19
Fri, Apr

༸གོང་ས་མཆོག་ལ་རྒྱ་གར་གྱི་ནོར་བུ་ཞེས་པའི་གཟེངས་རྟགས་འབུལ་དགོས་པའི་ཞུ་ཡིག་ཕུལ་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ ཟླ་ ༤ ཚེས་ ༡༥ཉིན། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤན་ཏཱ་ཀུ་མཱར་(Shanta Kumar)མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ༸སྤྱི་ནོར་༸གོང་ས་མཆོག་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་རྒྱ་གར་གྱི་ནོར་བུ(Bharat Ratna)ཞེས་པ་འབུལ་ལམ་ཞུ་དགོས་པའི་རེ་འདུན་ཞིག་རྒྱ་གར་དབུས་གཞུང་ལ་ཕུལ་གནང་འདུག རྒྱ་གར་གྱི་ནོར་བུ་ཞེས་པའི་གཟེངས་རྟགས་འདི་ནི། ཕྱི་ལོ་༡༩༥༤ལོ་ནས་བཟུང་གནང་མགོ་བརྩམས་ཤིང་། དེ་ཡང་མི་སྣ་སུ་ཞིག་གིས་མི་མང་ལ་ཕུལ་དུ་བྱུང་བའི་སྲི་ཞུ་བསྒྲུབས་པར་ཡི་རང་དང་བསྔགས་བརྗོད་མཚོན་ཆེད་དུ། ཕོ་མོ་དང་རིགས་རུས། གོ་གནས་སོགས་ཀྱི་ཁྱད་པར་ཅི་ཡང་མེད་པའི་སྒོ་ནས་གནང་གི་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཆེས་མཐོའི་གཟེངས་རྟགས་ཤིག་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་ལ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤན་ཏཱ་ཀུ་མཱར་(Shanta Kumar)མཆོག་གིས༸སྤྱི་ནོར་༸གོང་ས་མཆོག་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་རྒྱ་གར་གྱི་ནོར་བུ(Bharat Ratna) ཞེས་པ་འབུལ་ལམ་ཞུ་དགོས་པའི་སྐོར་གསར་འགོད་གསལ་བསྒྲགས་ཀྱི་ཐོག་ནས་ཤུགས་ཆེན་གསུངས་ཡོད་པར་མ་ཟད། རྒྱ་གར་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་ཁྱོན་གྲོས་ཚོགས་འཐུས་མི་ ༢༠༠ ཡི་ཞུ་ཡིག་ཐོག་མཚན་རྟགས་བཀོད་དེ། བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་ནོར་བུ་ཞེས་པའི་གཟེངས་རྟགས་དེ་འབུལ་ལམ་ཞུ་དགོས་པའི་ཞུ་ཡིག་ཅིག་ཀྱང་རྒྱ་གར་ནང་སྲིད་བཀའ་བློན་སྐུ་ཞབས་རཱཇ་ནཱཐ་སིངྒ་(Rajnath Singh)མཆོག་ལ་ཕུལ་འདུག

དེ་ཡང་སྐུ་ཞབས་ཤན་ཏཱ་ཀུ་མཱར་(Shanta Kumar) མཆོག་གིས་སྐབས་དེར་གསུང་དོན། “བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་སྣེ་ཁྲིད་མཛད་ཡོད་ཅིང་། ཁོང་གི་ཡང་དག་པའི་མཛད་བཟང་ལ་རྒྱལ་སྤྱིའི་ཁྱོན་ནས་ངོས་འཛིན་ཞུས་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་རེད། དེར་བརྟེན། ཐེངས་འདིར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བསམ་གཞིག་ནན་མོ་བཏང་རྗེས། བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གཟེངས་རྟགས་འདི་མགྱོགས་མྱུར་འབུལ་ལམ་ཞུ་དགོས་པའི་རེ་འདུན་འདོན་བཞིན་ཡོད། “ཅེས་གསུངས་འདུག