19
Fri, Apr

༢༠༡༩ལོའི་ཟླ་༦་ཚེས་༡༥ཉིན། ༸གོང་ས་མཆོག་གིས་ལྡི་ལིར་ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཚོགས་ཆེན་ཐོག་བཀའ་སློབ་སྩོལ་སྐབས། པར། རྒྱལ་བ་རིན་པོ་ཆེའི་དྲ་བ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཚོགས་ཆེན་ཐོག་༸གོང་ས་མཆོག་གིས། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་ཨ་མའི་བྱམས་བརྩེ་ལ་བརྟེན་ནས་འཚོ་བ་དང་། ཇི་ཙམ་མའི་བྱམས་བརྩེ་མང་བ་ཐོབ་པ་དེ་ཚོད་ཀྱིས་མི་དེ་སེམས་བག་ཕེབས་པ་དང་། སེམས་ནང་སྤྲོ་སྣང་ཆེ་བ་ཡོད་སྐོར་བཀའ་སློབ་སྩལ་འདུག

དེ་ཡང་༢༠༡༩ལོའི་ཟླ་༦་ཚེས་༡༥ཉིན། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ། རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཚོགས་ཆེན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཙོས། རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ་སྐུ་ཞབས་ཧ་མིཌ་ཨན་སཱ་རི་(Hamid Ansari)མཆོག་དང་། སྐུ་ཞབས་སི་དིག་ཝ་ཧིཌ་(Dr. Siddiq Wahid)སོགས། གཞན་ཚོགས་བཅར་བ་མང་ཆེ་བ་ནི་ཁ་ཆེ་བ་དང་མི་མང་བཅས་ཕེབས་ཡོད་འདུག

མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་གི་ཁ་ཆེའི་ཆོས་ལུགས་ནང་ཁུལ་སྤྱི་དང་། ལྷག་པར་མགོན་པོ་གང་ཉིད་མཆོག་ལ་དྭགས་ཁུལ་དུ་ཆིབས་སྒྱུར་ཡང་ཡང་བསྐྱངས་པར་བརྟེན། ཁུལ་དེར་སྤྱིར་ཁ་ཆེ་གྲངས་ཉུང་ཡིན་ཡང་། ལ་དྭགས་ཁ་ཆེ་ནང་ཁུལ་སུ་ནི་(Sunni )དང་ཤི་ཡ་(Shia)བར་འཆམ་མཐུན་གྱི་འབྲེལ་ལམ་བཟང་པོ་མི་རབས་ནས་མི་རབས་རྒྱུན་སྲིང་ཐུབ་པ་དེར་ཐུགས་ཡིད་འཕྲོག་པ་དང་། དེ་ལས་བློ་སྐྱེད་བཞེས་ནས་འབྱུང་འགྱུར་ལ་དྭགས་ཁ་ཆེའི་ནང་ཁུལ་འཆམ་མཐུན་གྱི་གོམས་གཤིས་བཟང་པོ་དེ་གཞི་རྩར་བཟུང་ནས། རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཞིག་ལྡི་ལིར་ཚུགས་རྒྱུར་ལམ་སྟོན་མཛད་པ་ལྟར་ཐེངས་འདིར་གོ་སྒྲིག་ཞུས་སྐོར་བཀའ་སློབ་སྩལ་འདུག

ལ་དྭགས་ཁ་ཆེའི་ཤེས་ལྡན་གཙུག་ལག་སློབ་དཔོན་སྐུ་ཞབས་སི་དིག་ཝ་ཧིཌ་(Dr. Siddiq Wahid)ལགས་ཀྱིས་ལྷན་ཚོགས་ངོ་སྤྲོད་གནང་དོན། ཐེངས་འདིར་ཚོགས་ཆེན་ནི་ལ་དྭགས་རྒྱལ་ས་སླེ་རུ་རྟེན་གཞི་བྱས་པའི་ལ་དྭགས་ཁ་ཆེ་བ་ཚོས་གཙོ་འགན་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དཔལ་འབྱོར་གྱི་མཐུན་འགྱུར་གསོལ་སྩལ་མཛད་པ་བརྒྱུད་ལྷན་ཚོགས་དེ་གོ་སྒྲིག་ཐུབ་པ་བྱུང་ཡོད་སྐོར་དང་།

དེའི་རྗེས་ཁོང་གིས་མུ་མཐུད་ནས་བརྗོད་དོན། དེ་སྔ་བོད་རང་བཙན་མ་ཤོར་གོང་བོད་མི་ཁ་ཆེ་དང་ནང་པའི་བར་མཐུན་ལམ་བཟང་པོ་རྒྱུན་སྐྱོང་གནང་ཡོད་པ་དང་། བོད་མི་ཚོས་ཁ་ཆེ་ཞེས་ཐ་སྙད་བེད་སྤྱོད་བཏང་བ་དེའང་ཀ་ཤི་མིར་ཞེས་པ་ནས་ཀ་ཤིར་དང་། དེ་ནས་རིམ་བཞིན་སྒྲ་ཉམས་ནས་ཁ་ཆེ་ཆགས་ཚུལ་དང་། དེ་བཞིན་བོད་ཀྱི་ཁ་ཆེའི་ཁྱིམ་མཚེས་རྒྱལ་ཁབ་(Tajikistan) ལ་ཏ་ཟིག་ཟེར་བ་སྔ་མོ་ནས་འབྲེལ་བ་ཡོད་སྐོར་དང་། ལྷག་པར་བོད་ཀྱི་ཡིག་སྐད་ལ་མཚོན་ན་བོད་ཙམ་མ་ཟད། རྒྱ་གར་ཧི་མ་ལ་ཡི་རི་རྒྱུད་དང་། འབྲུག་གི་རྫོང་ཁ་ཟེར་བ་དེའང་གཞི་རྩ་བོད་ཡིག་ཡིན་སྐོར་དང་། པ་ཀི་སི་ཐན་གྱི་མངའ་ཁོངས་བྷལ་ཏི་སི་ཐན་(Baltistan)ནང་བོད་ཀྱི་སྐད་ཡིག་དུས་ད་ལྟའང་དར་ཁྱབ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་བཀའ་སློབ་སྩལ། དེ་ཡང་ཐོག་མར་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་མའི་བྱམས་བརྩེ་ལ་བརྟེན་ནས་འཚོ་བ་དང་། ཇི་ཙམ་མའི་བྱམས་བརྩེ་མང་བ་ཐོབ་པ་དེ་ཚོད་ཀྱིས་མི་དེ་སེམས་བག་ཕེབས་པ་དང་། སེམས་ནང་སྤྲོ་སྣང་ཆེ་བ་ཡོད་སྐོར་བཀའ་སློབ་སྩལ། དེ་བཞིན་གནའ་རབས་འཛམ་གླིང་ནང་དར་ཁྱབ་ཧ་ཅང་ཆེ་བའི་རྒྱ་གར་དང་། རྒྱ་ནག ཨི་ཇིབ་སོགས་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་རྒྱ་ཁྱབ་ཏུ་དར་བ་དང་། རྒྱ་གར་ནང་མཚོན་ན་ལོ་ངོ་སྟོང་གི་རིང་ནས་ཞི་གནས་དང་ལྷག་མཐོང་སོགས་གཙོ་བོ་ནང་གི་གཤིས་རྒྱུད་དང་འབྲེལ་བའི་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ཡར་རྒྱས་ཚད་མཐོན་པོར་སོན་ཡོད་པ། དེས་དེང་འཛམ་གླིང་ནང་གཙོ་ཆེར་ཕྱི་དངོས་པོའི་དཔལ་ཡོན་ཁོ་ནར་གཙིགས་ཆེར་འཛིན་པའི་དུས་སྐབས་འདིར། སེམས་ནང་ཞི་བདེ་སྐྲུན་རྒྱུ་དང་། དེ་བརྒྱུད་འཛམ་གླིང་ཇེ་བཟང་དུ་གཏོང་ཐུབ་རྒྱུ་ཡིན་སྐོར་བཀའ་སློབ་སྩལ།

ཡང་ཁོང་གིས་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་ཐོག་བཀའ་སློབ་སྩོལ་སྐབས། རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ནས་ཆོས་ལུགས་མཐུན་སྒྲིལ་དར་ཁྱབ་བྱུང་བ་དང་། དུས་ད་ལྟའང་རྒྱ་གར་ནང་གྲངས་ཉུང་གི་ཆོས་ལུགས། དཔེར་ན་པར་སི་ལྟ་བུ་རྒྱ་གར་གྱི་སྤྱི་ཚོགས་ཆེན་པོ་འདིའི་ནང་ཞི་བདེ་བག་ཕེབས་ངང་གནས་ཐུབ་པ་ཙམ་དུ་མ་ཟད། རྒྱ་གར་གྱི་ཁ་ཆེའི་ཆོས་པ་ཚོར་མཚོན་ན་ཁ་ཆེ་ནང་ཁུལ་སུན་ནི་དང་ཤི་ཡ་གཉིས་འཆམ་མཐུན་ངང་གནས་ཡོད་སྟབས། ད་ཆ་རྒྱ་གར་ཁ་ཆེ་བ་ཚོས་གཙོ་འགན་ཐོག་ནས་ཁྱིམ་མཚེས་རྒྱལ་ཁབ་ཨབ་གྷ་ནི་སི་ཐན་དང་། པ་ཀི་སི་ཐན། དེ་བཞིན་དཀྱིལ་ཤར་ཡུལ་གྲུའི་ནང་ཁ་ཆེ་ནང་ཁུལ་གྲུབ་མཐའ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་འཁྲུག་རྩོད་བྱེད་བཞིན་པ་དེ་དག་མཚམས་འཇོགས་ཡོང་ཐབས་ཆེད། ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་པའི་རྒྱུད་སྐུལ་ཡང་མཛད། ཆོས་ལུགས་འཆམ་མཐུན་ཡིན་ནའང་འདྲ། མི་ཕན་ཚུན་འཆམ་མཐུན་སོགས་གཞི་རྩ་བྱམས་བརྩེའི་ཀུན་སློང་བརྒྱུད་ནས་ཡོང་དགོས་སྟབས་ཐོག་མར་ཆོས་ལུགས་དང་། རིགས་རུས། རྒྱལ་ཁབ་སོགས་ཀྱི་སྐད་ཆ་རྩ་བ་ནས་མིན་པར་ང་ཚོ་ཚང་མ་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་འགྲོ་བ་མི་གཅིག་མཚུངས་ཡིན་སྟབས། མི་གཅིག་གྱུར་གྱི་འདུ་ཤེས་འདིའི་ཐོག་ནས་མི་བཟང་པོ་ཞིག་ཆགས་ཐུབ་ཚེ། ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ་ལྡན་པ་ཞིག་ཡོང་ཐུབ་རྒྱུ་ཡིན་སྐོར་དང་།

གཞན་ཡང་། མགོན་པོ་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆབ་སྲིད་ཀྱི་ལས་འགན་དེ། ཕྱི་ལོ་༢༠༡༡ ལོར་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཟིན་ཡང་། ད་ཆ་བོད་ཀྱི་ཁོར་ཡུག་དང་རིག་གཞུང་སོགས་སྲུང་སྐྱོབ་ཆེད་འབད་བརྩོན་མཛད་བཞིན་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་བླངས།