19
Fri, Apr

ཕྱུག་བདག་མ་ཡོན་ལ་རྒྱ་ནག་གི་དགུ་དགུ་དྲུག་ལས་གཞིར་རྒྱབ་སྐྱོར་བྱས་པར་སྐྱོན་བརྗོད་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༡༦ཉིན་སྤེལ། ཉེ་ཆར་རྒྱ་ནག་ནང་ལས་མི་ཚོས་གཟའ་འཁོར་གཅིག་གི་ནང་དུ་ཉིན་དྲུག་ལ་ལས་ཀ་བྱེད་དགོས་པ་དང་། ཉིན་རེར་ཆུ་ཚོད་༡༢་ལ་ལས་ཀ་བྱེད་དགོས་པའི་དགུ་དགུ་དྲུག་ཅེས་པའི་ལས་གཞི་ཞིག་ཡོད་པར་རྒྱ་ནག་གི་ཕྱུག་བདག་ཚོང་པ་ཇེ་ཁི་མ་(Jack Ma)་ཡིས་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པར་མི་ཚོས་སྤྱི་ཚོགས་དྲ་རྒྱའི་ཐོག་ནས་སྐྱོན་བརྗོད་བྱས་འདུག

ཇེ་ཁི་མ(Jack ma)་ནི་དྲ་ཐོག་ཚོང་འབྲེལ་བྱེད་མཁན་ཞིག་ཡིན་ཞིང་། ཨ་ལེ་ལེ་བྷ་བྷ་(Alibaba)ཞེས་པའི་ཚོང་གཉེར་ཁང་དེའི་འགོ་འཛུགས་མཁན་ཡིན་པ་དང་། ཉེ་ཆར་རྒྱ་ནག་ནང་དུ་དགུ་དགུ་དྲུག་ཅེས་པའི་ལས་ཀའི་ལས་གཞི་ཞིག་འགྲོ་བཞིན་ཡོད་པ་དེར་ཁོས་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་བསྟན་ཡོད་འདུག ལས་གཞི་དེ་ལྟར་ན། ལས་མི་ཚོས་ཞོགས་པ་ཆུ་ཚོད་དགུ་ནས་དགོང་མོར་ཆུ་ཚོད་བར་དུ་ལས་ཀ་བྱེད་དགོས་རྒྱུ་དང་། གཟའ་འཁོར་གཅིག་གི་ནང་དུ་ཉིན་དྲུག་ལ་ལས་ཀ་་བྱེད་དགོས་པ་ཡིན་འདུག ཇེ་ཁི་མ་ཡིས་ལས་གཞི་དེར་རྒྱབ་སྐྱོར་གྱིས་ཚུལ་དུ་བཤད་དོན། གལ་སྲིད་ལས་ཀ་དེ་ཁྱེད་ཚོ་དགའ་བའི་ལས་ཀ་ཞིག་ཡིན་ན་དགུ་དགུ་དྲུག་ཅེས་པའི་ལས་གཞི་དེར་དཀའ་ངལ་མེད་མོད། འོན་ཀྱང་། གལ་སྲིད་ཁྱེད་ལས་ཀ་དེར་མ་དགའ་ན། ལས་ཡུན་གྱི་སྐར་མ་རེ་རེ་ཡང་མནར་གཅོད་ཅིག་ཡིན་ཞེས་བརྗོད་འདུག

ཕྱུག་བདག་མ་ཡོན་ཡང་ན་ཇེ་ཁི་མ་ཡིས་འགྲེལ་བརྗོད་དེར་སྤྱི་ཚོགས་དྲ་ལམ་ཁག་ནས་མི་ཚོས་འཕྲལ་དུ་སྐྱོན་བརྗོད་བྱས་ཡོད་པ་དང་། མི་གཅིག་གིས་འདི་ལྟར་བྲིས་ཡོད་འདུག “གལ་སྲིད་དགུ་དགུ་དྲུག་ཅེས་པའི་ལས་གཞི་དེ་ཁེ་ལས་དེ་ཚོས་ལག་བསྟར་བྱས་པ་ཡིན་ན། ལས་མི་ཚོར་བྱིས་པ་བཟོ་བའི་དུས་ཚོད་མེད་ལ། ཁྱིམ་ནང་ཡོད་པའི་ཕ་མ་རྒས་འཁོགས་དང་བྱིས་པ་ཚོར་སུ་ཡིས་རོགས་བྱེད་དགོས་པར་ཁྱེད་ཀྱིས་བསམ་བློ་བཏང་མྱོང་ངམ།”ཞེས་བརྗོད་འདུག

རྒྱ་ནག་གི་གསར་ཁང་ཞིག་གིས་བཀོད་པའི་གནས་ཚུལ་ལྟར་ན། དགུ་དགུ་དྲུག་ཅེས་པའི་ལས་གཞི་དེ་ནི་ལས་ཀ་བྱེད་པའི་ཆུ་ཚོད་རྒྱུན་རིང་དུ་གཏོང་བ་གཅིག་པོ་མིན་པར། མི་ཚོས་ལས་ཀར་ཞབས་ཞུ་གང་ཐུབ་ཐུབ་ཞུ་ཐུབ་པའི་ཆེད་དུ་ཡིན་པ་དང་། ལས་ཀ་ཡུན་རིང་བྱེད་མཁན་ཚོར་བྱ་དགའ་སྤྲོད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་འདུག གང་ལྟར་ཡང་། ལས་གཞི་དེ་ཁེ་ལས་ཁང་དང་ལས་མི་ཚོ་དབར་ལ་རྙོག་གླེང་ཞིག་ཏུ་གྱུར་ཡོད་འདུག

དེའི་རྗེས། ཇེ་ཁི་མ་ཡིས་བརྗོད་དོན། ང་ལ་ཆ་བཞག་པ་ཡིན་ན། ཉིན་གཅིག་ལ་ཆུ་ཚོད་༡༢་ལ་ལས་ཀ་བྱེད་དགོས་པ་དེར་འགྱོད་པ་མེད་ཅིང་། ངས་བལྟས་ན་དགུ་དགུ་དྲུག་ཅེས་པའི་ལས་གཞི་དེ་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག་ཅེས་དང་། གལ་སྲིད་ཁྱེད་ཀྱིས་ནུས་ཤུགས་འཕར་མ་ཞིག་བཏོན་ན། ཁྱེད་རང་ལ་དགོས་པའི་གྲུབ་འབྲས་དེ་ལག་སོན་ཡོང་ཐུབ་བམ། དེ་བཞིན་ཁོས་ཨ་ལེ་ལེ་བྷ་བྷ(Alibaba)་ཡི་ལས་མི་ཚོར་གྲུབ་འབྲས་ལག་སོན་ཡོང་འདོད་ཡོད་ན་དགུ་དགུ་དྲུག་ཅེས་པའི་ལས་གཞི་དེ་གྲ་སྒྲིག་བྱོས་ཞེས་བརྗོད་འདུག