18
Thu, Apr

གྷར་ཊ་ཐུན་བྷེར་ཁི། མ་ལ་ལ་ཡོ་ས་ཧྥོ་ཛི། ཨེ་མ་གྷོན་ཛ་ལེ།

ཆེད་བསྒྲིགས།
ཡིག་གཟུགས་སྒྲིག་ཆས།

དེང་སང་གི་ན་གཞོན་ཚོས་ཁོར་ཡུག་དང་། སྤྱི་ཚོགས། ཆབ་སྲིད་ཀྱི་གནད་དོན་ཐོག་དོ་ཁུར་ཤུགས་ཆེན་བྱེད་ཀྱི་ཡོད། གཤམ་གསལ་གྱི་ན་གཞོན་ལྔ་ཡིས་རྒྱལ་ཁབ་ཁག་གི་གཞུང་དང་མི་མང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

དང་པོ། གྷར་ཊ་ཐུན་བྷེར་ཁི(Greta Thunberg)

ཁོར་ཡུག་ལས་འགུལ་བ་གྷར་ཊ་ཐུན་བྷེར་ཁི་ནི། ལོ་༢༠༠༣་ལོར་སྐྱེས་ཤིང་། ད་ལྟ་རང་ལོ་༡༦་ཡིན་པའི་བུ་མོ་ཞིག་ཡིན། ཁོ་མོས་དབྱིན་ལན་གྱི་ཆབ་སྲིད་པ་ཚོར་ཁོར་ཡུག་དང་འབྲེལ་བའི་ཐོག ཚན་རིག་པར་ཉན་དགོས་པའི་ནན་སྐུལ་བྱས་ཡོད། ལོ་༡༥་སོན་སྐབས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཞིག་ཏུ་ཆགས་འདུག དེ་ཡང་། ༢༠༡༨་ལོར། སྭི་ཌེན་གྲོས་ཚོགས་ཀྱི་མདུན་དུ། གྷར་ཊ་ཐུན་བྷེར་ཁི་ཡིས་སློབ་གྲྭར་མ་སོང་བར་ལས་འགུལ་སྤེལ་ཡོད་ཅིང་། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བའི་ཐོག་ལ་ལས་དོན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུས། དེའི་རྗེས། སློབ་ཕྲུག་མང་པོ་ཞིག་ཁོ་མོ་དང་མཉམ་དུ་སླེབས་ནས་གནམ་གཤིས་འགྱུར་ལྡོག་ཐོག་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་མ་ཟད། ལས་འགུལ་དེ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གཞོན་སྐྱེས་ཚོར་སེམས་ཤུགས་བསྐྱེད། དེར་བརྟེན། བདུན་ཕྲག་རེར་འཛམ་གླིང་ས་ཕྱོགས་ཤིག་ལ་ན་གཞོན་ཚོས་གནམ་གཤིས་ཀྱི་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཐོག་ལ་ལས་འགུལ་སྤེལ་བཞིན་ཡོད་འདུག

ལོ་སྔོན་མར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག གྷར་ཊ་ཐུན་བྷེར་ཁི་ཡིས་གཏམ་བཤད་འདི་ལྟར་སྤེལ་འདུག ང་ཚོའི་འགོ་ཁྲིད་ཚོས་ཕུགས་བསམ་དང་ལྡན་པའི་སྒོས་ལས་དོན་སྒྲུབ་ཀྱི་མི་འདུག ཁོ་ཚོས་སྔོན་ནས་བྱེད་དགོས་པའི་ལས་འགན་རྣམས་ད་ལྟ་ང་ཚོས་འཁྱེར་དགོས་ཡོད། ཁོར་ཡུག་གི་གནད་དོན་འདི་དག་ནི་མི་རབས་རྙིང་པ་ཚོ་དང་འབྲེལ་བ་ཡོད་པ་རྟོགས་དགོས། ང་ཚོ་ཁོ་ཚོས་བཟོས་པའི་རྙོག་དྲ་དང་འབག་བཙོག་གི་ནང་དུ་སྡོད་དགོས་པ་དང་། ང་ཚོས་དེ་གཙང་མ་བཟོ་དགོས་ཡོད། དེར་བརྟེན། ང་ཚོས་ང་ཚོའི་དཀའ་ངལ་རྣམས་མི་ཚང་མར་ཤེས་སུ་འཇུག་དགོས། ཞེས་བརྗོད་འདུག

ད་དུང་འདི་ལོའི་ཟླ་༩་ཚེས་༢༣་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལག་བསྟར་ལྷན་ཚོགས་(United Nations Climate Action Summit)་དེ་ནེའུ་ཡོར་དུ་ཚོགས་ཡོད་པ་དང་། དེའི་ཐོག་ཁོ་མོས། ཁྱོད་ཚོས་སྐད་ཆ་སྟོང་པ་ཞིག་གིས་ངའི་རྨི་ལམ་དང་བྱིས་པའི་འཚོ་བ་འཕྲོག་སོང་། གལ་སྲིད། གནམ་གཤིས་འགྱུར་ལྡོག་ཐོག་ལག་བསྟར་མ་བྱེད་ན། མི་རབས་གསར་པ་ཚོས་ཁྱོད་ཚོ་ནམ་ཡང་དགོངས་ཡངས་མི་གཏོང་། ཞེས་བརྗོད་འདུག

གཉིས་པ། མ་ལ་ལ་ཡོ་ས་ཧྥོ་ཛི(Malala Yousafzai)

མ་ལ་ལ་ཡོ་ས་ཧྥོ་ཛི་རང་ལོ་༡༡་ཡིན་སྐབས། ཁོ་མོས་པ་ཀི་སི་ཐན་ནང་དུ་ཏ་ལི་བྷན་(Taliban rule)དབང་འོག་ཏུ་གནས་པའི་ཉིན་རེའི་འཚོ་བ་རྣམས་ཉིན་ཐོར་བྲིས་ནས་དེབ་ཏུ་དཔར། དེར་མི་མང་པོས་དོ་སྣང་ཆེན་པོ་བྱས། དེའི་རྗེས། ཁོ་མོས་མངོན་གསལ་དོད་པོས་བུ་མོ་ཚོར་ཤེས་ཡོན་ཐོབ་ཐང་དགོས་པའི་གཏམ་བཤད་སྤེལ་ཡོད་འདུག

ལོ་གསུམ་གྱི་རྗེས་སུ། མ་ལ་ལའི་ལས་འགུལ་དེར་བརྟེན། མེ་མདའ་འཁྱེར་བའི་མི་ཞིག་གིས་སློབ་གྲྭའི་སྤྱི་འཁོར་ནང་དུ་མ་ལ་ལའི་མགོ་ལ་མེ་མདས་བརྒྱབ་རྗེས་མོའི་མི་ཚེར་འགྱུར་བ་ཆེན་པོ་བྱུང་། མ་ལ་ལ་དམར་གསོད་གཏོང་ཐབས་བྱས་པ་དེས་མོ་རང་གི་མདུན་ལམ་དང་དམིགས་ཡུལ་བཀག་ཐུབ་མེད། མོ་སྔར་ལས་སྐད་གྲགས་ཆེན་པོ་ཆགས་ཏེ། ༢༠༡༤་ལོར་མ་ལ་ལ་སྐད་གྲགས་ཆེ་བའི་དུས་བབ་ཀྱི་དུས་དེབ་ཐོག་ཏུ་སྤེལ་ཡོད་པ་མ་ཟད། ལོ་ན་ཆུང་ཤོས་ཀྱི་ཞི་བདེ་གཟེངས་རྟགས་ཐོབ་མཁན་དུ་གྱུར།

ཁོ་མོས་ཞི་བདེའི་གཟེངས་རྟགས་བཞེས་སྐབས་གཏམ་བཤད་འདི་ལྟར་གནང་འདུག གཟེངས་རྟགས་འདི་ནི་ངའི་ཆེད་དུ་ཁོ་ན་མིན། འདི་ནི་བརྗེད་ཟིན་པའི་བྱིས་པ་ཚོ་དང་། ཤེས་ཡོན་ཐོབ་འདོད་མཁན་ཚོའི་ཆེད། ཞི་བདེ་འདོད་ཅིང་འཇིགས་སྐྲག་འོག་ཏུ་གནས་པའི་བྱིས་པ་ཚོའི་ཆེད། འགྱུར་བ་གཏོང་འདོད་རུང་ཁོ་ཚོའི་འབོད་སྒྲ་མི་ཐོས་པའི་བྱིས་པ་ཚོའི་ཆེད་དུ་ཡིན། ང་འདིར་ཁོ་ཚོའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་འབོད་སྒྲ་སྒྲོག་པར་ཡོང་ཡིན། དེ་ནི་སྙིང་རྗེ་བྱེད་པའི་དུས་ཚོད་ཅིག་མ་རེད་ཅེས་བརྗོད་ཡོད་འདུག

གསུམ་པ། ཨེ་མ་གྷོན་ཛ་ལེ(Emma González)།

༢༠༡༨་ལོར། ཨ་རིའི་མངའ་སྡེ་ཧྥོ་ལོ་རི་ཊ་ནང་དུ་ཡོད་པའི་གྲོང་ཁྱེར་པ་ཁི་ལེན་ཌིའི་ནང་གི་མཐོ་སློབ་མར་ཇོ་རུ་སི་ཊན་མ་ཌོ་གྷ་ལ་སུ་ཞེས་པའི་ནང་དུ། མི་ཞིག་གིས་སློབ་ཕྲུག་ཚོར་མེ་མདས་བརྒྱབ་ནས་སློབ་ཕྲུག་༡༧་བསད། ཨེ་མ་གྷོན་ཛ་ལེ་ནི་དོན་རྐྱེན་དེའི་ནང་དུ་ཡོད། ཁོ་མོ་འཇིགས་སྣང་འོག་ཏུ་མི་གནས་པར་ཁོ་མོ་དང་དོན་རྐྱེན་དེའི་ཁྲོད་ནས་སྲོག་ཐར་བའི་སློབ་ཕྲུག་ཚོས་རྒྱལ་ཡོངས་ལ་མེ་མདའི་དྲག་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་ལ་སྤེལ། ཨེ་མ་གྷོན་ཛ་ལེ་རང་ལོ་༡༨་ཡིན་སྐབས། མོ་རང་དང་སློབ་ཕྲུག་ཚོས་མཉམ་འབྲེལ་ཐོག མ་སི་ཌར་བསྐྱར་དུ་མེ་མདའི་དོན་རྐྱེན་མི་ཡོང་བ་(Never Again MSD)ཞེས་པའི་ཚོགས་པ་ཤིག་བཙུགས་ཡོད། དེ་ནི་མེ་མདའ་ཉོ་ཚོང་མཚམས་འཇོག་དགོས་པའི་ལས་འགུལ་ཁང་ཞིག་ཡིན་འདུག

༢༠༡༨་ལོར། ཨེ་མ་གྷོན་ཛ་ལེ་ཡིས་ཝ་ཤིན་ཏོན་ལ་ང་ཚོའི་མི་ཚེའི་ཆེད་དུ་ལས་འགུལ་ཞེས་པའི་ཐོག མེ་མདའི་དོན་རྐྱེན་ཁྲོད་གྲོངས་པའི་རང་གི་སློབ་གྲོགས་ཚོའི་མིང་བཀླགས་རྗེས་སྐར་མ་བཞི་ལ་མྱ་ངན་ཞུས་ནས། གཏམ་བཤད་སྐད་གྲགས་ཆེན་པོ་ཞིག་གནང་ཡོད།

དེའི་རྗེས། ཨེ་མ་གྷོན་ཛ་ལེ་དང་སློབ་ཕྲུག་ཚོས་མེ་མདའ་ཉོ་འཚོང་མཚམས་འཇོག་དགོས་པའི་ལས་འགུལ་མི་འདྲ་སྤེལ་བར་བརྟེན། ༢༠༡༨་ལོའི་ཟླ་༣་པའི་ནང་དུ། མངའ་སྡེ་ཧྥོ་ལོ་རི་ཊའི་ཁྲིམས་བཟོ་བས་མཐོ་སློབ་མར་ཇོ་རུ་སི་ཊན་མ་ཌོ་གྷ་ལ་བདེ་འཇགས་ཁྲིམས་ཞེས་པ་ཞིག་བཏོན་ཡོད་འདུག ཁྲིམས་དེས་མེ་མདའ་ཉོ་ཆོག་པའི་ལོ་ཚད་ནི་༡༨་ནས་༢༡་ལ་སྤེལ་ཡོད་པ་དང་། མཚོན་ཆ་ཉོ་དགོས་སྐབས་ཉིན་གསུམ་གྱི་རིང་སྒུག་དགོས་པར་བཟོས་ཡོད་འདུག

 བཞི་པ། ཇེ་ཁི་ཨན་ཌར་ཀ(Jack Andraka)

ཨ་རི་ནས་ཡིན་པའི་མཐོ་རིམ་སློབ་མ་ཇེ་ཁི་ཨན་ཌར་ཀ་རང་ལོ་༡༥་ཡིན་སྐབས། གཤེར་རྨེན་གྱི་སྐྲན་ནད་རྩད་གཅོད་པའི་ཐབས་ལམ་གསར་བ་དང་རིན་གོང་བདེ་བ་ཞིག་གསར་གཏོར་བྱས། ན་གཞོན་དེ་༢༠༡༢་ལོར་རྒྱལ་སྤྱིའི་ཚན་རིག་དང་བཟོ་སྐྲུན་ལས་རིགས་ཞེས་པའི་ཚོགས་པས་ཁོའི་གསར་གཏོད་དེར་ཨ་སྒོར་༧༥༠༠༠་སྤྲད། གསར་གཏོད་དེ་ནི་ཁོས་དྲ་ཐོག་ཚན་རིག་གི་ཟིན་བྲིས་བཀླགས་ནས་བསམ་བློ་དེ་རེག་ཡོད་ཚུལ་བརྗོད། གསར་གཏོད་བྱས་པའི་བརྟག་དཔྱད་དེ་མུ་མཐུད་ནས་ཡར་རྒྱས་གཏོང་བཞིན་ཡོད་འདུག

ལྔ་པ། ཨ་མེ་ཀ་ཇོར་ཆུ(Amika George)།

ཨ་མེ་ཀ་ཇོར་ཆུ་ཡིས་ཨ་ཧྥི་རི་ཁའི་ནང་དུ་བུ་མོ་ཚོས་ཟླ་མཚན་གྱི་གཙང་ཤོག་ཉོ་ཐུབ་ཀྱི་མེད་ཙང་། དགེ་རྩ་ཚོགས་པ་ཞིག་གིས་ཟླ་མཚན་གཙང་ཤོག་རིན་མེད་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཞིག་བཀླགས་རྗེས། ཁོ་མོའི་སེམས་སུ་དབྱིན་ལན་ནང་དུ་ཡོད་པའི་བུ་མོ་ཉམ་ཐག་ཚོའི་ཆེད་དུ་ལས་དོན་སྒྲུབ་དགོས་པའི་སེམས་ཐག་བཅད། ཨ་མེ་ཀ་རང་ལོ་༡༧་ཡིན་སྐབས། མོས་ཟླ་མཚན་དཀའ་ངལ་ལས་ཐར་པ་ཞེས་པའི་ཚོགས་པ་ཞིག་བཙུགས། དེ་ནས་དབྱིན་ལན་གྱི་སྲིད་བློན་བཞུགས་གནས་ཀྱི་ཌོ་ནི་སྲང་ལམ་དུ་མི་གྲངས་༢༠༠༠་ཞིག་གིས། གོས་དམར་པོ་གྱོན་ནས་ངོ་རྒོལ་གྱིས་གཞུང་ལ་བུ་མོ་ཚོའི་ཟླ་མཚན་གཙང་ཤོག་གི་དཀའ་ངལ་ཐོག་ལ་ལས་དོན་ལག་བསྟར་བྱེད་དགོས་པའི་དགོས་འདུན་བཏོན། དེར་བརྟེན་ནས། ༢༠༡༩་ལོའི་ཟླ་༣་པའི་ནང་དུ། དབྱིན་ཡུལ་གཞུང་གིས་དབྱིན་ཇའི་སློབ་གྲྭ་དང་མཐོ་སློབ་ཁག་གི་ནང་དུ། གཙང་ཤོག་རིན་མེད་ཐོག་སྤྲོད་རྒྱུ་ཡིན་པར་གསལ་བསྒྲགས་བྱས་ཡོད་འདུག