མགོན་པོ་༡༦ དང༌། །དབང་འདུད་རྡོ་རྗེ་༡༧རྒྱལ་ལོ་དོན་གྲུབ་༡༨ བཅས།།

བཞི་པར་ཀུན་གླིང་༡༩ དབང་འདུད་རྡོ་རྗེ་༢༠དང༌། །ཕྲེང་རིང་སུམ་རྩེན་དབང་པོ་༢༡ རྒྱལ་དབང་གི །སྐུ་ཡི་གཅུང་པོ་རྒྱལ་ལོ་དོན་གྲུབ་༢༢ དང༌། །བྱེ་གཞོང་ཚེ་དབང་རྟ་མགྲིན་༢༣རྣམ་པ་ལྔ། །ལྔ་པར་ཀུན་གླིང་༢༤དབང་འདུད་རྡོ་རྗེ་༢༥ དང༌། །སླར་ཡང་ཚེ་དབང་རྟ་མགྲིན་༢༦སྟག་ལྷ་བ། །ཕུན་ཚོགས་བཀྲ་ཤིས་༢༧ཐུབ་བསྟན་ཉིན་བྱེད་༢༨ དོ། །དྲུག་པར་དབང་རྡོར་༢༩ཚེ་དབང་རྟ་མགྲིན་༣༠ དང༌། །སླར་ཡང་སྟག་ལྷ་༣༡ཐུབ་བསྟན་ཉིན་བྱེད་༣༢ དང༌། །ས་འདུ་ཚང་གི་རིན་ཆེན་དོན་གྲུབ་༣༣ དང༌། །འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་༣༤རྣམ་པ་དྲུག །བདུན་པར་འཇུ་ཆེན་༣༥བཀྲིས་དབང་འདུད་༣༦ དང༌། །

བསྟན་འཛིན་དགེ་བྱེད་༣༧ བློ་བཟང་དར་རྒྱས་༣༨དང༌། །ཞེ་བོ་བློ་དར་༣༩ འཇིགས་མེད་ལྷུན་གྲུབ་༤༠དང༌། །རྒྱ་རི་བློ་གྲོས་རྒྱལ་མཚན་༤༡ རྣམ་པ་བདུན། །བརྒྱད་པར་སྐལ་བཟང་ཡེ་ཤེས་༤༢ བཀྲས་མཐོང་བ༤༣། །བསྟན་འཛིན་རྣམ་རྒྱལ་༤༤རྗེ་བཙུན་པདྨ་གསུམ། །བཀའ་ཤག་དགུ་པར་རྒྱལ་ལོ་དོན་གྲུབ་༤༥ དང༌། །བསྟན་འཛིན་རྣམ་རྒྱལ་༤༦སྐལ་བཟང་ཡེ་ཤེས་༤༧ དང༌། །རྗེ་བཙུན་པདྨ་༤༨བཀྲ་ཤིས་དབང་འདུད་༤༩ ལྔ། །བཅུ་པར་རྒྱལ་ལོ་དོན་གྲུབ་༥༠བསྟན་རྣམ་༥༡ དང༌། །སྐལ་བཟང་ཡེ་ཤེས་༥༢རྗེ་བཙུན་པདྨ་༥༣ དང༌། །བཀྲ་ ཤིས་དབང་འདུད་༥༤རིན་ཆེན་མཁའ་འགྲོ་༥༥ མཆོག །ལྷ་མོ་ཚེ་རིང་༥༦བསོད་ནམས་སྟོབས་རྒྱལ་༥༧ དང༌། །ཟླ་བ་ཚེ་རིང་༥༨བཀའ་བློན་རྣམ་པ་དགུ། །བཀའ་ཤག་བཅུ་གཅིག་སྐལ་བཟང་ཡེ་ཤེས་༥༩ དང༌། །ཨ་ལག་ཙ་ཡུས་བསྟན་འཛིན་དཔལ་འབར་༦༠ མཆོག །བསོད་ནམས་སྟོབས་རྒྱལ་༦༡བཟོད་པ་རྒྱ་མཚོ་༦༢ དང༌། །རིན་ཆེན་མཁའ་འགྲོ་༦༣མདོ་སྔགས་བསྟན་འཛིན་༦༤ དང༌། །བཀྲ་ཤིས་དབང་འདུད་༦༥བསམ་མཁར་དབྱངས་སྐྱིད་༦༦ དང༌། །ཀིརྟིའི་སྐྱབས་མགོན་བློ་བཟང་བསྟན་འཛིན་༦༧ ཞབས། །བཀྲས་མཐོང་ཚེ་ཆོས་༦༨པདྨ་ཆོས་འབྱོར་༦༩ དང༌། །བསྟན་པ་ཚེ་རིང་༧༠བཀའ་ཤག་བཅུ་གཉིས་པར། །

མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་༧༡ དང༌། །ཐུབ་བསྟན་ལུང་རིགས་༧༢བློ་བཟང་ཉི་མ་༧༣ དང༌། །རྫ་ཡུལ་བློ་བཟང་སྙན་གྲགས་༧༤རྣམ་པ་བཞི། །བཀའ་ཤག་བཅུ་གསུམ་སྐྱབས་རྗེ་མཁས་པའི་དབང༌། །ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་༧༥ ཉིད་དང༌། །ཚེ་རིང་ཕུན་ཚོགས་༧༦ཚེ་རིང་དོན་གྲུབ་༧༧ དང༌། །ཐུབ་བསྟན་ལུང་རིགས་༧༨འབྲོང་ཆུང་དངོས་གྲུབ་༧༩ ལགས། །ཡབ་གཞིས་སྟག་ལྷའི་སྐལ་བཟང་གཡང་སྐྱིད་༨༠ དང༌། །བསྟན་པ་ཚེ་རིང་༨༡དཔལ་འབྱོར་ཚེ་རིང་༨༢ བཅས། །བཙན་འབྱོལ་བོད་གཞུང་བཀའ་བློན་རིམ་བྱོན་ནོ། །དེ་ལྟར་བཀའ་བློན་རིམ་བྱོན་བློར་འཛིན་ཏེ། །ཆོས་སྲིད་མཛད་རླབས་སོ་སོར་མཁྱེན་པར་འཚལ།། །།

བཅུ་གཅིག་པ། གཅེས་བསྡུས་ཕྱོགས་བསྒྲིགས། །བོད་ཀྱི་ཡུལ་མིང་དང༌། ས་བབས། མི་རིགས། སྐད་ཡིག ཆོས་ལུགས། བོད་དང་བོད་ཆེན་པོ་སོགས་ཀྱི་སྐོར།

༈ བོད་ཅེས་བྱ་བའི་མིང་གི་བྱུང་ཚུལ་ནི། །བོན་ལས་བོད་བྱུང་ཆོས་མིང་ཡུལ་ལ་ཆགས། །ལེགས་སྦྱར་བྷོ་ཊ་ཟུར་ཆགས་བོད་ཅེས་དང༌།།

བློ་སྟོབས་ཆེ་བས་ཕོད་ལས་བོད་ཟུར་ཆགས། །མི་ཚོགས་བྲོས་ལས་བོད་འགྱུར་ཡུལ་མིང་ཆགས། །པུ་དེ་གུང་རྒྱལ་མཚན་ལས་བོད་འགྱུར་ཏེ། །རྒྱལ་པོའི་མིང་དེ་ཡུལ་ལ་ཐོགས་ཚུལ་གྲགས། །གངས་ཅན་ལྗོངས་སོགས་ས་བབས་མངོན་བརྗོད་མིང༌།།

༈ བོད་ནི་རྒྱ་བལ་འབྲས་འབྲུག་བྷར་མའི་བྱང༌། །ཨབ་གྷན་པ་ཀི་སི་ཐན་གཉིས་ཀྱི་ཤར། །ཤིན་ཅང་ཧོར་སོག་ལྷོ་དང་རྒྱ་ནག་གི །ནུབ་ཀྱི་ཕྱོགས་སུ་རང་བཙན་གཙང་མར་གནས། །ཟལ་མོ་སྒང་ཞེས་ས་ཆའི་མཐོ་ཚད་ནི། །ཇོ་མོ་གླང་མ་འཛམ་གླིང་ཡང་རྩེར་འབོད། །མཐོ་ཚད་ཕི་ཊི་ཉིས་ཁྲི་དགུ་སྟོང་ལྷག །དམའ་བ་ཞི་སྟོང་མན་ལའང་མི་སྡེ་གནས། །འཛམ་གླིང་ས་ཁྲའི་ནང་གི་གཞུང་ཐིག་གི །དོན་བརྒྱད་ནས་བཟུང་བརྒྱ་མེད་གསུམ་བར་དང༌། །ཕྲེད་ཐིག་ཉེར་བདུན་ནས་བཟུང་སོ་བདུན་བར། །ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ། །འབུམ་ཕྲག་བཅུ་བཞི་བོད་མི་ས་ཡ་དྲུག །གསེར་དངུལ་ཟངས་ལྕགས་གཡུ་བྱུར་གཏེར་ཁ་མང༌། །གྲོ་ནས་སྲན་སོགས་འབྲུ་རིགས་སྐྱེ་འཕེལ་བཟང༌། །ཤིང་སྣ་མང་ཞིང་རྩྭ་ཐང་རྒྱ་ཁྱོན་ཆེ། །རི་ཆུ་མཚོ་གསུམ་གྲགས་ཅན་བྱུར་བུར་གཏམས། །གངས་དཀར་ཏི་སི་གངས་དཀར་ཤ་མེད་དང༌། །ཇོ་མོ་གླང་མ་ཇོ་མོ་ལྷ་རི་དང༌། །གཉན་ཆེན་ཐང་ལྷ་ཡར་ལྷ་ཤམ་པོ་དང༌། །མི་ཉག་གངས་དཀར་ཁ་བ་དཀར་པོ་དང༌། །རྨ་ཆེན་སྤོམ་ར་རྨེ་རུ་གངས་དཀར་དང༌། །རོང་བཙན་ཁ་བ་དཀར་པོ་ཙ་རི་ཏྲ། །གངས་དཀར་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པ། །གྲགས་ཅན་གངས་རིས་ཡོངས་སུ་བསྐོར་བ་ན། །ཁ་བ་ཅན་དང་གངས་ལྗོངས་སོགས་སུ་འབོད། །ཡར་ལུང་གཙང་པོའི་ཆུ་མགོ་རྟ་མཆོག་༡ དང༌། །གངྒྭའི་ཆུ་མགོ་རྨ་བྱ་ཁ་འབབ་༢དང༌། །སིན་དྷུའི་ཆུ་མགོ་གླང་ཆེན་ཁ་འབབ་༣ ཆུ། །སི་ཏའི་ཆུ་མགོ་སེངྒེ་ཁ་འབབ་༤ཡིན།།

འབྲི་ཆུ་རྫ་ཆུ་རྒྱལ་མོ་སྔོ་ཆུ་སོགས། །ཆུ་དང་ཆུ་ཕྲན་དྭངས་གཙང་ཤིན་ཏུ་མང༌། །བོད་ཡུལ་མཚོ་ཆེན་མ་ཕམ་གཡུ་མཚོ་༡ དང༌། །སྐྱེམས་མཚོ་༢གནམ་མཚོ་༣ཡར་འབྲོག་གཡུ་མཚོ་༤ དང༌། །ཕག་མཚོ༥སྐྱ་རེངས་མཚོ་༦དང་སྔོ་རེངས་མཚོ ༧། །དུག་མཚོ་༨སྟོང་རི་མཚོ་ནག་༩ཁྲི་ཤོར་རྒྱལ་༡༠། །ལ་སོགས་གྲགས་ཅན་མཚོ་ཡིས་བྱུར་བུར་གཏམས།།

༈ ཆོལ་གསུམ་སོ་སོའི་མི་ཡི་གཟུགས་དབྱིབས་ནི། །ཅུང་ཟད་མི་འདྲ་མི་རིགས་དབྱེ་མི་ནུས། །བོད་ཀྱི་མི་རིགས་གཞན་དང་མ་འདྲེས་པའི།།མི་རིགས་ཁྱད་པར་བ་ཞིག་ཡིན་ན་ཡང༌། །ནུབ་ཕྱོགས་པ་ཡི་སོག་པོའི་རིགས་སུ་བརྩི། །མ་ནི་བཀའ་འབུམ་བཀའ་ཆེམས་དེབ་སྔོན་ནང༌། །བོད་མི་སྤྲེའུ་བྲག་སྲིན་གཉིས་པོ་ལས། །བྱུང་བར་བཤད་ཅིང་ཤེས་རབ་གོ་ཆ་ཡིས། །རྒྱལ་པོ་རུ་པ་ཏི་ཡི་རྒྱུད་ཡིན་ཟེར། །བོད་སར་དངོས་རྫས་བསྔོག་འདོན་ལ་སོགས་པའི། །ཚན་རིག་པས་ཀྱང་བོད་ས་རང་ཉིད་ནས། །བྱུང་བར་བཤད་ཅིང་རྡོ་དུས་གསར་རྙིང་སྐབས། །མི་སྡེ་ཡོད་པའི་རྟགས་མཚན་འགའ་ཞིག་ཡོད།།

བོད་ཀྱི་ཐོག་མའི་མིའུ་གདུང་དྲུག་ནི། །སེ་རྨུ་ལྡོང་སྟོང་ནང་གི་རིགས་ཆེན་བཞི༑ ༑དབྲ་དང་འབྲུ་གཉིས་ཕྱི་ཡི་རིགས་ཡིན་ཏེ། །དེ་དག་རྣམས་ལ་མིའུ་གདུང་དྲུག་གྲགས། །བོད་མི་བུ་གདུང་དྲུག་ཏུ་གྲགས་པ་ནི། །འབྲི་གུང་སྐྱ་རའི་གདུང་དང་སྟག་ལུང་ནི། །ག་ཟིའི་གདུང་དང་ས་སྐྱ་འཁོན་གྱི་གདུང༌།། ཆོས་རྒྱལ་བྱའི་གདུང་འོད་གསལ་ལྷ་ཡི་གདུང༌། །སྣེ་གདོང་གོང་མ་ལྷ་ཡི་གདུང་དང་དྲུག།

༈ བོད་སྐད་ཡུལ་ལུང་གཞན་ནས་མ་བྱུང་ཞིང༌། །ལྟོས་མེད་རང་མཚན་ཡིན་ཡང་ནུབ་ཕྱོགས་པས། །བོད་དང་བྷར་མའི་སྐད་ཅེས་སྐད་རིགས་ཀྱི༑ ༑ཚན་རིག་པ་ཡིས་བཤད་ཀྱང་བརྟག་དགོས་སྙམ། །སྲོང་བཙན་སྐབས་སུ་སློབ་དཔོན་ཐོན་མི་ཡིས། །གུཏཔའི་ཡི་གེ་དཔེར་བྱས་བོད་ཡིག་བཟོས། །ལུང་སྟོན་རྣམ་གཞག་དག་ཀྱང་ལེགས་སྦྱར་དང༌། །མཐུན་པར་སྦྱར་ཞིང་སྔོན་དུས་སྲོང་བཙན་གོང༌། །བོད་ཀྱི་ཡུལ་དུ་ཞང་ཞུང་དམར་ཡིག་ཅེས། །ཡོད་པར་འདོད་དང་གཏན་ནས་མེད་པ་ཡི། །བཞེད་སྲོལ་གཉིས་ལས་ཕྱི་མ་ཡོངས་གྲགས་ཆེ༑ ༑བོད་ཀྱི་སྐད་ཡིག་ཁྱབ་པའི་ས་ཁུལ་ནི། །ལྷོ་འབྲུག་འབྲས་ལྗོངས་ལ་དྭགས་མོན་པ་དང༌། །ཤར་པ་རྟ་མང་ལ་སོགས་རྒྱལ་ཕྲན་མང༌།།

༈ ཆོས་འབྱུང་ལྟར་ན་གདོད་མའི་བོད་ཀྱི་ཆོས། །བོན་པོ་ཡིན་ཀྱང་རྒྱལ་རབས་ལོ་རྒྱུས་ནང༌། །ཐོ་རི་གཉན་བཙན་དགུང་ལོ་དྲུག་ཅུའི་སྐབས།།བཞི་བརྒྱ་སོ་གསུམ་ལོ་ལ་ཕྱག་རྒྱ་ དྲུག །འབྱོར་བས་རྒྱལ་བསྟན་ཐོག་མར་དབུ་བརྙེས་ཏེ། །ཐེག་ཆེན་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི། །བསྟན་པ་རིན་ཆེན་གངས་ཅན་ལྗོངས་སུ་དར། །དུས་ཕྱིས་ཁ་ཆེ་ཉུང་ཤས་ཡི་ཤུ་ནི།།ཤིན་ཏུ་ཉུང་ཟད་ཅིག་ཀྱང་རིམ་བཞིན་དར། །འགྲོ་བའི་ཁམས་དང་བསམ་པ་སྣ་ཚོགས་པས། །དེ་མིན་ཆོས་ལུགས་གཞན་ཡང་མེད་དམ་སྙམ།།

༈ བོད་དང་བོད་ཆེན་གཉིས་ལས་སྔ་དུས་སུ། །རྒྱལ་པོའི་མངའ་རིས་ཙམ་ལ་བོད་ཅེས་དང༌། །ལྷག་མའི་ཡུལ་ལ་བོད་ཆེན་གྲགས་ན་ཡང༌།།ལ་ལས་དབུས་གཙང་གཉིས་ལ་བོད་དང་ནི། །མདོ་ཁམས་ཡུལ་ལ་བོད་ཆེན་ཡིན་ཞེས་ཟེར། །འབྲོམ་སྟོན་རྒྱལ་བས་ཨ་ཏི་ཤ་ཉིད་ལ། །བོད་ཆེན་ཁམས་སུ་བསམ་ཡས་གཙུག་ལག་དང༌། །དགེ་འདུན་དཔག་མེད་བཞུགས་པའི་གནས་མཆོག་ཏུ། །ཕེབས་པར་ཞུ་བ་ཕུལ་ཚུལ་ཇོ་བོ་རྗེའི། །རྣམ་ཐར་ནང་དུ་གསལ་བར་འཁོད་ལ་གཟིགས། །བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་དུ།།

སྤྲེའུ་བྲག་སྲིན་གཉིས་ལས་མཆེད་པ་ཡི། །ཕ་རིགས་རྣམས་ཀྱིས་བཟུང་བའི་ཡུལ་ལ་བོད། །མ་རིགས་བཟུང་བའི་ཡུལ་ལ་བོད་ཆེན་ཟེར།། །།

སྣོད་བཅུད་ཆགས་ཚུལ་མངའ་མཛད་བཅུ་གཉིས་ དང༌། །རྒྱལ་ཐོག་རིམ་བྱོན་བོད་ཁམས་སིལ་བུ་འཐོར། །ས་ཕག་རིན་གཙང་དགའ་ལྡན་ཕོ་བྲང་སོགས། །རིམ་པར་བྱུང་བའི་སྡོམ་ཚིག་འདི་ཉིད་བཀོད། །དགེ་ལེགས་འཕེལ།།

བོད་ཀྱི་རྒྱལ་རབས་སྙིང་བསྡུས།

༄༅། །བོད་གངས་ཅན་ཞེས་པའི་རྒྱལ་ཁབ་ཆེན་པོ་འདི་ཉིད། ཆེས་སྔ་བའི་དུས་བོད་ཀྱི་ཡུལ་ཆ་ཤས་རྒྱ་ཆེ་བ་རྒྱ་མཚོ་ཡིན་པ་དང༌། རིམ་གྱིས་མཚོའི་རྒྱུན་སྐམ་ནས་ཡུལ་ལྗོངས་ཆགས། དེ་ནས་མིའི་འགྲོ་བ་བྱུང་ཞིང༌། དེ་ཡང་མིའི་འགྲོ་བ་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཕ་སྤྲེའུ་བྱང་ ཆུབ་སེམས་དཔའ་དང༌། མ་སྒྲོལ་མའི་རྣམ་སྤྲུལ་མ་བྲག་སྲིན་མོ་གཉིས་དུས་པ་ལས་བྱུང་བ་ཡིན་པ་རེད། གངས་ཅན་བོད་རྒྱལ་ཁབ་ཀྱི་ས་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་འབུམ་ ༢༥ ཡིན་ཞིང༌། རྒྱ་ཁྱོན་དེ་ནི་བལ་ཡུལ་གྱི་རྒྱ་ཁྱོན་ལྔ་བཅུ་ཙམ་ཞིག་ཡིན་པ་དང༌། ཁོར་ཡུག་ནི། ཤར་དུ་རྒྱ་ནག་དང༌། སོག་པོ། ནུབ་ཏུ་བལ་ཡུལ་དང༌། རྒྱ་གར། པ་ཀི་སི་ཐན། ཨབ་གྷ་ནི་སི་ཏན། བྱང་དུ་ཏུར་ཀི་སི་ཏན་ཤིང་ཅང་དང༌། ཨུ་རུ་སུ། ལྷོ་རུ་འབྲུག་དང༌། རྒྱ་གར། འབར་མ། བྷང་ལ་སྡེ་ཤི་བཅས་ཀྱི་དབུས་སུ་གནས་ཡོད། དེ་ལྟ་བུའི་རྒྱ་ཁྱོན་ཅན་གྱི་བོད་ཀྱི་རྒྱལ་ཁབ་དེར་སྟེང་ལ་རྗེ་དང༌། འོག་ལ་འབངས་ཀྱི་རྣམ་དབྱེ་དར་ཏེ་ཕྱི་ལོ་མ་བྱུང་བའི་ལོ་ ༡༢༧ གོང་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བ་ནས་བཟུང་རྒྱལ་པོ་གླང་ དར་མའི་བར་མི་ལོ་དགུ་བརྒྱ་ལྷག་གི་རིང་ཆོས་དང་སྲིད་ཀྱི་བྱུང་བ་མཐའ་ཡས་པ་ལས། འདིར་ལོ་རྒྱུས་ཀྱི་སྐབས་སོ་སོར་བོད་རྒྱལ་ཁབ་ཀྱིས་རྒྱ་ནག་དང་དཔུང་པ་མཉམ་ གཤིབས་དང་འགལ་ཟླ་གདོང་གཏུགས་ཇི་བྱས་ཀྱི་གནས་ཚུལ་གལ་ཆེན་ཁག་གཅིག་ཟུར་འདོན་ གྱིས་བོད་རང་བཙན་གྱི་ཁུངས་སྐྱེལ་ངོ་སྤྲོད་རགས་བསྡུས་ཤིག་བྱེད་ཀྱི་ཡིན།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ།

《ལྡེའུ་ཆོས་འབྱུང་》ལས། ཡུལ་སྤུ་བོའི(སྤོ་བོ)ཡུལ་ནས། སྤུ་མི་མོ་བཙན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མང་ སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་བས། འདི་མཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས། བོད་དུ་བཤུགས(སྤྱུགས)པ་ལ། དེར་བོད་ཀྱི་མི་རྗེ་འཚོལ་བ་དང་འཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་བྱས་པ། འོ་ན་ལག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ། ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པས་བཤུགས་པ་ཡིན་ཟེར། འོ་ན་ངེད་ཀྱེ་རྗེ་བཅོལ་ལོ་བྱས་ནས་གཉའ་བའི་ཁྲི་ལ་བླངས། ཞེས་པ་ལྟར། གཉའ་ཁྲི་བཙན་པོ་འདི་བོད་ཀྱི་ཡ་གྱལ་སྤུ་བོའི་ཡུལ་ཏེ་ད་ལྟ་བོད་རང་སྐྱོང་ ལྗོངས་ཀྱི་སྤོ་བོ་རྫོང་དང་ཉིང་ཁྲི་རྫོང་གི་ཁྱབ་ཁོངས་ནས་བྱོན་མ་མངོན་པར་གསལ་ ཞིང༌། ཁོང་གི་མ་ཡུམ་ནི་སྤུ་ཡུལ་གྱི་བུད་མེད་མོ་བཙན་བྱ་བ་དེ་ཡིན་པ་དང༌། 《བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག》 ལྟར་ན་ཁོང་ནི་སྤྱོ་ལོའི་སྔོན་གྱི་126ལོར་བོད་ཀྱི་བཙན་པོར་མངའ་གསོལ་བ་ཡིན་ལ་ བོད་ཀྱི་ལོ་རྒྱུས་ཐོག་གི་བོད་སྤྱི་ལ་དབང་བའི་བཙན་པོའམ་རྒྱལ་པོ་དང་པོ་ཡིན། ཁོང་གི་མཛད་རྗེས་མདོ་ཙམ་བརྗོད་ན། ཁོང་གིས་སྐབས་དེའི་མཐའ་འཁོར་དུ་གནས་པའི་མཆིམས་ཡུལ་དང་གནུབས་ཡུལ་སོགས་རྒྱལ་ ཕྲན་རྣམས་ཕམ་པར་མཛད་དེ་དེ་དག་རང་གི་མངའ་ཁོངས་སུ་བསྡུས་ཤིང༌། སྤུ་རྒྱལ་བོད་ཅེས་པའི་རྒྱལ་ཕྲན་དེ་ཐོག་མར་བཙུགས་ནས་མངའ་ཁོངས་རྒྱ་བསྐྱེད། ཕོ་བྲང་ཡུམ་བུ་བླ་སྒང་དང་གནས་མཁར་གཡུང་དྲུང་ལྷ་རྩེ་སོགས་བཞེངས། ཕྱི་བློན་དང་ནང་བློན་བསྐོས་ཏེ་ཆབ་སྲིད་ཀྱི་འཕྲིན་ལས་གལ་ཆེན་རྣམས་མོལ་བསྡུར་ ཐག་གཅོད་མཛད་པ་དང༌། ནང་གི་སྐུ་སྲུང་དང་ཕྱིའི་སོ་ཁ་སྲུང་བའི་དམག་དཔུང་གི་སྒྲིག་གཞི་བཙུགས་པས་ རྒྱལ་སྲིད་སྲ་བརྟན་དུ་མཛད། བཟང་པོ་ལ་བྱ་དགའ་དང་ངན་པ་ལ་ཆད་གཅོད་མཛད་པས་ལེགས་ཉེས་བླང་དོར་གྱི་ཁྲིམས་ ལུགས་གཏན་ལ་ཕབ། ཁོང་གི་སྐུ་རིང་ལ་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་ཏེ། འགྲོ་ཤེས་གླུད་གཏོང་དང༌། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བྱད། ཕན་ཤེས་སྨན། ལྷོ་ཤེས་རྩིས་མཁན། སྨྲ་མཁན་གཏོ་དགུ། ལྡིང་ཤེས་ཤ་བོ། འཕུར་ཤེས་ཇུ་ཐིགའགྲོ་ཤེས་འཕྲུལ་བོན་རྣམས་ཤིན་ཏུ་དར་ཆེ་བ་བྱུང་ངོ༌། ཞེས་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》 དང་《རྒྱལ་རབས་བོན་གྱི་འབྱུང་གནས་》སོགས་ལྟར་བཀོད་པ་ཡིན་ནོ། དེའི་ཕྱིར་སྐབས་དེར་བོད་ཀྱི་གདོད་མའི་ཤེས་རིག་སྟེ་བོན་གྱི་ཤེས་རིག་ཕུན་སུམ་ ཚོགས་པ་ཞིག་དར་རྒྱས་བྱུང་བས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ ཆེན་པོ་ཐོན་པ་བཅས་ཀྱི་མཛད་རྗེས་མང་དུ་མཆིས་ནའང་འདིར་གལ་ཆེ་བ་རེ་གཉིས་ཀྱིས་ ཆོག་པར་བྱས་སོ།།ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས།

༈ དེ་ཡང་ཡེ་ཤུའི་འདས་ལོ་དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་ རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་ཡི་གེ་དང༌། དམ་པའི་ཆོས་ཀྱི་སྲོལ་བཏོད། གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏཱ་ལ་དང༌། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང༌། རྭ་མོ་ཆེ་གཙུག་ལག་ཁང༌། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་གསར་དུ་བཞེངས། དེ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཤར་ཕྱོགས་རྒྱ་ནག་རྒྱལ་པོའི་སྲས་མོ་དཔུང་ སྟོབས་ཀྱིས་སློང་པ་རྒྱ་རྒྱལ་ཐང་ཐའི་ཙུང་ནས་སྲས་མོ་ཝན་ཤིང་ཀོང་ཇོ་བོད་རྗེའི་ བཙུན་མོར་མི་འབུལ་མཐུ་མེད་བྱུང༌། དུས་རབས་དེའི་སྐབས་བོད་རྒྱ་ཕན་ཚུན་འདྲ་མཉམ་བྱུང་འདུག དེ་བཞིན་བལ་ཡུལ་རྒྱལ་པོ་ཨམ་ཤ་ཝར་མ་ཞེས་པའང་བོད་ཀྱི་རྒྱལ་པོའི་སྟོབས་ཤུགས་ལ་ འཇིགས་ཏེ་ཁོང་རང་གི་སྲས་མོ་བལ་བཟའ་ཁྲི་བཙུན་ནམ་སྦི་རི་ཀུ་ཀྲི་ཡང་བོད་ཀྱི་ རྒྱལ་པོའི་བཙུན་མོར་ཕུལ་ཡོད་པ་རེད། དེ་མཚུངས་འབར་མ་སྟོད་ཀྱི་ས་ཆ་དང༌། བལ་ཡུལ་ཡང་བོད་ཀྱི་ཆབ་འོག་ཏུ་བཅུག་ཡོད་པ་དེའི་རྟགས་སུ་བལ་པོའི་མི་རིགས་ཀྱི་ ནང་བླ་མ་དང༌། ཤར་པ་སོགས་ཡོད་པ་དེ་ཚོ་བོད་པའི་མི་རྒྱུད་ཡིན་པ་གླེང་བ་མ་ཟད། བལ་ཡུལ་རྒྱལ་པོ་ན་རན་ཌར་དེ་ཝས་(Newari King Narendra Deva)བཙུགས་པའི་ཤི་ལ་དེ་ཝའི་(Shila Deva)རྡོ་རིང་ནང་བོད་ལ་ལོ་དུས་ཀྱི་ཁྲལ་ཕུལ་བའི་ལོ་རྒྱུས་ཀྱང་གསལ་ཡོད། དཔེར་ན། ཆོས་རྒྱལ་འདིའི་སྐབས་བལ་ཡུལ་དང༌། རྒྱ་གར་བྱང་བརྒྱུད་ཀྱི་སྣོད་བཅུད་མང་པོདབང་དུ་བསྡུས་ཏེ་ས་མཚམས་ཀྱང་ཆུ་མོ་ གངྒ་བར་ཡིན་པར་གྲགས། སྐབས་དེར་བོད་ཀྱི་རྟ་དམག་མང་པོ་ས་མཚམས་བསྲུངས་བསྡད་ཀྱིས་རིམ་པས་གཞིས་ཆགས། དེ་ཡང་སྐད་ཟུར་ཆག་གིས་དེང་དུས་རྟ་མང་ཞེས་པའི་བལ་པོའི་མི་ཁོངས་དེ་ཚོའི་གོམས་ སྲོལ་དང་ལོ་རྒྱུས་ཐོག་ནས་ར་སྤྲོད་གསལ་པོ་ཐུབ་ཀྱི་ཡོད།

ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་སྐབས།

༈ རྒྱལ་རབས་སོ་དྲུག་པ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་སྲས་འཇང་ཚ་ལྷ་ དབོན་ལའང་རྒྱ་ནག་རྒྱལ་པོའི་སྲས་མོ་ཀེམ་ཤིང་ཀོང་ཇོ་སློང་བར་བཏང་བ་བོད་ཀྱི་ རྒྱལ་པོའི་དབང་ཤུགས་ལ་མ་བཟོད་པར་མི་འདོད་བཞིན་དུ་སྲས་མོ་སྟེར་དགོས་བྱུང་ ཡོད་པ་རེད། འོན་ཀྱང་སྲས་འཇང་ཚ་ལྷ་དབོན་གློ་བུར་དུ་གཤེགས་པས་ཀོང་ཇོ་ཡབ་ཀྱིས་ཁབ་ཏུ་བཞེས། ནམ་ཞིག་བཙུན་མོ་ནང་ཁུལ་མ་མཐུན་པར་བརྟེན་ཀོང་ཇོ་ཡང་ཡང་བྲོས་གྲབས་བྱས་པར་རྒྱ་ རྒྱལ་གྱིས་མཁྱེན་ཏེ། གལ་སྲིད་བུ་མོ་བྲོས་ཡོང་བ་ཡིན་ན་རྒྱ་བོད་དབར་དམག་འཁྲུག་ཡོང་ངེས་སྙམ་པའི་ བློ་འཚབ་ཤིན་ཏུ་ཆེ་བའི་ངང་ནས་བོད་དུ་དམིགས་བསལ་བང་ཆེན་བཏང་སྟེ། ང་དང༌། ངའི་ལུང་པའི་དོན་དུ་བུ་མོ་ཁྱོད་བོད་ལ་སྡོད་རོགས་ཞེས་ཕྱག་བྲིས་ནན་པོ་བཏང་ དགོས་བྱུང་འདུག།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས།

༈ རྒྱལ་རབས་སོ་བདུན་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་བསམ་ཡས་མི་འགྱུར་ ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བོད་ནང་རབ་བྱུང་གི་སྡེ་བཙུགས། བོད་རྒྱལ་ཁབ་ཀྱི་མངའ་ཐང་དར་བའི་རྩེ་མོར་སོན་ཏེ་ཆབ་སྲིད་ཀྱི་སྟོབས་ཤུགས་ཕལ་ ཆེར་ཤར་གླིང་ཁྱོན་ཡོངས་ལ་ཁྱབ་ཅིང༌། རྒྱལ་པོ་དེའི་དུས་ཤར་རྒྱ་ནག་ཅཱ་རྔན་གྱི་ཕོ་བྲང་ཀེང་ཤིར་དབང་བསྒྱུར་གནང་བ་ དང༌། རྒྱ་ནག་ནས་བོད་ལ་ལོ་ལྟར་དཔྱ་ཁྲལ་གོས་ཡུག་ཁྱོན་ཆེ་འབུལ་རྒྱུའི་ཁས་ལེན་ཞུས་པ་ སོགས་ཀྱི་སྐོར་བོད་ཀྱི་དམག་དཔོན་རྟ་ར་ཀླུ་གོང་གི་བྱས་རྗེས་སུ་ལྷ་ལྡན་རྩེ་ ཕོ་བྲང་ཆེན་པོའི་མདུན་ཞོལ་རྡོ་རིངཕྱི་མར་བརྗོད་ཚིག་ཁ་གསལ་འཁོད་པ་དུས་ད་ ལྟའི་བར་ཡོད་མུས་རེད། དེ་འབྲེལ་བོད་དམག་གིས་ཨ་རབ་ཡུལ་གྱི་ཨོག་སོ་ གཙང་པོ་ཡང་བརྒལ་བའི་སྔ་རྟགས་སུ། ཨོག་སོ་གཙང་པོའི་(Oxus River)བྱང་ངོས་ཨ་རབ་ཡུལ་སྐད་ཨལ་ཏུ་སྦག་(Al-Tubbat)ཅེས་མིང་ཐོགས་པའི་མཚོ་ ཞིག་ཡོད་འདུག ཨལ་ཏུ་སྦག་ཅེས་པའི་དོན་ནི་བོད་ཀྱི་མཚོ་ཆུང་ཟེར། དེ་མཚུངས་ཐའི་ལན་ཌ་ (Thailand-Siam)ལ་རྒྱ་ནག་ནས་ཡང་ཡང་བསུན་གཙེར་བྱུང་བའི་རྐྱེན་གྱིས་ཐའི་ལན་ ཌའི་རྒྱལ་པོ་ཀོ་ལོ་ཕིང་ (Kolo Feng) ཞེས་པས་བོད་ཀྱི་རྒྱལ་པོར་སྐྱབས་བཅོལ་ཞུས་ནས། བོད་དང་ཐའི་ལན་ཌ་དབར་དྲག་པོའི་མཐུན་ཕྱོགས་བཟོས་རྗེས་སླར་ཡང་རྒྱ་མིས་བཙན་ འཛུལ་བྱས་པར་ཚ་བ་རོང་ཡུལ་ཆུའི་བརྒྱུད་བོད་དམག་བཏང་སྟེ་རྒྱ་དམག་རྣམས་མཐར་ སྐྲོད་བཏང༌། དེ་རྗེས་ཐའི་ལན་ཌའི་རྒྱལ་པོ་ཀོ་ལོ་ཕིང་གི་རྗེས་འཛིན་ཨེ་མོ་ཤུན་( Imo Shun) གྱིསྐབས་བོད་རྒྱལ་ལ་དམག་རོགས་གནང་དགོས་ཞུས་དོན་ཐའི་ལན་ཌ་དང༌། བོད་དམག་མཉམ་སྦྲེལ་གྱིས་ཕར་རྒོལ་བྱས། བོད་དམག་རྣམས་ཐའི་ལན་ཌར་ལོ་བརྒྱད་བསྡད་དེ་མཐར་རྒྱ་ནག་དང་ཐའི་ལན་ཌ་དབར་ཞི་ བའི་མཐུན་འགྲིག་བྱུང་བ་དང་བོད་དམག་རྣམས་ཕྱིར་ལོག་བྱས་འདུག ། །ཆོས་རྒྱལ་མངའ་བདག་ཁྲི་རལ་པ་ཅན་གྱི་དུས་སྐབས།

༈ རྒྱལ་རབས་བཞི་བཅུ་པ་མངའ་བདག་ཁྲི་རལ་གྱི་སྐབས་སུ་རྒྱ་བོད་གཉིས་མ་མཐུན་པར་ དྲག་པོའི་དམག་གིས་རྒྱའི་ཡུལ་ཁམས་མང་པོ་བཅོམ། དེར་རྒྱའི་ཧཱ་ཤང་དང་བོད་ཀྱི་ལོ་པཎ་མང་པོས་བར་བཞུགས་གནང་སྟེ། རྒྱ་བོད་གཉིས་ཕན་ཚུལ་ས་མཚམས་ལས་བརྒལ་ནས་དམག་འཐབ་མི་བྱེད་པའི་ཡི་གེ་རྡོ་རིང་ ལ་བརྐོས་ཏེ་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དང༌། རྒྱའི་རྒྱལ་ས་ཁྲང་ཨན། གཅིག་བོད་རྒྱའི་ས་མཚམས་གུར་གུ་རྨེ་རུར་བཙུགས་ཏེ་རྒྱ་བོད་མཐུན་ལམ་ལ་གནས། དེ་ཡང་རྡོ་རིང་དེར། བོད་རྒྱ་གཉིས། ད་ལྟར་དུ་མངའ་བའི་ཡུལ་དང་མཚམས་སྲུངཞིང༌། དེའི་ཤར་ཕྱོགས་ཐམས་ཅད་ནི་རྒྱ་ཆེན་པོའི་ཡུལ། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། སོགས་བོད་ཡིག་དང་རྒྱ་ཡིག་ཤན་སྦྱར་གཟོང་གིས་བརྐོས་ཡོད་པ་རེད། ཕྱི་ལོ་ ༦༣༤ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཕོ་ཉ་རྒྱ་ནག་ཐང་རྒྱལ་པོའི་ཕོ་བྲང་དུ་ཐོག་མ་ སླེབས་ཏེ་རྒྱ་བོད་འབྲེལ་བ་དང་པོ་བྱུང་ནས་བཟུང་མངའ་བདག་ཁྲི་རལ་པ་ཅན་ཞལ་ བཞུགས་སྐབས་ཀྱི་ཕྱི་ལོ་ ༨༣༢ བར་ལོ་ ༡༨༩ རིང་དམག་ཐབ་རིམ་པ་མང་པོ་བྱུང་བ་མ་ཟད། རྒྱ་བོད་ཀྱིས་མཚམས་དབྱེ་བཅད་མནའ་བཞག་ཀྱང་སྔ་རྗེས་ཐེངས་བཞི་ཙམ་བྱས་ཡོད་པ་ རེད།

བོད་སིལ་བུའི་སྐབས།

༈ གླང་དར་གྱི་སྲས་ངོ་འདྲ་གཉིས་བྱུང་བ་བཙུན་མོ་གཉིས་དང༌། ཕྱོགས་གཏོགས་བཅས་པ་མངའ་རིས་ལ་མ་འཆམས་པར་འཁོན་རྩོད་བྱུང་སྟེཕྱི་ལོ་ ༩༠༠ ཙམ་ནས་མི་ལོ་ ༣༤༧ ཙམ་རིང་བོད་ཡུལ་མདོ་སྟོད་སྨད་དང༌། དབུས་གཙང་བཅས་པ་སིལ་བུར་འཐོར་ཏེ་བོད་ཁམས་ཉམས་རྒྱུད་ཇེ་ཆེར་གྱུར་སྐབས། ཕྱིའི་རྒྱལ་ཁམས་རྣམས་ནས་བོད་ཀྱི་སྟོབས་ཤུགས་ཉམས་པའི་གོ་སྐབས་བཟུང་སྟེ་བོད་ སྡེར་རྩོད་འཐེན་མུ་མཐུད་བྱས་པས་བོད་ཀྱི་ས་སྡེ་དང༌། ཆབ་སྲིད་ཀྱི་སྟོབས་ཤུགས་ཉམས་ཉེས་ཅི་ཆེར་གྱུར། ཕྱི་ལོ་ ༡༢༦༠ ལོར་སོག་པོའི་གོང་མ་སེ་ཆེན་གྱི་རྒྱབ་སྐྱོར་ལ་བརྟེན་ནས། ས་སྐྱའི་ཁྲི་རབས་ཉི་ཤུས་ལོ་ ༩༦ རིང་བོད་སྤྱི་ལ་དབང་བསྒྱུར་ཞིང༌། དེ་རྗེས་ཕག་མོ་གྲུབ་པ་ཁྲི་རབས་བཅུ་གཅིག་གིས་ལོ་ ༨༦དང༌། རིན་སྤུངས་པ་ཁྲི་རབས་བཞི་ནས་ལོ་ ༡༣༠ དང༌། སྡེ་པ་གཙང་པའི་ཁྲི་རབས་གསུམ་གྱིས་ལོ་ ༧༦ བཅས་རིང་སོ་སོས་བོད་ཀྱི་དབངཆརིམ་བཞིན་བཟུང་སྟེ་མི་ལོ་ ༣༨༨ ཙམ་སོང་བའི་རིང༌། མདོ་སྟོད་སྨད་ཀྱི་ས་ཁུལ་འགའ་ཞིག་ལ་ས་ཁད་ཐག་རིང་ལམ་འགྲུལ་ཡུན་གོར་སོགས་ཀྱི་ རྒྱུ་རྐྱེན་ལས་བོད་གཞུང་ནས་ཐད་ཀར་ལྟ་རྟོགས་མ་ཐུབ་པའི་ས་གནས་འགའ་ཤས་ལ་རྒྱལ་ ཕྲན་དཔོན་འགོ་ཁག་ནས་རང་རང་གི་ས་སྡེ་འོས་འཚམས་རེ་བསྐྱངས་ཏེ་གནས་པ་རེད། གལ་ཏེ་བོད་རྒྱ་མིའི་ཆ་ཤས་ཤིག་ཡིན་པ་ཡིན་ན། མི་ལོ་མང་པོ་འདི་ཙམ་རིང་རྒྱ་མིས་བོད་ལ་ཐ་ན་ལྟ་སྐྱོང་ཙམ་ཡང་མི་བྱེད་པའི་ རྒྱུ་མཚན་གང་ཡིན་ནམ། གཞི་རྩ་སོག་པོ་དང༌། རྒྱ་ནག བོད་བཅས་རྒྱལ་ཁབ་སོ་སོ་ཡིན་རུང༌། ཧོར་ཇིང་གིར་སེ་ཁཱང་(Genghis Khan)གི་སྐབས་ནས་རྒྱ་ནག་སོག་པོའི་འོག་ཏུ་སོང་བ་མ་ཟད། དེ་རྗེས་བོད་དུའང་སོག་པོའི་ནུས་ཤུགས་ཟུར་ཙམ་བྱུངབ་རེད། འོན་ཀྱང་ ༡༢༥༣ ལོར་བོད་ཀྱི་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་རིགས་ཀྱི་གོང་མ་དང་པོ་ཀུབ་ལི་ ཁཱང་ (Kublai Khan)སེ་ཆེན་ནས་སོག་ཡུལ་དུ་གདན་འདྲེན་ཞུས་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པས་ སོག་རྒྱལ་དང་ཞིབ་མོལ་གྱིས་ཀུབ་ལི་ཁཱང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ ཆོལ་གསུམ་གྱི་བདག་དབང་ཕུལ་བ་ནས་སྔར་བོད་རྗེ་གོང་མ་ཚོའི་སྐབས་ཀྱི་ཁྱབ་ཁོངས་ བོད་ལྗོངས་ཆོལ་ཁ་གསུམ་ཡོངས་རྫོགས་མངའ་དབང་དུ་བསྒྱུར་བའི་བོད་རྒྱལ་ཁབ་རང་ བཙན་གཙང་མར་འཛིན་ཏེ་བོད་སོག་རྒྱལ་ཁབ་ཕན་ཚུན་མཆོད་ཡོན་གྱི་འབྲེལ་ལམ་བྱུང་བ་ ཞིག་ལས་བོད་སོག་པོའི་འོག་དང༌། ཆ་ཤས་ཙམ་ཡང་མ་ཡིན། ཇིང་གིར་སེ་ཁཱང་གི་རྒྱུད་པ་ཀུབ་ལི་ཁཱང་ནས་བརྩིས་པའི་མི་ཐོག་བཅོ་ལྔའི་རིང་ རྒྱ་ནག་ཡོངས་སོག་པོས་དབང་བསྒྱུར་བྱས་ཡོད་པ་རེད། རྒྱ་ནག་ནི་ ༡༣༦༨ ལོར་ཏཱ་མིང་རྒྱལ་པོས་སོག་པོའི་དབང་ཤུགས་ཕྱིར་འབུད་ཀྱིས་རྒྱ་ནག་རང་བཙན་གཞི་ ནས་ལེན་ཐུབ་པ་བྱུང་བ་རེད། དུས་དེ་ནས་བཟུང་རྒྱ་བོད་སོག་གསུམ་ཕན་ཚུན་རྒྱལ་ཁབ་སོ་སོར་རང་དབང་འཛིན་སྐྱོང་ སྤེལ་གསུམ་བྱས་ཡོད། ཏཱ་མིང་ཡུང་ལོ་རྒྱལ་པོས་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་རྒྱ་ནག་ཏུ་གདན་ ཞུའི་མི་སྣ་སྔ་རྗེས་བཏང་བར་ཐོག་མར་མཇལ་ཁ་མ་གནང༌། རྗེས་སུ་རྒྱ་ཡུལ་དུ་འབྱོན་རྒྱུ་དགག་ཆ་ཆེ་ལ་དགོས་པ་ཆུང་བའི་རྒྱུ་མཚན་དང་བཅས་ ཞལ་བཞེས་མ་མཛད་པར་སྐུ་ཚབ་ཏུ་རྗེའི་སློབ་མ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ གཏོང་གནང་མཛད་པ་ཕྱི་ལོ་ ༡༤༠༡ ལོར་རྒྱ་ཡུལ་དུ་བྱོན། དེ་བཞིན་རྒྱ་ནག་ཏཱ་མིང་ཡུང་ལོ་ནས་ཕག་གྲུ་གྲགས་པ་རྒྱལ་མཚན་རྒྱ་ནག་ཏུ་གདན་ཞུ་ ཕུལ་ཡང་ཞལ་བཞེས་གནང་མེད་པ་དེས་སྐབས་དེར་བོད་ཐོག་རྒྱ་ནག་གོང་མའི་དབང་ཆ་མེད་ པ་བསྟན་པ་རེད།

རྒྱལ་མཆོག་སྐུ་འཕྲེང་ལྔ་པ་ཆེན་པོའི་དུས་སྐབས།

༈ ཕྱི་ལོ་ ༡༦༤༢ ལོར་རྒྱལ་དབང་ལྔ་པ་ཆེན་པོས་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ་བོད་གཞུང་ དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་གཞུང་དབུ་བརྙེས། ལོ་དེར་མན་ཇུའི་རྒྱལ་པོ་དང་པོ་ཤུན་རྩེ་ནས་ྋགོང་ས་ལྔ་པ་ཆེན་པོ་རྒྱ་ནག་ལ་གདན་ ཞུས་སྐབས་རྒྱལ་ཁབ་གཞན་གྱི་རྒྱལ་པོ་གདན་འདྲེན་ཞུས་པ་ལྟར་གུས་བཀུར་བརྩི་མཐོང་ དང་བཞུགས་སྒྲིག་ཞུས་ཡོད། དེ་ལྟར་རྒྱལ་ཁབ་འདྲ་མཉམ་གྱི་རྣམ་པའི་ཐོག་བླ་སློབ་མཆོད་ཡོན་གྱི་བརྩི་ཐོང་ སྲིད་ན་མ་གྲགས་པའི་བསྟི་བསྟང་ཆེན་པོ་ཞུས་འདུག སྐབས་དེར་གོང་མ་ཤུན་རྩེ་ནས་ྋརྒྱལ་མཆོག་ལྔ་པ་ཆེན་པོར་མཚན་གསོལ་འཇའ་ས་གསེར་ ཐམ་ཕུལ་བ་དེའི་ཁ་རིས་བརྗོད་ཚིག་ཏུ་ནུབ་ཕྱོགས་དགེ་བའི་ཞིང་གི་ྋརྒྱལ་དབང་ས་ སྟེང་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མའི་ཐམ་ཀ་ཞེས་ འཁོད་པའི་བརྗོད་དོན་ནས་བོད་རྒྱ་ཁོངས་མིན་པ་གསལ་པོ་རྟོགས་ཐུབ། དེ་བཞིན་ྋགོང་ས་སྐུ་ཕྲེང་ལྔ་པ་ཆེན་པོས་རྒྱ་ནག་ཅིན་རྒྱལ་པོར་མཉ་ཤྲི་ཞེས་ཆེ་ བརྗོད་ཀྱི་མཚན་གནས་གནང་བ་དེ་ནས་བཟུང་དེ་སྔ་ཏཱ་ཅིང་ཞེས་འབོད་པའི་མིང་དེ་ བསྒྱུར་ནས་མན་ཇུ་གོང་མ་ཞེས་པའི་མིང་དེ་ཆགས་ཡོད། དེ་ལྟར་ཕན་ཚུན་ཆེ་བསྟོད་གུས་བཀུར་མཚོན་བྱེད་དུ་མཚན་གནས་འབུལ་རེས་གནང་བ་ཙམ་ གྱིས་གཅིག་ཁོངས་གཅིག་གཏོགས་ཡིན་པ་ཁྱབ་ཀྱི་མེད། དེ་ཡང་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཐོག་རིམ་པས་དབང་བསྒྱུར་གནང་བ་ནས་དུས་རབས་བཅུ་ དགུ་པ་ཙམ་བར་ྋགོང་ས་ཏཱ་ལའི་བླ་མ་དང༌། རྒྱ་ནག་གོང་མའི་དབར་འབྲེལ་བ་བྱུང་ཞིང༌། དེ་ནི་ཕྱོགས་གཅིག་ནས་ཆོས་དང༌། གཉིས་ནས་སྲིད་ཀྱི་འགོ་འཁྲིད་དབར་གྱི་འབྲེལ་བ་ཞིག་རེད།

རྒྱལ་མཆོག་སྐུ་འཕྲེང་བདུན་པའི་དུས་སྐབས།

༈རྒྱལ་མཆོག་སྐུ་འཕྲེང་ལྔ་པ་ནས་བཟུངས་ རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང༌། རྒྱལ་ཚབ་རིམ་པས་བོད་ཀྱི་ཆབ་སྲིད་བསྐྱངས། རྒྱལ་མཆོགསྐུ་འཕྲེང་དྲུག་པའི་སྐུ་ཚེའི་སྨད་དང༌། རྒྱལ་མཆོག་སྐུ་འཕྲེང་བདུན་པའི་སྐབས་བོད་ཀྱི་འགན་དབང་འཛིན་པའི་དཔོན་རིགས་ནང་ ཁུལ་འཁྲུག་རྩོད་ཀྱི་རྐྱེན་པས་རྒྱལ་མཆོག་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་ སྐུ་དུས་སུ་བོད་ཀྱི་རྒྱལ་སར་ྋརྒྱལ་བའི་སྐུ་སྲུང་ལ་ཁག་བཏགས་ཏེ་མན་ཇུའི་སྐུ་ ཚབ་ཨམ་བྷན་ Amban ཟེར་བ་བཞག་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་དབང་དང༌། ཡུལ་གྱི་ཆབ་སྲིད་ལས་དོན་ཐོག་དབང་འཛིན་བྱ་རྒྱུའི་གཡོ་འཕྲུལ་སྣ་ཚོགས་དངོས་ ཤུགས་བརྒྱུད་གསུམ་ནས་བྱས་པར་ྋགོང་ས་མཆོག་དང༌། བོད་གཞུང་གི་དབུ་ཁྲིད་རྣམ་པས་གདོང་བཀག་གིས་ངོ་རྒོལ་དང་འབྲེལ་ཏེ་མཐར་ཨམ་བྷན་ དང༌། རྒྱ་དམག་རྣམས་བོད་ནས་མཐར་སྐྲོད་གཙང་མ་གནང༌།

རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་དུས་སྐབས།

༈ ཕྱི་ལོ་ ༡༨༩༣ ལོར་དབྱིན་ཇི་དང༌། རྒྱ་ནག་ཚོང་འབྲེལ་ཆིངས་ཡིག་གཅིག་བཞག་འདུག་པར་དེའི་ནང༌། བོད་དང་དབྱིན་ཇི་ཚོང་འབྲེལ་བྱ་རྒྱུ་བཀོད་ཡོད་སྟབས། ༡༩༠༣ ལོར་དབྱིན་ཇིས་ཚོང་འབྲེལ་གྱི་དམིགས་ཡུལ་དེ་བཟུང་ནས་བོད་དུ་ཡོང་ཡོད་ཀྱང༌། བོད་གཞུང་ནས་ཁོངགཉིས་ཀྱི་ཆིངས་ཡིག་དེར་ངོས་ལེན་གཏན་ནས་གནང་ཡོད་པ་མ་རེད། སྐབས་དེའི་རྒྱ་གར་དབྱིན་གཞུང་སྐུ་ཚབ་ལོར་ཌི་ཀར་ཛོན་ (LordCurzon)ནས་ལྷ་སར་དམག་དཔུང་ཞིག་བཏང་ཡོད་པ་དེའི་དམག་དཔོན་སར་ཨམ་བྷན་ནས་ མཇལ་འཕྲད་དུ་འགྲོ་རྒྱུའི་འཕྲིན་ལན་བཏང་བར་བོད་གཞུང་གིས་འགྲོ་རུ་མ་བཅུག་པ་ རེད། དེའི་རྐྱེན་གྱི་ ༡༩༠༤ ལོར་དབྱིན་ཇིའི་ཕྱོགས་ནས་ཡང་ཧ་སི་སྦན་ཌི་ (Young Husband)དང་བོད་གཞུང་སྐུ་ཚབ་ཐད་ལྷ་སར་ཆིངས་ཡིག་བཞག་དགོས་བྱུང་ཡོད། ཆིངས་ཡིག་དེའི་ནང་ལ་རྒྱ་ནག་རྒྱལ་ཁབ་གཞན་ཞིག་ལ་ཆ་འཇོག་བྱས་ཡོད་པ་ལས་བོད་རྒྱ་ མིའི་ཁོངས་གཏོགས་སམ། མིང་ཙམ་གྱི་ཁོངས་གཏོགས་སོགས་རྩ་བ་ནས་ཁས་ལེན་བྱས་མེད། དཔེར་ན། ཆིངས་ཡིག་དེའི་ནང་དབྱིན་གཞུང་གི་བཀའ་འཁྲོལ་མེད་ན་བོད་དོན་ཐོག་རྒྱལ་ཁབ་གཞན་ དག་སུས་ཀྱང་ཐེ་བྱུས་བྱེད་མི་ཆོག་པ་བྲིས་འདུག ཡིག་ཆ་དེར་རྒྱ་ནག་གི་མིང་གང་ཡང་གསལ་འཁོད་མེད་སྟབས་ཕྱི་རྒྱལ་གྱི་ཐེ་བྱུས་ བྱེད་མི་ཆོག་པའི་ཁོངས་སུ་རྒྱ་ནག་གཏོགས་དགོས། དེ་དུས་མན་ཇུའི་ཨམ་བྷན་ཡའུ་ཐའི་དང༌། བལ་པོའི་སྐུ་ཚབ་ཀེབ་ཀྲན་ལྗང་བཧ་དུར། འབྲུག་གཞུང་གི་སྐུ་ཚབ་ཀྲོང་ས་དཔོན་སློབ་ཨོ་རྒྱན་དབང་ཕྱུག་བཅས་བར་དཔང་ལྟ་བུ་ གནས་ཡོད་པ་རེད། ཆིངས་དོན་ངོ་མ་ཤོག་གྲངས་ ༩ པར་བཀོད་ཡོད། རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་སུ་བོད་ནས་རྒྱལ་སྤྱིའི་ ནང་ཐོག་མ་འབྲེལ་བ་གནང་སྟེ་ཕྱི་རྒྱལ་ཡུལ་ཁག་ཏུ་སློབ་ཕྲུག་ཆེད་གཏོངགནང་བ་དང༌། དྲག་པོའི་སྒྲིག་འཛུགས་ལ་ལེགས་བཅོས་དང་རྒྱ་བསྐྱེད། ཕྱི་སྲིད་དང་དམག་སྤྱི་ལས་ཁུངས་གསར་འཛུགས། བཟོ་ལས་ཆུངཁག་གི་བཟོ་གྲྭ་དང༌། གློག་ཁང༌། སྦྲག་ཏར་ཁང་བཅས་གསར་འཛུགས། སྦྲག་འཛིན་གསར་བཟོ། བོད་ཀྱི་དངུལ་ཊམ་སྔར་ཡོད་ཀྱི་ཐོག་གསེར་དངུལ་ཟངས་གསུམ་གྱི་ཊམ་སྒོར་ཆེ་ཆུང་ དང༌། ཤོག་དངུལ་སོགས་རྣམ་གྲངས་མང་པོ་གསར་དུ་དཔར་བསྐྲུན། རྒྱལ་སྤྱིའི་ནང་ཆིངས་ཡིག་ཁག་གསར་འཇོག་སོགས་གནང་ཡོད་པ་རེད། དེ་སྔ་རྒྱ་ནག་མན་ཇུའི་རྒྱལ་རྒྱུད་ཀྱིས་དབང་སྒྱུར་བྱེད་སྐབས་བོད་ཀྱི་སྲིད་ དོན་ལ་བྱུས་མེད་བྱུས་འཁྲིའི་ཐེ་བྱུས་བྱས་ཏེ་རིམ་པས་དབང་ཤུགས་ཇེ་ཆེར་བཏང་ བའི་བྱས་ཉེས་ལ་༡༩༡༡ ལོར་བོད་མིས་ངོ་རྒོལ་མཐར་སྐྱེལ་བྱས་ཤིང༌། སྐབས་དེར་ལྷ་སར་ཡོད་པའི་ཨམ་བྷན་དཔོན་དམག་བཅས་ལ་རྒྱ་ནག་མན་ཇུའི་གཞུང་ནས་ རྒྱབ་རོགས་དཔུང་སྣོན་གང་བྱེད་མ་ནུས་པར་བོད་དུ་ལོ་ ༡༨༠ཙམ་བསྡད་པའི་མཉཇུའི་དཔོན་དམག་རྣམས་ ༡༩༡༢ ལོར་བོད་མིས་མཐར་སྐྲོད་བཏང་སྟེ་ཤུལ་མེད་བཟོས་པ་རེད། ལོ་དེར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པོ་ཆེན་པོ་མཆོག་རྒྱ་གར་ནས་བོད་དུ་ཕྱིར་ ཕེབས་གནང་སྟེ་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་གསལ་བསྒྲགས་བསྐྱངས་པར་ཁྱིམ་ མཚེས་རྒྱལ་ཁབ་སུས་ཀྱང་དགག་བྱ་ཞུས་མེད་པར་བོད་ཀྱི་ཁྲིམས་མཐུན་རང་བཙན་རྒྱལ་ ཁབ་ཀྱི་གནས་སྟངས་སྔར་བས་བརྟན་དུ་གྱུར་པ་མ་ཟད། བོད་ལྗོངས་ལྷ་མིས་ཕུལ་བའི་གསེར་ཐམ་ཆེན་མོ་སྟེ་སངས་རྒྱས་ཀྱི་བཀའི་ལུང་གིས་ས་ སྟེང་རྒྱལ་བསྟན་གྱི་བདག་པོ་ཞེས་འཁོད་པའི་ཐམ་ག་ཕབ། བཀའ་རྩ་གསལ་བསྒྲགས་དངོས་ཤོག་གྲངས་ ༡༢ ལ་བཀོད་ཡོད།༡༩༡༣ ཟླ་བ་དང་པོའི་ནང་སོག་པོའི་རྒྱལ་སར་སོག་བོད་ཆིངས་ཡིག་གཅིག་བཞག་པའི་ནང་སོག་ བོད་རྒྱལ་ཁབ་གཉིས་ངོས་ནས་མན་ཇུའི་གོང་མའི་དབང་འོག་ནས་ཐོན་པ་དང༌། ྋགོང་ས་ཏཱ་ལའི་བླ་མ་རིན་པོ་ཆེ་བོད་རང་བཙན་རྒྱལ་ཁབ་ཀྱི་དབུ་ཁྲིད་གཙོ་བོ་ཡིན་ པ་སོགས་པོའི་རྒྱལ་ཁབ་ཀྱིས་ཁས་ལེན་ཞུས་པ་དང༌། དེ་བཞིན་རྗེ་བཙུན་དམ་པ་ཧོ་ཐོག་ཐུ་སོག་པོ་རང་བཙན་རྒྱལ་ཁབ་ཀྱི་དབུ་ཁྲིད་གཙོ་ བོ་ཡིན་པ་བོད་རྒྱལ་ཁབ་ནས་ཁས་ལེན་གནང་བ་སོགས་རྒྱལ་ཁབ་གཉིས་ཀྱི་རང་ཐག་རང་ གཅོད་བྱས་ཡོད་པ་རེད། ཆིངས་དོན་དངོས་ཤོག་གྲངས་ ༡༡ ལ་བཀོད་ཡོད། ྋརྒྱལ་མཆོག་བཅུ་གསུམ་པས་བོད་དམག་རྣམས་དེང་དུས་དང་མཐུན་པའི་བསྒྱུར་བཅོས་གནང་ སླད་རུ་སུ་དང༌། ཉི་ཧོང༌། དབྱིན་ཇི་བཅས་ནས་ཐད་ཀར་འཕྲལ་སེལ་དགེ་རྒན་འགའ་ཤས་གླས་ནས་ཡུལ་སོ་སོའི་དམག་ རྩལ་སྦྱོང་བརྡར་སྤྲད་མཐར་དབྱིན་ཇིའི་ལུགས་དེ་འགྲིགས་ཤོས་བྱུངསྟབས་བོད་དམག་ རྣམས་དབྱིན་ཇིའི་ལུགས་ལྟར་སྒྲིག་འཛུགས་གནང༌། ཕྱིས་སུ་ཨ་མདོ་དགེ་འདུན་ཆོས་འཕེལ་ཞལ་བཞུགས་སྐབས་བོད་སྐདཐོག་སྐད་བརྡ་གཙང་ བསྒྱུར་བྱས་ཡོད། གལ་སྲིད་བོད་རྒྱ་ཁོངས་ཡིན་ཚེ་གོང་གསལ་རྒྱལ་ཁབ་ཁག་ལ་འབྲེལ་བ་དང༌། བོད་དམག་གི་དམག་ཆས། སྐད་བརྡ། སྒྲིག་སྲོལ། གླ་ཕོགས། གོ་མཚོན། བཀོད་བྱུས། འཛིན་སྐྱོང༌། ལྟ་རྟོག་སོགས་རྒྱ་ནག་གཞུང་ནས་འགན་འཁུར་དགོས་རུང་དེ་ལྟར་མེད་པ་འདིས་བོད་འདི་ རྒྱལ་ཁབ་ཐ་དད་ཅིག་ཡིན་པ་གསལ་པོར་བསྟན་ཡོད་པ་རེད། གལ་ཆེའི་འཁྲུག་རྩོད་ཐག་གཅོད་ཀྱི་ཆེད་དུ་ ༡༩༡༣ ལོར་དབྱིན་གཞུང་དང༌། རྒྱ་ནག་གཞུང༌། བོད་གཞུང་བཅས་ཀྱི་སྐུ་ཚབ་འདྲ་མཉམ་གྱི་ཐོག་ནས་སིམ་ལར་འཛོམས་ཡོད་པ་དང༌། ༡༩༡༤ ལོར་སིམ་ལའི་ཆིངས་ཡིག་བཞག་པ་དེའི་དོན་ཚན་གཉིས་པའི་ནང༌། དབྱིན་གཞུང་དང་རྒྱ་ནག་གཞུང་ནས་བོད་ལྗོངས་དེ་བཞིན་ཕྱི་རྒྱར་རྒྱ་ནག གི་མངའ་ཁོངས་བརྩིས་ཀྱང་བོད་ཕྱི་མ་ནང་དོན་རྒྱལ་ཁབ་རང་བཙན་གཙང་མ་ཡིན་པའི་ཁས་ ལེན་བྱེད་རྒྱུར་ཐོག་མའི་མོས་མཐུན་བྱུང་ན་ཡང༌། དེ་ལ་རྒྱ་གཞུང་ནས་རྟགས་ཐམ་ཐེལ་འཛུགས་བྱ་རྒྱུར་ཀ་ཀོར་བྱས་པར་བརྟེན་ཆིངས་ཡིག་ དེའི་ནང་རྒྱ་གཞུང་ལ་ཐོབ་དབང་གང་ཡོད་རུང་ཆ་གནས་མི་བྱེད་པའི་དབྱིན་བོད་གཉིས་ ནས་ནང་མཐུན་ཆིངས་ཡིག་ཅིག་ ༡༩༡༤ ཟླ་ ༧ ཚེས་ ༣ ཉིན་བཞག་ཡོད་པ་རེད། ཆིངས་དོན་ངོ་མ་ཤོག་གྲངས་ ༡༤ ལ་བཀོད་ཡོད།

རྒྱལ་མཆོག་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ།

༈ ཕྱི་ལོ་ ༡༩༤༩ ལོའི་ལོ་མཇུག་རྒྱ་ནག་ཡོངས་རྫོགས་་དམར་པོས་དབང་བསྒྱུར་རྗེས་བོད་ས་མདོ་སྟོད་ སྨད་ཁུལ་ལ་རྒྱ་དམག་ལྷག་པར་བརྟེན་༡༩༥༠ ལོར་དགུང་གྲངས་ ༡༦ ལ་ཕེབས་སྐབས་བོད་ཀྱི་ཆབ་འབངས་ལྷ་སྡེ་མི་སྡེ་ཐུན་མོང་ནས་གསོལ་བ་བཏབ་པ་བཞིན་ ལོ་དེའི་ཟླ་ ༡༡ ཚེས ༡༧ ཉིན་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས། ཁྲིམས་ཀྱི་ཉེས་ཆད་ཕོག་སྟེ་བཙོན་རར་ཡོད་པའི་བཙོན་པ་ཡོངས་གློད་འགྲོལ་གནང༌། སྐབས་དེར་རྒྱ་གར་དང༌། བལ་ཡུལ། འབྲུག་བཅས་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་ཕུལ་བ་དང༌། ཐ་ན་རྒྱ་ནག་གི་འགོ་འཁྲིད་མའོ་ཙེ་ཏུང་ནས་ཀྱང་ “ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པར་བཀྲ་ ཤིས་བདེ་ལེགས་ཞུ།” ཞེསཏར་འཕྲིན་ཕུལ་ཡོད། ཡང་ ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་རྗེས་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུས་དེ་སྔའི་ རྒྱ་གར་དབྱིན་གཞུང་ནང་བཞིན་བོད་དང་རྒྱ་གར་དབར་འབྲེལ་བ་མུ་མཐུད་ཡོང་བའི་ཞལ་ བཞེས་ཡོང་ཐབས་བོད་གཞུང་ལ་གནས་ཚུལ་ཕུལ་བར་བོད་གཞུང་ནས་ཀྱང་དེ་དོན་ཡོང་བའི་ ཞལ་བཞེས་གནང་ཡོད། དེ་ནི་རྒྱ་གར་ཕྱོགས་ནས་དངོས་སུ་བོད་རང་བཙན་ཡིན་པ་ངོས་ལེན་གཙང་མ་གནང་བའི་ རྣམ་འགྱུར་གསལ་པོ་བསྟན་པ་ཞིག་རེད། དེ་བཞིན་ ༡༩༤༧ ལོར་ནིའུ་ལྡི་ལིར་ཨེ་ཤི་ཡའི་ཡུལ་ཁག་གི་སྐུ་ཚབ་ཚོགས་འདུར་བོད་གཞུང་གི་སྐུ་ ཚབ་ཕེབས་པར་བོད་ཀྱི་རྒྱལ་དར་རྒྱལ་ཁབ་གཞན་གྱི་རྒྱལ་དར་དང་མཉམ་དུ་སྒྲེང་ འཛུགས་དང༌། སྐུ་ཚབ་སྤྱི་མཚུངས་གསུང་བཤད་གནང་རྒྱུའི་ཐོབ་ཐང་ཡང་བྱུང་ཡོད་པ་དེར་སུས་ཀྱང་ རྩོད་གླེང་བྱས་ཡོད་པ་མ་རེད། ༡༩༤༨ ལོར་བོད་གཞུང་ནས་ཚོང་དོན་དོན་གཅོད་ཚོགས་པ་ཞིག་རྒྱ་གར་དང༌། ཨ་རི། ཨི་ཀྲ་ལི། ཕ་རན་སི། དབྱིན་ཇི། རྒྱ་ནག་བཅས་པར་བོད་གཞུང་གི་ལག་འཁྱེར་བསྣམས་ཏེ་ཕེབས་ཡོད་པ་དེས་ཀྱང་བོད་རང་ བཙན་ཡིནཔ་གསལ་པོ་བསྟན་ཐུབ། ཕྱི་ལོ་ ༡༩༥༠ ཟླ་ ༡༢ ཚེས་ ༧ ཉིན་སྲིད་བློན་མཆོག་ནས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་གསུང་བཤད་གནང་བའི་ ནང༌། བོད་དང་འབྲེལ་བའི་གནད་དོན་ཐག་གཅོད་བོད་མི་རང་ཉིད་ཀྱི་འདོད་འབབ་མ་གཏོགས་གཞན་ དག་སུས་ཀྱང་བྱེད་པའི་ཐོབ་ཐང་མེད་ལུགས་གསུངས་པ་འདིས་བོད་ཀྱི་སྐོར་རང་དབང་རང་ སྤྱོད་ཀྱི་ཐོབ་ཐང་བོད་མི་ཁོ་ནར་ཡོད་པ་ཤུགས་ལ་བསྟན་ཡོད། ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་པེ་ཅིང་དུ་གྲོས་མཐུན་དོན་ཚན་ ༡༧ ཟེར་བཞག་པ་དེ་ནི་རྒྱ་མིའི་དཔུང་སྟོབས་དང༌། དབང་ཤེད་ཀྱི་བསྡིགས་རའི་འོག་བཞག་དགོས་བྱུང་བ་ལས། འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་ཆིངས་ཡིག་མིན་སྟབས་ང་ཚོས་དུས་ནམ་ཡང་ཁས་ལེན་ བྱེད་ཐུབ་ཐབས་མེད་པ་ཞིག་རེད། གྲོས་མཐུན་དེ་འཇོག་སྐབས་ནང་དོན་ཟུར་རྒྱན་གྲོས་ཆོད་ལྔ་བཞག་ཡོད་པ་དེའི་ནང་ བོད་དངུལ་ཕྱིར་བསྡུ་དང༌། བོད་དམག་རྒྱས་བསྡུས་གནང་ཕྱོགས་སྐོར་སོགས་དོན་ཚན་བརྒྱད་འཁོད་ཀྱི་དེབ་ཆུང་ གཅིག་ཡོད། དེ་དག་ནས་ཀྱང་བོད་ནང་བོད་དངུལ་ལས་རྒྱ་དངུལ་འགྲོ་རྒྱུགས་བྱེད་ཀྱི་མེད་པ་དང༌། རང་དབང་སྲུང་སྐྱོབ་སླད་བོད་དམག་ཟུར་དུ་ཡོད་པའང་གསལ་པོ་བསྟན་པ་རེད། ༡༩༥༡ ལོ་རྒྱ་བོད་ཞི་ཆིངས་ཀྱི་གྲོས་མཐུན་དོན་ཚན་ ༡༧ ལ་མིང་རྟགས་བཀོད་པ་ནས་བཟུང་ ༡༩༥༩ བར་ལོ་དགུའི་རིང་བོད་འབངས་ཀྱི་བདེ་རྩའི་སླད་རྒྱ་ནག་དབང་འཛིན་པ་དང་ཐབས་མཁས་ ཀྱི་སྒོ་ནས་འགྲིགས་འཇགས་ཡོང་ཐབས་འབད་བརྩོན་གནང༌། འོན་ཏེ་གྲོས་མཐུན་དེ་དག་རྒྱ་དམར་རང་ཉིད་ནས་རྒྱབ་འགལ་ཐོག་མ་བྱས་པར་བརྟེན་ ཁྲིམས་འགལ་གྱི་ནག་ཉེས་ཐམས་ཅད་ཁོང་ཚོས་འཁྱེར་དགོས་ཀྱི་རེད། ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ྋགོང་ས་མཆོག་རྒྱ་མིའི་དམག་སྒར་དུ་གཟིགས་མོར་གདན་ཞུས་ལྟར་ནང་དོན་ཕེབས་ རྒྱུ་ཐུགས་གཏན་འཁེལ་བ་ལྷ་ས་ཁུལ་གྱི་རྒྱ་ཆེའི་སེར་སྐྱ་མི་མང་ཡོངསནས་ཤེས་ཏེ་ ྋགོང་ས་ཆེན་པོ་གློ་བུར་བཙན་ཤེད་ཀྱིས་རྒྱ་ནག་ཏུ་གདན་འདྲེན་ཞུ་རྒྱུའི་ཉེན་ འགན་མ་བཟོད་པར་བཀའ་ཤག་བརྒྱུད་ཕེབས་བཤོལ་ཡོང་བའི་གསོལ་འདེབས་ཞུས་པ་དང་ཆབས་ ཅིག་སྐུ་ཕྱྭར་བསྡོ་བའི་བྱ་ངན་ལ་གདོང་ལེན་བྱེད་ཆེད་མི་མང་སེར་སྐྱ་སྟོང་ཕྲག་ མང་པོ་ནོར་གླིང་ཕོ་བྲང་ཉེན་སྲུང་གི་དང་བླངས་དམག་དང་རང་དབང་སྒེར་ལངས་ཀྱི་ རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ནང་ཞུགས་ཡོད་པ་རེད། ཕྱི་ཚེས་ ༡༧ ཉིན་བོད་ཀྱི་བསྟན་སྲིད་བདེ་ཐབས་ལ་དགོངས་ནས་སྐུ་ངལ་ལ་མ་འཛེམས་པར་ཆིབས་སྒྱུར་ གནང་རྒྱུ་ཐུགས་གཏན་འཁེལ་ཏེ་མཚན་མོ་ཆུ་ཚོད་ ༩ པར་ན་བཟའ་སྐྱ་ཆས་གསོལ་ཏེ་སྐུ་འཁོར་ཧྲག་བསྡུས་དང་བཅས་ཐོག་མར་ལྷོ་ཁ་ཁུལ་དང༌། དེ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་སྒྱུར་གནང༌། རྒྱ་གར་ས་ཐོག་ཏུ་ཕེབས་མ་ཐག་ྋགོང་ས་ཆེན་པོ་མཆོག་ལ་རང་དབང་གི་སྒོ་ནས་གསུང་ གླེང་གནང་རྒྱུའི་གོ་སྐབས་བྱུང་བ་དང༌། ཕྱི་ལོ་༡༩༥༩ལོའི་ཟླ་ ༤ ཚེས་ ༡༨ ཉིན་རྒྱ་ཤར་ཨ་སམ་ཏིའི་རྫུ་པུར་ས་གནས་སུ་གསར་འགོད་པ་རྣམས་ལ་གྲོས་མཐུན་དོན་ ཚན་བཅུ་བདུན་ཟེར་བ་དབང་མེད་ངང་འཇོག་དགོས་བྱུང་བ་ཡོངས་བསྒྲགས་གནང་ཡོད། དེ་རྗེས་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་མ་སུ་རིར་གསར་འགོད་ལྷན་ཚོགས་ཐོག་ྋགོངས་ཆེན་པོ་མཆོག་ནས་ཡོངས་བསྒྲགས་གནང་ དོན། ཐོག་མར་བོད་ཀྱི་ས་ཐོག་ལ་རྒྱ་དམག་བཏང་བ་དེ་ཧ་ཅང་གི་བཙན་ཤེད་ཚོད་མེད་ཅིག་ཡིན་ ལ། དེའི་རྗེས་སུ་བཞག་པའི་གྲོས་མཐུན་དེ་ཡང་བོད་མི་དམངས་ལ་དཔུང་སྡིགས་ཀྱིས་མི་ འཇོག་ཀ་མེད་བྱུང་བ་ལས། བོད་མི་དམངས་བློ་མོས་འདོད་བབས་ཀྱིས་བཞག་པ་ཞིག་གཏན་ནས་མིན་ལུགས་དང༌། བཙན་དབང་གིས་འཇོག་ཏུ་བཅུག་པའི་གྲོས་མཐུན་ཟེར་བ་དེ་ཡང་རྒྱ་དམར་རངཉིད་ནས་འགལ་ འདས་རིམ་པ་བྱས་ཟིན་ལུགས་བཀའ་གསལ་པོ་གནང་ཡོད་པ་དེ་ནས་བཟུང་གྲོས་མཐུན་དོན་ཚན་ བཅུ་བདུན་ཟེར་བ་དེ་དག་ཁྲིམས་དོན་གཉིས་ཀའི་ཐོག་ནས་ནུས་མེད་ཤི་རོ་ལྟ་བུར་ གྱུར་ཟིན་སྟབས་ངོས་འཛིན་བྱ་ཡུལ་གང་ཡང་མེད་པ་ཞིག་ཆགས་ཡོད། དེ་རྗེས་རྒྱ་གཞུང་གིས་བོད་གཞུང་ཞེས་པ་རྩ་མེད་ལ་སོང་ཚུལ་ཁྱབ་བསྒྲགས་བྱས་མོད། ྋགོང་ས་མཆོག་གིས་ “ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་གཞུང་ཡོད་པ་བོད་མི་མང་གིས་ངོས་འཛིན་ བྱེད་ཀྱི་རེད།” ཅེས་གསུངས་པ་ལྟར་བོད་མི་མང་གི་ཁྲིམས་མཐུན་གྱི་གཞུང་གི་རྒྱུན་ད་ལྟའི་བར་དུ་ གནས་ཡོད་ལ། རྒྱ་གར་དུ་ྋཞབས་སོར་འཁོད་རྗེས་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་ བཅས་པ་རྒྱུན་འཛིན་དང་བོད་ཀྱི་རང་དབང་སླར་གསོ་ཆེད་བཙན་བྱོལ་ནང་བོད་གཞུང་གི་ སྒྲིག་འཛུགས་བསྐྱར་བསྒྲིགས་ཀྱིས་སློབ་གྲྭ་དང་ཆོས་སྒར། གཞིས་ཆགས། སྨན་རྩིས་ཁང༌། ཟློས་གར་བཅས་པ་རིམ་བཞིན་གསར་འཛུགས་གནང་ནས་ཡར་རྒྱས་ཀྱི་ལམ་དུ་ཞུགས་ཏེ་དེང་ སྐབས་སྒྲིག་འཛུགས་ཀྱི་རྨང་གཞི་སྲ་བརྟན་ཕུགས་འཕེར་ཞིག་ཏུ་གྱུར་ཡོད། ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཆེད་འཛུགས་གནང་སྟེ་དམངས་གཙོའི་ལམ་སྲོལ་དབུ་བརྙེས། ༡༩༦༡ ཟླ་ ༣ ཚེས་༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་ཟིན་བྲིས་གསོལ་སྩལ་གནང༌། ༡༩༦༧ ལོར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་གནང་འགོ་བཙུགས་ཏེ་ད་བར་རྒྱལ་ཁབ་ ༦༠ སྐོར་ལ་ྋཞབས་སོར་འཁོད་ཡོད། ༡༩༨༩ ཟླ་ ༡༢ ཚེས་ ༡༠ འགྲོ་བ་མིའི་ཐོབ་ཐང་ཉིན་ནོ་བེལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ གནང་བས་མཚོན་དབར་ཆེ་བསྟོད་གཟེངས་རྟགས་ཆེ་གྲས་ ༧༥ སྐོར་དང༌། ཆུང་ཁག་བརྒྱ་སྐོར་བཅས་འབུལ་བཞེས་གནང༌། ༡༩༩༢ ལོ་དམངས་གཙོའི་ལམ་སྲོལ་གོང་སྤེལ་དང་འཐུས་ཚང་ཡོང་ཆེད་བོད་མི་མང་སྤྱི་འཐུས་ ཁྲིམས་བཟོ་ལྷན་ཚོགས་རྒྱ་སྐྱེད་ཐོག་བཅའ་ཁྲིམས་གསར་བཟོ་གནངསྟེ་འཛིན་སྐྱོང་ དང༌། ཁྲིམས་བཟོ། ཁྲིམས་ཞིབ་ཁང་བཅས་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་གཞུང་ཆ་ཚང་བ་ཞིག་ཆགས་ཡོད་པ་ དང༌། ལོ་དེར་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་བསྡུས་ཀྱང་གསལ་བསྒྲགས་བསྐྱངས།

རྒྱ་གར་དུ་ནང་བསྟན་ཆོས་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་རགས་བསྡུས།

དེ་ཡང་བསྐལ་བ་འདིའི་ཚེ་ལོ་བཞི་ཁྲིའི་ དུས་སུ་སངས་རྒྱས་སྟོང་གི་ཐོག་མ་འཁོར་བ་འཇིག སུམ་ཁྲི་ལ་གསེར་ཐུབ། ཉི་ཁྲི་ལ་འོད་སྲུང༌། བརྒྱ་པ་ལ་ཤཱཀྱ་ཐུབ་པ། བརྒྱད་ཁྲིའི་དུས་སུ་བྱམས་པ་འབྱོན་པ་སོགས་སངས་རྒྱས་རེ་རེའི་ཡུལ་དང་རིགས་དང་ འོད་དང་ཡབ་དང་ཡུམ་དང་སྲས་དང་རིམ་འགྲོ་བ་དང་ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་ མཆོག་དང་འཁོར་དང་སྐུ་ཚེ་དང་བསྟན་པའི་གནས་ཚད་དང་སྐུ་གདུང་སྟེ་དོན་བཅུ་གསུམ་ དང་བཅས་མདོ་སྡེ་བསྐལ་བཟང་ལས་ཞིབ་པར་བསྟན་ཅིང༌། སངས་རྒྱས་དེ་དག་གི་སྐུ་ཚེ་འཕྲིན་ལས་གཅིག་ཏུ་བསྡུས་པ་དེ་བཞིན་གཤེགས་པ་སྣང་ མཛད་ཅེས་བྱ་བའི་འཇིག་རྟེན་འདྲེན་པ་འབྱོན་པར་གསུངས་པ་ལས། དེ་དག་གི་དབུས་ན་སངས་རྒྱས་ཀུན་གྱིས་སྤངས་པའི་རྩོད་དུས་ཀྱི་གདུལ་བྱ་བཟུང་ བའི་སྙིང་སྟོབས་ལ་སུས་ཀྱང་འགྲན་ཟླ་མེད་སྟབས། ཨེ་མ་བྱང་ཆུབ་སེམས་དཔའ་འདི་ནི་པདྨ་དཀར་པོ་ལྟ་བུའོ་ཞེས་རྒྱལ་བ་སྲས་དང་བཅས་ པས་བསྔགས་ཤིང་ཆེད་དུ་བརྗོད་པ་ནི་རྣམ་འདྲེན་བཞི་པ་འདི་ཉིད་ཡིན་ལ། དེ་ལྟའི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་ བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་ཏེ། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བསྟན། །མཆོད་རྟེན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་གསུངས་པ། །ཞེས་པའི་དོན་ལྟར། ཝ་ར་ཎཱ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་དང༌། བྱ་རྒོད་ཕུང་པོའི་རི། ཡངས་པ་ཅན། ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་སོགས་སུ་གདུལ་བྱ་གྲངས་ལས་ འདས་པའི་མོས་བློ་དང་འཚམ་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་ཀྱི་ཕུང་པོ་ ཇི་སྙེད་ཅིག་བཀའ་བསྩལ་གནང་མཛད།

སྐབས་དེའི་ཡས་མས་སུ་རྒྱ་གར་གྱི་དབུས་དང་ མཐའི་ས་ཡི་ཁྱོན་ཀུན་ཏུ་རྟག་སྨྲའི་བཞི། རྒྱུ་མེད་དུ་སྨྲ་བའི་གཉིས། མཐའ་དང་ལྡན་མི་ལྡན་དུ་སྨྲ་བའི་བཞི་སོགས་ལྟ་ངན་དྲུག་ཅུ་རྩ་གཉིས་ཀྱིས་མཚོན་ ཡང་དག་པ་མ་ཡིན་པའི་ལྟ་ངན་དང་ལྟ་ངན་སྨྲ་བའི་གྲུབ་མཐའ་གྲངས་ལས་འདས་པ་བྱུང་ ཞིང༌། དེ་དག་ཚུར་བསྡུ་ན་གྲངས་ཅན་པ་དང༌། བྱེ་བྲག་པ། གཅེར་བུ་བ། དཔྱོད་པ་བ། རྒྱང་འཕེན་པ་བཅས་རྟོག་གེའི་སྡེ་ལྔའི་ནང་དུ་འདུ། དེ་ཡང་བསྡུ་ན་རྟག་ཆད་ཀྱི་མཐའ་གཉིས་ཀྱི་ནང་དུ་འདུ་ཞིང༌།

དེ་མིན་ལོ་ངོ་སྟོང་ཕྲག་བཞིའི་གོང་རོལ་ ཙམ་ནས་དར་བའི་འཇིའུ་ཆོས་ལུགས་དང༌། གཞན་ཡང༌། ཡེ་ཤུ་དང༌། ཁ་ཆེ། ཧུན་དི། བོན་པོ། པར་སིག་གི་ཆོས་ལུགས་ཛོལ་ཛོ་དིམ་སོགས་ཀྱིས་མཚོན་འཇིག་རྟེན་འདིར་ཆོས་ལུགས་མི་ འདྲ་བ་ཧ་ཅང་མང་བོ་བྱུང་ཡོད་པ་མ་ཟད། གྲངས་ཅན་ལྷ་མེད་པ་དང༌། གཅེར་པུ་བ། དཔྱོད་པ་བ། རྒྱང་འཕེན་པ། བོན་པོ། ནང་པའི་ཆོས་ལུགས་སོགས་ཀྱིས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་མེད་པ་མ་གཏོགས། གྲངས་ཅན་ལྷར་བཅས་པ་དང༌། ཚངས་པ་བ། བརྡ་སྤྲོད་པ། རིག་བྱེད་མཐའ་བ། གསེང་བ་པ། དབང་ཕྱུག་པ། བྱེ་བྲག་པ་སོགས་ཀྱིས་མཚོན་འཇིག་རྟེན་འདིར་དར་བའི་ཆོས་ལུགས་ཕལ་མོ་ཆེས་འཇིག་ རྟེན་བཀོད་པ་པོ་དང་རྟག་གཅིག་རང་དབང་ཅན་གྱི་བདག་འདོད་འདོད་པར་ཡོད།

དེ་དག་ལས་ཆོས་བྱེད་ས་ཡ་སྟོང་ཕྲག་ལྷག་རེ་ ཡོད་པའི་ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས། དེ་བཞིན་ས་ཡ་དྲུག་བརྒྱར་ཉེ་བ་ཡོད་པའི་ཧིན་དིའི་ཆོས་ལུགས་དང༌། ས་ཡ་བཞི་བརྒྱ་ལྷག་ཙམ་ཡོད་པའི་ནང་པའི་ཆོས་ལུགས་སོགས་ནི་འཛམ་གླིང་རང་བཞིན་ གྱི་ཆོས་ལུགས་ཆེ་ཁག་ཏུ་བརྩི།

སྤྱིར་བཏང་བྱས་ན་ཆོས་ལུགས་དེ་དག་ཕལ་མོ་ ཆེས་རང་རང་གི་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་མི་སེར་རྣམས་སོ་སོའི་བྲན་ གཡོགས་ལྟ་བུར་ངོས་འཛིན་བྱེད་པ་མ་གཏོགས། ཁོང་ཚོའི་ཆེད་དུ་ཁོང་ཚོར་ཕན་པའི་བྱེད་ཐབས་ཆེས་ཉུང་ངུ་ཞིག་ལས་བཤད་ཀྱི་མེད་པ་ དང༌། ལྷག་པར་དུ་སྐབས་ཐོག་གཅིག་གི་མི་སྡེའི་སྤྱི་ཚོགས་བྱེ་བྲག་པ་ཞིག་གི་ཡུལ་གྱི་ གོམས་པའི་གཤིས་ལུགས་དང་འདྲེས་ཚབས་ཤིན་ཏུ་ཆེ་སྟབས་དུས་རབས་ཀྱི་འགྱུར་འགྲོས་ དང་ཡང་མི་མཐུན་པར་བརྟེན། ཆོས་ལུགས་དེ་ཚོའི་གྲས་འགྲོ་བ་མིའི་རིགས་ལ་དཀའ་ངལ་ཕལ་མ་༼ མཆོད་སྦྱིན་འགའ་ཞིག་མི་ལོ་གཞོན་གྱི་རིགས་མཆོད་སྦྱིན་བྱེད་ཀྱི་ཡོད། དཔེར་ན། གནའ་དུས་ཀྱི་ལ་ཊེན་ཨ་མི་རི་ཀ་དང༌། མ་ཡ་ལྟ་བུ་རེད། ད་དུང་ལྷ་ཁང་སོགས་སུ་དེ་སྔ་སྐྱེས་པ་དང་འཕྲད་མ་མྱོང་བའི་བུད་མེད་ལོ་གཞོན་དག་ ལ་བཙན་གཡེམ་བྱས་ན། ལྷ་དགྱེས་པའི་མཆོད་པར་འགྲོ་བར་འདོད་མཁན་གྱི་ཆོས་ལུགས་པའི་རིགས་ཀྱང་མང་དུ་ སྣང༌། ༽སྤྲོད་བྱེད་ཀྱི་ཆབ་སྲིད་ཀྱི་ཇུས་སྒྲོམ་ལྟ་བུ་ཞིག་ལས་མ་མཆིས་སྟབས། མིའི་རིགས་ཀྱི་རྣམ་དཔྱོད་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཆོས་ལུགས་དེ་ཚོའི་ རིགས་རྩ་མེད་རང་བཞིན་ལྟ་བུའི་ཉམས་ཆག་ཏུ་འགྲོ་མུས་སུ་ཡོད།

ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ལོ་ངོ་ གཉིས་སྟོང་ལྔ་བརྒྱའི་གོང་རོལ་ནས་དར་བའི་ཆོས་ལུགས་ཤིག་ཡིན་ཞིང༌། ཆོས་ལུགས་འདི་འཛམ་གླིང་འདིའི་ལྷོ་བྱང་དང་ཤར་གླིང་ནུབ་རྒྱུད་ཀྱི་ཕྱོགས་མཚམས་ སོ་སོར་དར་བའི་ཆོས་ལུགས་གཞན་གང་དང་ཡང་མི་མཚུངས་པའི་རྨད་དུ་བྱུང་བའི་ཆོས་ ལུགས་ཤིག་ཡིན་ལ། དེ་ཡང་གཙོ་བོ་ཆོས་ལུགས་འདིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པ་ ཞིག་བཤད་ཀྱི་ཡོད་པས་ཡིན།

གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐུན་མོང་ མ་ཡིན་པ་ཟེར་དུས་གཞི་བདེན་པ་གཉིས་དང༌། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ལ་ཟེར་གྱི་ཡོད། དེ་ཡང་གསལ་བོར་བཤད་ན་གཞི་དངོས་པོའི་གནས་ཚོད་ཇི་འདྲ་ཞིག་ཡོད་པ་རྨང་གཞིའི་ གཙོ་གནད་དུ་བཟུང་ནས་ལམ་ཐབས་ཤེས་གཉིས་ཡ་མ་བྲལ་བའི་བྱེད་ཐབས་བརྒྱུད་ཉོན་ཤེས་ ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་ལྷག་མེད་དུ་སྤངས་པའི་འབྲས་བུ་བླ་ན་མེད་པའི་ མྱང་འདས་མངོན་དུ་བྱེད་སྟངས་ཀྱི་རྣམ་གཞག་ཅིག་ལ་འདོད། དེ་ནི་ཆོས་ལུགས་གཞན་གྱི་སྟོན་པ་སུས་ཀྱང་བློ་ངོར་འཆར་དཀའ་བའི་གསུངས་སྟངས་ དམིགས་བསལ་བ་ཞིག་ཡིན།

མ་ཟད་ཆོས་ལུགས་འདི་ལྟོས་པའི་རིགས་པ་དང༌། འཐད་པ་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ། བྱ་བ་བྱེད་པའི་རིགས་པ་སོགས་རིགས་པ་འབའ་ཞིག་གིས་གཏན་ལ་ཕབ་པ་མ་གཏོགས། ཆོས་ལུགས་དེ་གསུང་བ་བོ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཡིན་སྟབས་ཆོས་དེ་ཡང་དག་ པ་ཡིན་ཞེས་དུས་ནམ་ཡང་བཤད་པ་མེད། དེར་བརྟེན་དེང་རབས་ཚན་རིག་དང་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་པའི་ཆོས་ ལུགས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉག་གཅིག་ཡིན།

གན་དྷའི་རྗེས་འཇུག་པ་གྲགས་ཅན་དུ་བརྩི་ བའི་ནང་དོན་རིག་པའི་མཁས་དབང་ཨཱ་ཅཱརྱ་བི་ནོ་བཱ་བྷཱེས་ཀྱང༌། ཚན་རིག་ལ་མ་བརྟེན་པའི་ནང་དོན་རིག་པ་དེ་ཞ་བོ་ལྟ་བུ་དང༌། ནང་དོན་རིག་པ་ལ་མ་བརྟེན་པའི་ཚན་རིག་དེ་ལོང་བ་ལྟ་བུ་ཡིན་པས། ལོང་བ་དང་ཞ་བོ་གཉིས་ཀྱིས་རྡོག་རྩ་ཆིག་སྒྲིལ་བྱས་པ་ཡིན་ན། ལས་དོན་ཆེན་པོ་བསྒྲུབ་ཐུབ། དེ་བཞིན་ཚན་རིག་གིས་ནང་དོན་རིག་པ་ལ་བརྟེན་པ་དང༌། ནང་དོན་རིག་པས་ཚན་རིག་ལ་བརྟེན་པ་ཡིན་ན། འཇིག་རྟེན་གྱི་ཕན་བདེ་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད། ད་ལྟ་ཚན་རིག་དང་ནང་དོན་རིག་པ་གཉིས་ཡར་རྒྱས་འགྲོ་བཞིན་པ་དང༌། ཉིན་ཞིག་ཡར་རྒྱས་ཀྱི་མཐར་ཐུག་པའི་སྐབས་ལ་ཚན་རིག་དང་ནང་དོན་རིག་པ་གཉིས་ཀ་ མཉམ་དུ་སླེབས་ཡོང་གི་རེད། དེ་དུས་ཚན་རིག་དང་ནང་དོན་རིག་པ་གཉིས་ལོགས་སུ་སོ་སོར་མ་བསྡད་པར་གཅིག་པ་ཆགས་ འགྲོ་གི་རེད། ཅེས་གསུངས་མྱོང་བ་དེ་ཡང་དག་པའི་ལྟ་ཚུལ་རླབས་ཆེན་ཞིག་རང་རེད།

དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པ་སོ་ སོར་གྲགས་ཅན་ལྷ་ཆོས་རིག་པ་བ་ཕ་རན་སིའི་ Perter-ablard དང༌། ཨི་ཊ་ལིའི་ Thomas-Aquinas སོགས་ལྷ་ཆོས་རིག་པ་བ་བརྒྱ་ཕྲག་མང་པོས་ཡེ་ཤུ་ཆོས་ལུགས་འདི་བཞིན་ཡང་དག་པའི་ ཚན་རིག་གི་ལྟ་གྲུབ་རང་བཞིན་དང་མཐུན་ཐབས་ཆེད་འབད་བརྩོན་ཡོད་རྒུ་རྩལ་སྦྲུགས་ བྱས་ཀྱང་གྲུབ་འབྲས་གང་ཡང་མ་སོན། སྤྱིར་བཏང་ནས་བཤད་ན་ནུབ་ཕྱོགས་པའི་ཆོས་ལུགས་མང་ཆེ་བ་ཞིག་ཤར་ཕྱོགས་པའི་ཆོས་ ལུགས་ཁག་དང་བསྡུར་ན་ཕྱོགས་ཡོངས་ནས་ཡང་དག་པ་ཞིག་ཏུ་གྱུར་ཐུབ་མེད། དེའི་རྒྱུ་མཚན་ནི་ནུབ་ཕྱོགས་པ་ཕལ་མོ་ཆེས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་སོ་ སོའི་འཁོར་ཡུག་འཛུགས་སྐྲུན་དང་དཔལ་འབྱོར་འདུ་འགོད་སོགས་ཀྱི་ཆེད་ཧམ་སེམས་ དྲག་པོས་ནུས་ཤུགས་ཡོད་རྒུ་འདོན་རྒྱུར་གཙོར་འདོད་བྱས་ཏེ་སོ་སོའི་ཆོས་ལུགས་ ཁྱབ་སྤེལ་དང་སྲུང་སྐྱོབ་སློབ་སྦྱོང་སོགས་ཀྱིས་མཚོན་ཆོས་ལུགས་དང་འབྲེལ་བའི་ བྱེད་སྐོ་འགངས་ཆེའི་རིགས་མང་ཆེ་བ་ཞིག་སྣང་མེད་བསྐྱུར་འཇོག་བྱས་པའི་རྐྱེན་ གྱིས་ཡིན་སྲིད།

དེ་བཞིན་འཛམ་གླིང་འདིའི་ཆོས་ལུགས་ཕལ་མོ་ ཆེས་སྙིང་རྗེའི་རྣམ་གཞག་ཅིག་བཤད་ཀྱི་ཡོད་ཀྱང༌། ཆོས་ལུགས་མང་ཆེ་བ་ལམ་དང་ལུགས་སྲོལ་ཙམ་དང་འཕྲལ་སེལ་གྱི་དགོས་མཁོ་ཁོ་ནར་ དམིགས་ནས་གསུངས་པ་ཤ་སྟག་ལས། འགྲོ་བ་མི་དང་སྲོག་ཆགས་འབུ་སྲིན་ཚུན་ཆད་ཀྱི་གཞི་རྩའི་ཁེ་ཕན་ལ་ཆེད་དམིགས་ ཀྱིས་གསུངས་པ་ཞིག་མིན་སྟབས། ཆོས་ལུགས་དེ་ཚོའི་ནང་གི་སྙིང་རྗེའི་རིགས་ཀྱང་སེམས་ཅན་སྤྱི་སྙོམས་ལ་ཁྱབ་པའི་ གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་ལྟ་བུ་མ་ཡིན།

བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་ཀུན་ ཤེས་ཀཽའུ་ཎི་ན་ཡ། རྟ་ཐུལ། རླངས་པ་སོགས་འཁོར་ལྔ་སྡེ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ཐོག་མར་བསྐོར་ བ་ནས་བཟུང་ཡུལ་དང་དུས་དང་གདུལ་བྱའི་ཁམས་མོས་སོགས་དང་སྒོ་བསྟུན་ནས་བསྐོར་ སྟབས། སྙིང་རྗེའི་ངོ་བོ་དང་ཁྱབ་ཁོངས་སོགས་ཀྱི་ཐད་ནང་ཆོས་ཀྱི་ཐེག་པ་གོང་འོག་སོགས་ ནས་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད། དཔེར་ན། ཐེག་དམན་གྱི་མདོ་སྡེ་སྡེ་སྣོད་སོགས་ནས་སྙིང་རྗེའི་རྣམ་གཞག་ཅིག་བཤད་ཀྱི་ཡོད་ ཀྱང༌། དེ་ནི་གཙོ་བོ་རང་དོན་ཡིད་བྱེད་ཀྱིས་རྩིས་ཟིན་པའི་སྙིང་རྗེ་ཞིག་ལས་གཞན་དོན་ ཁུར་འཁྱེར་གྱི་སྙིང་རྗེ་ལྟ་བུའི་ཚད་གཞི་ངེས་ཅན་ལ་སླེབས་པ་དེ་འདྲ་མ་ཡིན། འོན་ཀྱང་སྙིང་རྗེ་དེ་ཚོའི་གྲས་གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་དང་རྩ་བའི་ཆ་ ནས་རིགས་འདྲ་ཙམ་དུ་ངེས་པས། དེས་གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་རང་རྒྱུད་ལ་བསྐྱེད་པར་ནུས་པ་དམིགས་བསལ་ འདོན་ཐུབ།

ཆོས་ཡང་དག་པར་སྡུད་པའི་མདོ་ལས། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བགྱིའོ། དེ་གང་ཞེ་ན་སྙིང་རྗེ་ཆེན་པོའོ། གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་ པ་ལྟར་འགྱུར་རོ།། ཞེས་གསུངས་པས། གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེའམ་སྙིང་རྗེ་ཆེན་པོ་ནི་ནང་པ་སངས་རྒྱས་པའི་ ཆོས་ཚུལ་སྤྱི་དང༌། ལྷག་པར་དུ་ཐེག་པ་ཆེན་པོའི་ལམ་གྱི་སྲོག་ཤིང་ལྟ་བུ་ཞིག་ཡིན་པས། དེ་ལྟའི་སྙིང་རྗེ་དེ་རང་རྒྱུད་ལ་མ་སྐྱེས་ན་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ གང་ཡང་རང་རྒྱུད་ལ་སྐྱེ་མི་ཐུབ།

གཞན་ཡང༌། ནང་པའི་ཆོས་ལུགས་འདི་བཞིན་ཆོས་ལུགས་གཞན་དག་དང་མི་འདྲ་བར་མི་རིགས་དང་ས་ཁུངས། རིགས་རུས་མཐོ་དམན་དང་གཟུགས་བཟང་ངན། སྟོབས་ཆེ་ཆུང་དང་ཐོབ་གོ་ས། དྲག་ཞན་དང་དབུལ་ཕྱུག མི་དང་འབུ་སྲིན། ལྷ་དང་ལྷ་མ་ཡིན་སོགས་ཀྱི་དབྱེ་བ་མེད་པར་སེམས་ཅན་ཐུན་མོང་ལ་ཕན་བདེ་ཉག་གཅིག་ བྱེད་ཐུབ་པའི་ཆོས་ལུགས་ཤིག་ཡིན། དེའི་རྒྱུ་མཚན་ནི་འབྲེག་མཁན་གྱི་རིགས་ལས་ཉེ་བ་འཁོར་དང་མཁར་བའི་བུ་ཙུནྡ་ སོགས་རབ་ཏུ་བྱུང་བ་དང༌། ཁོང་གི་ཉེ་འཁོར་དུ་གདོལ་བ་དང༌། ཤན་པ། ཉ་པ། ལྷམ་མཁན་གྱི་རིགས་སོགས་དམན་པའི་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་བརྒྱ་ཕྲག་ མང་པོ་དང༌། ལྷག་པར་དུ་ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ། ཞེས་དང༌། ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། སྒྲུབ་པ་གཙོ། ཞེས་སོགས་གསུངས་པ་དང༌། ས་བླའི་ལྷ་དང་དེ་བཞིན་བར་སྣང་ལྷ། །དེ་དག་སྒྲ་སྐད་འཇུག་པ་ཅི་འདྲ་བ། །དེ་ལྟར་དེ་ལ་དེ་ཡི་སྒྲ་ཡང་འཇུག །རྣམ་པར་ངེས་བདེན་གཏམ་ཡང་དེ་འདྲའོ། །ངང་པ་ཁྲུང་ཁྲུང་ཀ་ལ་པིང་ཀ་དང༌། །རྨ་བྱ་ནེ་ཙོ་ཁུ་བྱུག་ཤང་ཤང་ཏེའུ། །རི་སྐེགས་དང་ནི་ངུལ་པ་ཀུ་ནལ་ཀུན། །ཇི་ལྟའི་སྐད་ཀྱིས་དེ་ནི་ཚིམ་པར་བྱེད། །སྟག་དང་སེངྒེ་དེ་བཞིན་དོམ་དང་སྦྲེའུ། །གཟིག་དང་བྱི་ལ་རི་དྭགས་གླང་ཆེན་བསེ། །རྟ་དང་ཁྱི་དང་ཕག་དང་འུག་པ་ཀུན། །ཇི་ལྟའི་སྐད་ཀྱིས་དེ་ནི་ཚིསྦྲ་པར་བྱེད། །གང་དག་རྐང་བཞི་པ་དང་རྐང་གཉིས་པ། །རྐང་མང་དང་ནི་དེ་བཞིན་རྐང་མེད་རྣམས། །བསྐུལ་དང་ཆད་པས་བཅད་དང་ཕན་གདགས་ཕྱིར། །ཀུན་ལ་དེ་ཡི་སྒྲ་སྐད་ཤེས་པ་འཇུག །སེམས་ཅན་གང་དག་སྟོང་གསུམ་འཇིག་རྟེན་ན། །རབ་བབ་འབྲིང་ངམ་འོན་ཏེ་ཐ་མའམ། །དམྱལ་བ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་དང༌། །ལྷ་མི་རྣམས་དང་དེ་ནི་སྐད་ཀྱང་མཐུན། །ཇི་ལྟར་རིགས་པར་བྱེད་པ་སྟོན་ཀྱང་ནི། །མི་སེམས་འདུ་ཤེས་མེད་ཅིང་རྟོག་པ་མེད། ། ཅེས་སོགས་མང་དུ་གསུངས་པས་ལེགས་པར་མཁྱེན་ཐུབ་པ་ཞིག་རེད།

དེ་འདྲའི་རླབས་ཆེ་ཞིང་གཏིང་ཟབ་པའི་ཐེག་ པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་ཆོས་ལུགས་འདི་རྒྱ་གར་འཕགས་པའི་ཡུལ་དུ་ འཕེལ་རྒྱས་ཀྱི་བརྒྱུད་རིམ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད། དཔེར་ན། བདག་ཅག་གི་སྟོན་པ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཆོས་ལུགས་འདི་དར་སའི་ཁྱབ་ཁོངས་ ཆེ་ཆུང་དང༌། དར་ཡུན་རིང་ཐུང༌། དགེ་འདུན་གྱི་སྡེ་མང་ཉུང་སོགས་ལ་མ་ལྟོས་པར་གང་ལྟར་ཐེག་པ་ཆེ་ཆུང་སྔགས་དང་ བཅས་པ་ཆ་ཚང་བ་ཞིག་དར་ཡོད།

སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ། བདག་ཅག་གི་སྟོན་པས། ང་མྱ་ངན་ལས་འདས་པའི་འོག་ཏུ་ངའི་གསུང་རྣམས་ཀྱི་ཐོག་མར་འདི་སྐད་བདག་གིས་ཐོས་ པ་དུས་གཅིག་ན། སོགས་མཚམས་སྦྱོར་གྱི་ཚིག་རྣམས་བསྡུས་ལ་ཆུག་ཤིག་ཅེས་ཉེ་གནས་ཀུན་དཀའ་བོ་ལ་ བཀའ་བསྩལ་བ་བཞིན། ཉན་ཐོས་འོད་སྲུང་དང་ཉེ་བར་འཁོར་ཀུན་དགའ་བོ་སོགས་དགྲ་བཅོམ་པ་བདུན་གྱིས་སངས་ རྒྱས་ཀྱི་གསུང་རྣམས་བཀའ་བསྡུ་རིམ་པ་གསུམ་བྱས་པ་དང༌། ལྷག་པར་དུ་སངས་རྒྱས་མྱ་ངན་འདས་ནས་དུས་རབས་དང་པོའི་མཇུག་བར་ཀུན་དགའ་བོ་དང༌། ཤ་ནའི་གོས་ཅན། ཉེར་སྦས་སོགས་བསྟན་པའི་གཏད་རབས་བདུན་དང༌། ཡན་ལག་འབྱུང་དང༌། མ་ཕམ་པ། ནགས་ན་གནས་ལ་སོགས་པའི་འཕགས་པའི་གནས་བརྟན་བཅུ་དྲུག་གིས་གཙོས་ནང་ཆོས་ཀྱི་ རྒྱུད་འཛིན་པ་ཕལ་མོ་ཆེ་ཉན་ཐོས་སྡེ་བའི་དགེ་འདུན་གྱི་སྡེ་ཤ་སྟག་ཡིན་སྟབས་ ལུང་བ་དེའི་ཡུལ་དབུས་དང་ཡུལ་དེའི་ཕྱོགས་མཐའ་ཀུན་ཏུ་ཕལ་ཆེན་སྡེ་བ་ལྔ་དང༌། གཞི་ཐམས་ཅད་ཡོད་པར་སྨྲ་བ་བདུན། གནས་བརྟན་སྡེ་བ་གསུམ། མང་བཀུར་བ་གསུམ་སོགས་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱིས་མཚོན་ཉན་ཐོས་ཀྱི་སྡེ་ཁག་༼ མདོ་སྡེ་བའི་གྲུབ་མཐའ་རང་སྐྱ་ཐུབ་པ་སྟོན་པའི་གཞུང་དང་དེ་འཛིན་སྐྱོང་སྤེལ་ གསུམ་བྱེད་པའི་ལུགས་སྲོལ་ཞིག་ཟུར་དུ་རང་རེའི་བོད་ཁམས་སུ་བྱུང་མེད་ཀྱང༌། མདོ་སྡེ་བའི་འདོད་ཚུལ་ཕལ་མོ་ཆེ་ཞིག་མཛོད་རང་འགྲེལ་དང༌། དེ་བཞིན་མངོན་པ་ཀུན་བཏུས་རྩ་འགྲེལ་དང༌། ཚད་མའི་བསྟན་བཅོས་སྡེ་བདུན་མདོ་དང་བཅས་པ་རྣམས་ལས་མང་དུ་འབྱུང་ཞིང༌། ལེགས་ལྡན་འབྱེད་དང་ཞི་འཚོ་ཡབ་སྲས་ཀྱི་གཞུང་དག་ཏུའང་ཐོར་བུའི་རིགས་མང་དུ་ འབྱུང་བཞིན་ཡོད། ༽མི་འདྲ་བའི་བསྟན་པ་ཤུགས་ཆེ་དར།

ཐེག་ཆེན་གྱི་མདོ་སྡེ་ཕལ་མོ་ཆེ་ལྷ་དང་ ཀླུའི་རིགས་ཀྱིས་རང་རང་གི་གནས་སུ་གདན་དྲངས་པ། ལྷག་པར་དུ་ལྷག་ལུས་ཐེག་ཆེན་གྱི་མདོ་སྡེ་མང་པོ་ཞིག་ཉན་ཐོས་སྡེ་བའི་མདོ་སྡེ་ ཁག་དང་གཞི་གཅིག་ཏུ་བསྲེས་ནས་བཀའ་བསྡུ་བྱས་པར་བརྟེན། ཐེག་ཆེན་གྱི་བསྟན་པ་སྤྱི་དང་ཡང་དགོས་གསང་བ་སྔགས་ཀྱི་བསྟན་པ་ཡོངས་ཁྱབ་རང་ བཞིན་དུ་དར་རྒྱས་བྱུང་མེད་པ་རེད།

དུས་རབས་དང་པོའི་རྗེས་རོལ་ཙམ་ནས་ཐེག་ ཆེན་གྱི་བསྟན་པ་འཛིན་པའི་གནས་བརྟན་དགྲ་བཅོམ་པ་དགའ་བོ་བྱ་བ་བྱོན་ཞིང༌། ཁོང་གི་དུས་སུ་བཙུན་པ་ཨ་བི་ཏརྐ། བི་ག་ཏ་ར་ག་དྷཱ་ཛ། དི་བྱ་ག་ར་གུཔ྄ཏ། རཱ་ཧུ་ལ་མི་ཏྲ། ཛྙཱ་ན་ཏ་ལ། སངྒ་ཏ་ལ་སོགས་ཀྱིས་བྱམས་པ་དང༌། འཇམ་དཔལ། སྤྱན་རས་གཟིགས། གསང་བའི་བདག་པོ་སོགས་ལས་ཤེར་ཕྱིན་མདོ་སྡེ་རིན་པོ་ཆེ་དང་ཏིང་ངེ་འཛིན་རྒྱལ་ པོའི་མདོ་ལ་སོགས་པའི་ཐེག་ཆེན་གྱི་ཆོས་སྐོར་དངོས་སུ་གསན་པ་མ་ཟད། སྐབས་དེའི་ཡས་མས་སུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་ཐེག་ཆེན་གྱི་སློབ་ དཔོན་ལྔ་བརྒྱ་ཙམ་བྱུང་བ་དང༌། དེ་དག་ལས་ཀྱང་ཐེག་ཆེན་པ་དུ་མ་འཕེལ།

དེ་རྣམས་དང་དུས་མཚུངས་སུ་འཕགས་པ་དཀོན་ མཆོག་བརྩེགས་པ་འབུམ་པ། འཕགས་པ་ཕལ་མོ་ཆེ་འབུམ་པ། ལང་དཀར་གཤེགས་པ་ཉིས་ཁྲི་ལྔ་སྟོང་པ། རྒྱན་སྟུག་པོ་བཀོད་པ་སྟོང་ཕྲག་བཅུ་གཉིས་པ། ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བཅུ་གཉིས་པ་སོགས་ཐེག་ཆེན་གྱི་མདོ་སྡེ་ཕལ་མོ་ ཆེ་ཡང་ལྷ་དང༌། ཀླུ་དང༌། དྲི་ཟ་དང༌། སྲིན་པོ་ལ་སོགས་པའི་ཡུལ་ཐ་དད་པ་རྣམས་ནས་མི་ཡུལ་དུ་ཕེབས་ཤིང༌། ཁྱད་པར་ཀླུའི་ཡུལ་ནས་བྱུང་བ་མང༌། དེའི་ཚེ་ཐེག་པ་ཆེན་པོའི་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པས། སྐབས་དེ་ནས་བཟུང་དགེ་སློང་བདེ་བྱེད་༼ དགེ་སློང་འདི་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པའི་རིག་པའི་རྒྱན་མཛད་པ་པོ་ ཡིན། བོད་ཀྱི་ལོ་རྒྱུས་འགར་བསྟན་བཅོས་དེར་ཤོ་ལོ་ཀ་འབུམ་ཕྲག་བཅུ་གཉིས་ཡོད་ཚུལ་ བཤད་པ་དེ་ངག་སྒྲོས་འཆུགས་པ་ཡིན་ཚུལ་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་དུ་བཤད། ༽སོགས་ཉན་ཐོས་སྡེ་བའི་དགེ་སློང་དག་གིས་ཐེག་པ་ཆེན་པོའི་བསྟན་པ་འདི་སངས་རྒྱས་ ཀྱི་བཀའ་མ་ཡིན་ཞེས་ནན་གྱིས་བསྒྲགས་སྟབས། ཐེག་ཆེན་གྱི་བསྟན་པ་བདེ་བླག་ངང་དར་རྒྱས་བྱུང་བར་ཕྱོགས་ཡོངས་ནས་གནོད་པ་ཚབས་ ཆེན་ཐེབས།

དེ་ལྟ་ན་ཡང་སྐབས་དེའི་དུས་ཞལ་བཞུགས་པའི་ ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱས་རྟེན་འབྲེལ་གྱི་གནད་དུ་མར་དགོངས་ནས་འཕགས་པ་ ཤཱ་རིའི་བུའི་འཁྲུངས་གནས་ནཱལནྡཱ་སྟེ་བོད་སྐད་དུ་རྒྱུན་སྟེར་ཞེས་འབོད་པའི་ གནས་མཆོག་དེ་ནས་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན་པར་མཛད་པ་མ་ཟད། བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་སྐུ་མཆེད་སོགས་བསྟན་པའི་ སྦྱིན་བདག་དུ་མས་གཙུག་ལག་ཁང་བརྒྱད་ཙམ་བཞེངས་ནས་ཐེག་ཆེན་གྱི་གླེགས་བམ་འབྱུམ་ ཕྲག་བརྒྱ་ཙམ་ཉར་ཚགས་ཡང་དག་པར་བྱས་པ་དང༌། ཕྱིས་བཙུན་པ་དགའ་བོ་དང་ཡང་དག་བདེན་སོགས་ཀྱིས་རྣམ་རིག་པའི་ལྟ་བ་སྟོན་པའི་ བསྟན་བཅོས་མང་དུ་མཛད་པ་སོགས་ཀྱིས་ཐེག་ཆེན་གྱི་བསྟན་པ་སྔར་ལྷག་འཕེལ་རྒྱས་ ཆེན་པོ་བྱུང༌།

གོང་གསལ་ལྟར་སྐབས་དེའི་ཡས་མས་སུ་བྱོན་ པའི་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་རྗེས་འབྲང་དང་བཅས་པ་རྣམ་རིག་སྨྲ་བ་དང་ རྣམ་རིག་སྨྲ་བའི་རྗེས་འཛིན་པ་ཤ་སྟག་ཡིན་པ་ཕྱོགས་མང་པོ་ཞིག་ནས་ཚོད་དཔག་བྱེད་ མི་ཐུབ་པ་མེད་མོད། འོན་ཀྱང་སྐབས་དེ་དག་ཏུ་རྣམ་རིག་པའི་ལྟ་གྲུབ་དེ་རང་ཚུགས་ཐུབ་པའི་ལྟ་གྲུབ་ ཅིག་གི་རྣམ་པར་ཆགས་ཐུབ་མེད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ།

ཕྱིས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་བྱོན་ ནས་ལྷ་དང་མིའི་རྣམ་པར་བྱོན་པའི་ཐེག་ཆེན་གྱི་སློབ་དཔོན་བརྒྱ་ཕྲག་འགའི་མདུན་ ནས་མདོ་རྒྱུད་ཀྱི་ཆོས་མང་པོ་ཁོང་དུ་ཆུབ་པར་བྱས་ཐོག་ནཱལནྡཱར་བྱོན་ཏེ་ཐེག་པ་ ཆེན་པོའི་དབུ་མའི་ཚུལ་ལུགས་དང་མཐུན་པའི་ཆོས་མང་དུ་གསུངས། དེ་དང་དུས་མཚུངས་སུ་བཙུན་པ་ཀ་མ་ལ་གརྦྷ་སོགས་དབུ་མའི་ལྟ་གྲུབ་སྨྲ་བའི་སློབ་ དཔོན་བརྒྱད་ཙམ་བྱུང་བ་མ་ཟད། བཙུན་པ་བྲ་ཀཱ་ཤ་དྷརྨ་མ་ཎིས་འདུས་བ་ཆེན་པོ་སྟོང་ཕྲག་བརྒྱ་བ་ལེའུ་སྟོང་ཡོད་ པའི་མདོ་སྡེ་འདི་ཉིད་ཀླུ་ཡུལ་ནས་སྤྱན་དྲངས་པ་དང༌།

དེ་རྗེས་མདོ་སྡེ་ལང་ཀར་གཤེགས་པ་དང༌། རྔ་བོ་ཆེའི་མདོ། འཇམ་དཔལ་རྩ་རྒྱུད། དུས་ཀྱི་འཁོར་ལོ་སོགས་མདོ་རྒྱུད་དུ་མ་ནས་ལུང་གིས་ཡང་ཡང་བསྔགས་པའི་མགོན་པོ་ ཀླུ་སྒྲུབ་གྲགས་པའི་སྐྱེས་བུ་དམ་པ་འདི་ཉིད་བྱོན་ནས་རྒྱ་གར་ཡུལ་དབུས་དང༌། ཡུལ་དེའི་ལྷོ་ཕྱོགས་ཁུལ། དཔལ་གྱི་རི་སོགས་སུ་ཕེབས་ནས་ཐེག་ཆེན་གྱི་ཆོས་མང་དུ་གསུངས་པ་མ་ཟད། གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་ལྷག་ཙམ་བཞེངས། ལྷག་པར་དུ་ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་སོགས་སྦྱན་དྲངས་ནས་གཏམ་གྱི་ཚོགས་དང༌། རིགས་པའི་ཚོགས། བསྟོད་པའི་ཚོགས་ཏེ་ཚོགས་གསུམ་གྱི་རིགས་མཛད་ནས་བཀའ་འཁོར་ལོ་གསུམ་གྱི་དགོངས་ དོན་ཆེས་ཤིན་ཏུ་གསལ་བར་བཀྲལ་བའི་དབུ་མ་པ་སྤྱིའི་ཤིང་རྟའི་སྲོལ་རྒྱ་ཁྱབ་ཏུ་ ཕྱེ་བ་མ་ཟད། རྣམ་འགྲེལ་ལས་བཤད་པ་ལྟར་གྱི་མདོ་སྡེ་བ་དང༌། གནས་མ་བུ་བའི་སྡེ་བ་འགའ་ཤས་ཕུད་པས་ཐེག་ཆེན་གྱི་ཆོས་ཤེར་ཕྱིན་འབུམ་པ་སོགས་ སངས་རྒྱས་ཀྱི་བཀའ་རུ་མི་བརྩི་བའི་ཉན་ཐོས་དངོས་སྨྲ་བ་རྣམས་རིགས་པའི་རྩལ་ ཤུགས་དྲག་པོས་ཅི་ཡང་སྨྲ་མི་ནུས་པའི་གནས་སུ་བཀོད། ༼རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་དང༌། ཀླུ་སྒྲུབ་ཀྱིས་མཛད་པའི་ཞིབ་མོ་རྣམ་འཐག ཨརྱ་དེ་བས་མཛད་པའི་དབུ་མ་བཞི་བརྒྱ་བ། ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ། དེའི་རང་འགྲེལ་རྟོག་གེའི་འབར་བ། ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ། སྤྱོད་འཇུག་ཆེན་མོ་སོགས་ཀྱི་ནང་དུ་ཕྱི་རོལ་མུ་སྟེགས་པས་འདོད་པའི་རྟོག་གེའི་ ཚིག་དོན་བཅུ་དྲུག་དང༌། ཐེག་ཆེན་སངས་རྒྱས་ཀྱི་བཀར་མི་འདོད་པའི་ཉན་ཐོས་དངོས་སྨྲ་བ་རྣམས་ཞིབ་མོའི་ ལུགས་སུ་བྱས་ནས་བཀག་གནང་ཡོད། ༽

སློབ་མའི་ཚོགས་ཀྱང་ཨརྱ་དེ་བ་དང༌། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། ཀླུའི་བྱང་ཆུབ། ཀླུའི་བཤེས་གཉེན་སོགས་ཀྱིས་གཙོས་བསྟན་འཛིན་གྱི་སྐྱེས་བུ་ས་ཡི་རྡུལ་དང་མཉམ་ པ་བྱུང་ཞིང༌། དངོས་སློབ་སངས་རྒྱས་བསྐྱངས་ཀྱིས་བམ་པོ་གཅིག་དང་ཤོ་ལོ་ཀ་ཆིག་བརྒྱ་བཞི་བཅུ་ ཡོད་པའི་དབུ་མ་རྩ་ཤེས་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏ་མཛད་དེ་རྩ་ཤེས་སུ་གསལ་བའི་ རིགས་པ་རྣམས་ཐལ་འགྱུར་བའི་ལུགས་སུ་བཀྲལ་ཞིང་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་པ་ དང༌།

དེ་རྗེས་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་ འགྲེལ་བ་ཤེས་རབ་སྒྲོན་མེར་བུདྡྷ་པཱ་ལི་ཏ་རྩ་ཤེས་ཀྱི་འགྲེལ་བ་ཚད་ལྡན་ཞིག་མ་ ཡིན་པའི་རྩོད་གླེང་ཤུགས་ཆེ་བྱས་ཏེ་རང་རྒྱུད་ཀྱི་གཏན་ཚིགས་ངེས་པར་དུ་འགོད་ དགོས་པའི་རྒྱུ་མཚན་བགྲངས་ཐོག་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས།

དེའི་འོག་ཏུ་སློབ་དཔོན་ཟླ་གྲགས་ཀྱིས་ འགྲེལ་བ་ཚིག་གསལ་དུ་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་འཕངས་པའི་སྐྱོན་ དེ་རྣམས་སློབ་དཔོན་སངས་རྒྱས་བསྐྱངས་ལ་མི་འཇུག་པ་དང༌། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པར་གནོད་བྱེད་དང་ཁས་ལེན་མི་རིགས་པའི་སྒྲུབ་ བྱེད་བརྒྱ་ཕྲག་མང་པོ་བཀོད་ནས་འཕགས་པའི་དགོངས་པ་ཐལ་འགྱུར་བའི་ལུགས་སུ་བཀྲལ་ བས་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཡང་དག་པར་ཕྱེས་པ་དང༌།

དེ་རྗེས་ཞི་འཚོ་ཡབ་སྲས་ཀྱི་འཕྲིན་ལས་ལ་ བརྟེན་ནས་རང་རྒྱུད་པ་༼ བྱེ་མདོ་གཉིས་ཀྱིས་བདེན་བཞི་སྟོན་པའི་མདོ་དང༌། སེམས་ཙམ་པས་མདོ་སྡེ་དགོངས་འགྲེལ། དབུ་མ་པས་འཁོར་ལོ་བར་བའི་མདོར་ཁུངས་བཅོལ་གྱི་ཡོད། དབུ་མ་རང་རྒྱུུད་པ་དང་ཐལ་འགྱུར་བ་ནང་གསེས་གཉིས་པོར་ཁུངས་བཅོལ་སའི་མདོ་ཟུར་ དུ་མེད། དེ་གཉིས་གཙོ་བོ་འཁོར་ལོ་བར་བའི་དགོངས་པ་བཀྲལ་ཚུལ་ལ་མི་འདྲ་བ་གཉིས་བྱུང་བས་ མིན་ནམ་སྙམ་པ་ལྟ་བུ་ཞིག་ྋགོང་ས་མཆོག་ནས་བཀའ་གནང་འདུག ༽ལའང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་སོགས་སུ་གྱེས།

དེ་ཙམ་མ་ཟད་སློབ་དཔོན་དེ་དག་གིས་ཀྱང་ སློབ་མ་མང་དུ་བསྐྱངས་པ་དང་སློབ་མ་དེ་དག་ལའང་ཡང་སློབ་ལྟ་བུ་མང་དུ་བྱུང༌། ལྷག་པར་དུ་རྡོ་འཇོག་དང༌། དཔལ་ནཱལནྡཱ། བི་ཀ་རམ་ཤི་ལའི་གཙུག་ལག་ཁང་སོགས་ཀྱིས་མཚོན་ཐོས་བསམ་སློབ་གཉེར་བྱེད་སའི་ཆོས་ གཞི་མི་འདྲ་བ་དྲུག་སྟོང་ལྷག་ཙམ་ཞིག་ཡུལ་དེའི་ས་ཕྱོགས་གང་སར་གསར་བཞེངས་བྱས་ པ་སོགས་ཀྱིས་ཐེག་ཆེན་གྱི་བསྟན་པའི་གཞི་རྐང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ ཚུགས་པར་བྱས།

དེ་ཕྱིས་ས་གསུམ་བརྙེས་པ་འཕགས་པ་ཐོགས་ མེད་ཞབས་བྱོན་ཏེ་དགའ་ལྡན་དུ་རྗེ་བཙུན་བྱམས་མགོན་གྱི་མདུན་ནས་མངོན་རྟོགས་ རྒྱན་དང༌། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད་སོགས་བྱམས་ཆོས་སྡེ་ལྔས་མཚོན་མདོ་རྒྱུད་ཀྱི་དགོངས་དོན་ བཀྲལ་བའི་བསྟན་བཅོས་མང་དུ་གསན་བསམ་གྲུབ་ནས་མི་ཡུལ་དུ་ཕེབས་བཞུད་ཀྱིས་སའི་ དངོས་གཞི། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། སྒོ་བསྡུ་བ་སྟེ་ས་སྡེ་ལྔ་དང༌། ཐེག་པ་ཐུན་མོང་བ་དང་ཐེག་ཆེན་ཐུན་མོང་བའི་སྡོམ་མངོན་པ་ཀུན་བཏུས་དང༌། ཐེག་བསྡུས་སོགས་མཛད་དེ་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས་པ་མ་ཟད། ཁོང་གི་མཛད་པ་འཕྲིན་ལས་ཉག་ཅིག་ལ་བརྟེན་ནས་སྐབས་དེ་དག་ཏུ་སློབ་དཔོན་དབྱིག་ གཉེན་གྱིས་གཙོས་ཐེག་ཆེན་གྱི་བསྟན་པ་འཛིན་པའི་དགེ་སློང་ཁྲི་ཕྲག་གཉིས་ཙམ་ བྱུང་བ་སོགས་ཀྱིས་ནང་པའི་རྗེས་འཇུག་པ་ཚོས་ཁོང་ལ་ཤིང་རྟ་ཆེན་པོ་གཉིས་པ་ཞེས་ པའི་མཚན་གྱིས་གཟེངས་བསྟོད་པར་བྱས།

མདོར་བསྡུས་ནས་བཤད་ན། ཡུམ་ཤེར་ཕྱིན་གྱི་དགོངས་དོན་འགྲེལ་ལུགས་ལ་རྩ་བའི་ཆ་ནས་ཁག་མི་འདྲ་བ་གཉིས་ཙམ་ བྱུང་ཡོད་པར་མངོན་ལ། དེ་ཡང་གཙོ་བོ་རྗེ་བཙུན་འཇམ་དབྱངས་ནས་མགོན་པོ་ཀླུ་སྒྲུབ་སོགས་བརྒྱུད་པའི་ དངོས་བསྟན་སྟོང་ཉིད་རིམ་པ་འགྲེལ་བའི་ལུགས་གཅིག་དང༌། རྗེ་བཙུན་བྱམས་མགོན་ནས་འཕགས་པ་ཐོགས་མེད་སོགས་བརྒྱུད་པའི་སྦས་དོན་མངོན་ རྟོགས་ཀྱི་རིམ་པ་འགྲེལ་བའི་ལུགས་གཅིག་བཅས་ལུགས་མི་འདྲ་བ་གཉིས་ཡོད། ལུགས་དེ་གཉིས་ཀྱི་ནང་དུ་མ་འདུས་པའི་འགྲེལ་ལུགས་ཕུང་གསུམ་པ་ཞིག་དུས་ད་ལྟའི་ བར་དུ་བྱུང་མེད་པར་མངོན་ཞིང༌། བསྟན་པ་དེ་འཛིན་གྱི་སློབ་བརྒྱུད་དེ་དག་ཀྱང་སྡེ་ཚན་དེ་གཉིས་ཀྱི་ཁོངས་སུ་ གཏོགས་པར་སེམས།

དེ་བཞིན་གསང་བ་སྔགས་ཀྱི་བསྟན་པར་མཚཽན་ན་ བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་མིའི་ འཇིག་རྟེན་འདིར་ཡོངས་ཁྱབ་རང་བཞིན་དུ་བསྟན་པ་ལས། རྒྱུད་སྡེ་ལྷག་མ་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཉིས་ལྷ་ དང་གནོད་སྦྱིན་གྱི་རིགས་འགའ་རེར་མ་གཏོགས་མིའི་འཇིག་རྟེན་འདིར་བསྟན་མེད་པ་ ལོ་རྒྱུས་ཀྱི་བྱུང་རིམ་ནས་རྟོགས་ཐུབ་པ་ཞིག་རེད།

བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་པའི་ འོག་ཏུ་གསང་བ་སྔགས་ཀྱི་བསྟན་པ་འཛིན་པའི་སློབ་དཔོན་འགས་རྒྱ་གར་ནུབ་ཕྱོགས་ཨོ་ ཊི་ཡཱ་ན་སྟྟེ་བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་འབོད་པའི་ཡུལ་ནས་གསང་ སྔགས་ཀྱི་རྒྱུད་སྡེ་ཡོངས་སུ་རྫོགས་པའི་གླེགས་བམ་མང་པོ་མི་ཡུལ་འདིར་གདན་ དྲངས་པ་དང༌། སྐབས་དེའི་ཡས་མས་སུ་བྱོན་པའི་གསང་སྔགས་ཀྱི་སློབ་དཔོན་མང་པོས་གསང་བ་སྔགས་ ཀྱི་ཆོས་ཚུལ་དག་གསང་ཞིང་སྦས་པའི་བརྟུལ་ཞུགས་ཀྱིས་ཉམས་ལེན་བྱས་པས་དུས་རབས་ བདུན་པའི་འགོ་སྟོད་བར་དུ་ཡུལ་དེར་གསང་སྔགས་ཀྱི་ཆོས་དག་འཕེལ་རྒྱས་ཆེན་པོ་ བྱུང་ཐུབ་མེད་པ་རེད།

དུས་རབས་བདུན་པའི་འགོ་སྟོད་ནས་བཟུང་གསང་ བ་སྔགས་ཀྱི་ཆོས་ཚུལ་ཆ་ཚང་བ་ཡུལ་དེར་ཡོངས་ཁྱབ་རང་བཞིན་དུ་དར་འགོ་བརྩམས་པས། སྐབས་དེ་ནས་བཟུང་དུས་རབས་བཅུ་གསུམ་པའི་འགོ་སྟོད་བར་དུ་ཐེག་པ་ཆེ་ཆུང་སྔགས་ དང་བཅས་པ་ཆ་ཚང་བ་དང་ལྷག་པར་དུ་གསང་བ་སྔགས་ཀྱི་བསྟན་པ་ཕྱོགས་ཡོངས་ནས་འཕེལ་ རྒྱས་ཆེན་པོ་བྱུང་ཡོད།

གཞན་ཡང༌། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནས་བསྟན་པའི་གཏད་རབས་བདུན་དང༌། དེ་ནས་བསྟན་པའི་གཏད་རབས་བདུན་གྱི་ཐ་མ་ལེགས་མཐོང་གི་སློབ་མ་ཕྱིར་མི་འོང་ གློས་མི་འབེབས་པ་དང༌། དེའི་སློབ་མ་གྲགས་ཅན་དུ་བརྩི་བ་ཁ་ཆེ་འདུས་བཟང་སོགས་ཀྱི་དུས་སུ་འདུལ་བསྟན་ དར་རྒྱས་ཆེན་པོ་བྱུང་བ་དང༌། ལྷག་པར་དུ་ཁ་ཆེ་འདུས་བཟང་གི་སློབ་མ་སློབ་དཔོན་དབྱིག་གཉེན་དང༌། དེའི་སློབ་མ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་ལུང་སྡེ་ བཞིའི་བརྗོད་དོན་རྣམས་ཁོག་བསྒྲགས་ནས་གནད་ཚང་བར་བྱས་ཏེ་བརྩམས་པའི་བམ་པོ་དགུ་ དང་ཤོ་ལོ་ཀ་ཉིས་སྟོང་བདུན་བརྒྱ་ཡོད་པའི་འདུལ་བ་མདོ་རྩ་དང༌། འདུལ་བ་མདོ་རྩའི་རྣམ་བཤད། འདུལ་བའི་ལག་ལེན་ལས་བརྒྱ་རྩ་གཅིག་པ་སོགས་མཛད་པ་དང༌། དེའི་སློབ་མ་ཤཱཀྱ་འོད་ཀྱིས་སུམ་བརྒྱ་བ། སུམ་བརྒྱ་པའི་རང་འགྲེལ་འོད་ལྡན་དང་བཅས་པ་མཛད་པ་མ་ཟད། སློབ་དཔོན་ཡོན་ཏན་འོད་ལ་སློབ་མ་ཤཱཀྱ་འོད་ཀྱིས་གཙོས་འདུལ་བ་འཛིན་པའི་སློབ་མ་ དགེ་སློང་ལྔ་སྟོང་ཙམ་བྱུང་བ་སོགས་ཀྱིས་འདུལ་བའི་བསྟན་པ་ཤུགས་ཆེ་དར་བར་བྱས།

དེ་མིན་སྔོན་དུས་སུ་འཕགས་པ་ཉེར་སྦས་ཀྱི་ དངོས་སློབ་ཟླ་བ་ནོར་བུས་གཙོས་ཉན་ཐོས་དགྲ་བཅོམ་པའི་དགེ་འདུན་པ་ལྔ་བརྒྱས་བྱང་ ཕྱོགས་ཀྱི་རི་བོ་འབིགས་བྱེད་ཀྱི་གར་མཁན་གྱི་གཙུག་ལག་ཁང་དུ་ཐུན་མོང་དུ་བྱས་ པར་གྲགས་པའི་བསྟན་བཅོས་མངོན་པ་སྡེ་བདུན་གྱི་དགོངས་འགྲེལ་དུ་གྲགས་པ་ཤོ་ལོ་ཀ་ ཆིག་འབུམ་ཡོད་པའི་བྱེ་བྲག་བཤད་མཚོ་ཆེན་མོ་དང༌། དེའི་བཤད་རྒྱུན་བར་མ་ཆད་པ་སློབ་དཔོན་དབྱིག་གཉེན་གྱིས་གསན་ཏེ་མངོན་པ་སྡེ་ བདུན་དང་བྱེ་བྲག་བཤད་མཚོ་ཆེན་མོ་སོགས་ཀྱི་བརྗོད་སྙིང་རྣམས་གཅིག་ཏུ་བཏུས་ པའི་བསྟན་བཅོས་གྲགས་ཅན་ཆོས་མངོན་པ་མཛོད་དང༌། དེའི་རང་འགྲེལ་མཛོད་རང་འགྲེལ་དུ་གྲགས་པ་སོགས་བརྩམས་པས། ཆོས་མངོན་པ་མཛོད་ཀྱི་བཤད་རྒྱུན་འཛིན་པའི་སློབ་མ་གྲངས་ཀྱིས་མི་ལང་བ་བྱུང༌།

དེ་ཙམ་མ་ཟད་རིག་པ་ཅན་པས་བཀུར་བའི་སྟོན་ པ་རྐང་མིག་པས་རྟོག་གེའི་མདོ་ཞེས་པའི་བསྟན་བཅོས་འདི་བརྩམས་པ་ནས་བཟུང་ཕྱི་ ལུགས་ཀྱི་གཏན་ཚིགས་རིག་པའི་རྣམ་གཞག་ཕྱོགས་ཡོངས་ནས་ཆ་ཚང་མིན་དང་ཡང་དག་མིན་ལ་ མ་ལྟོས་པར་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། དེ་ལྟའི་རྟོག་གེའི་བསྟན་བཅོས་འདི་ཕྱི་ནང་ཐུན་མོང་གི་ཚད་མ་རིག་པ་འཕེལ་རྒྱས་ ཀྱི་ཐོག་མའི་རྨང་གཞི་ལྟ་བུར་ཆགས།

དེ་རྗེས་བདག་ཅག་གི་སྟོན་པས་ས་བཅུ་པ་དང་ རྒྱན་སྟུག་པོ་བཀོད་པའི་མདོ་སོགས་ནས་ཚད་མ་གསུམ་གྱི་རྣམ་གཞག་དང་ཚད་མ་རིག་པར་ བསླབ་པའི་དགོས་པ་སོགས་མང་དུ་གསུངས། ཕྱིས་སློབ་དཔོན་ཆོས་སྐྱོབ་ཀྱིས་ཚད་མའི་བསྟན་བཅོས་སྨྲ་བའི་སྒོ་ཞེས་པ་མཛད། དེ་ནི་རང་ཅག་ནང་པ་སངས་རྒྱས་པའི་ཚད་མ་རིག་པའི་བསྟན་བཅོས་ཀྱི་ཆེས་ཐོག་མ་དེ་ ཡིན། དེ་རྗེས་སློབ་དཔོན་དབྱིག་གཉེན་གྱིས་རྩོད་པ་སྒྲུབ་པ་དང༌། དེའི་སློབ་མ་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་དང་ དེ་དག་གི་སྙིང་དོན་གཅིག་ཏུ་བཏུས་པའི་བསྟན་བཅོས་ཚད་མ་མདོ། དཔལ་ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན། དེའི་སློབ་མ་ལྷ་ཤཀ་གཉིས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ། སློབ་དཔོན་དུལ་བ་ལྷས་ཚད་མ་སྡེ་བདུན་ཀ་རྟགས་ཅན་གྱི་འགྲེལ་བ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ། སློབ་དཔོན་ཆོས་མཆོག་གིས་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་འཐད་ལྡན་ཆེན་མོ་དང༌། འཐད་ལྡན་ཆུང་བ། རིགས་ཐིགས་ཀྱི་འགྲེལ་བ་སློབ་མ་ལ་ཕན་པ་སོགས་མང་དུ་མཛད་པས། ནང་བསྟན་ཚད་མ་རིག་པ་དར་རྒྱས་ཆེན་པོ་བྱུང་བ་བཅས་ནང་པའི་བསྟན་པ་སྤྱི་བྱེ་ཡན་ ལག་དང་བཅས་པའི་ཐུན་མིན་གྱི་ཁྱད་ཆོས་དང་བྱུང་བ་སོགས་མདོ་ཙམ་ཞིག་བཤད་པ་ཡིན་ པས་རྣམ་པ་ཚོར་ཐུགས་ཕན་སོས་པའི་རེ་བ་ཡོད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།