19
Fri, Apr

༢༠༡༩ལོའི་ཟླ་༨་ཚེས་༣་ཉིན། ཨ་རིའི་གྲོས་ཚོགས་འཐུས་མི་དྲུག་རྡ་སར་འཚམས་གཟིགས་སུ་ཕེབས་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༥་ཉིན་སྤེལ། ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དྲུག ལས་བྱེད་དང་བཅས་ཁྱོན་སྐུ་མགྲོན་གྲངས་༣༢་རྡ་སར་ཕེབས་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། སྤྱི་འཐུས་ཚོགས་གཙོ། བཀའ་བློན་སོགས་ལ་ཐུགས་འཕྲད་བྱས་རྗེས། བོད་དོན་ཐོག་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག

དེ་ཡང་། ཟླ་འདིའི་ཚེས་༢་ཉིན། ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དྲུག་དང་། སྐུ་ཟླ་རྣམ་པ། འབྲེལ་ཡོད་ལས་བྱེད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་བཅས་ཁྱོན་སྐུ་མགྲོན་གྲངས་ ༣༢ ཙམ་ཞིག་རྡ་སར་འབྱོར་ཞིང་། ཐོག་མར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་གཟིགས་སྐོར་དུ་ཕེབས། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཐུས་མི་ཚོར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

དེ་ཡང་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནེ་ལི་ཌན་(Neal Dunn) ལགས་ཀྱིས་གསར་འགོད་པར། ཐེངས་འདིར་བཞུགས་སྒར་རྡ་སར་གཟིགས་སྐོར་དུ་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་སྒྲིག་འཛུགས་ལ་རྒྱུས་ལོན་བྱ་རྒྱུ་དང་། བོད་མི་ཚོར་རོགས་རམ་ག་རེ་ཞུ་ཐུབ་པའི་ཆེད་དུ་བཅར་བ་ཡིན་ཞེས་དང་། གཞན་ཡང་ཨ་རིའི་མི་མང་གིས་བོད་མི་ཚོར་ཧ་ཅང་དགའ་པོ་གནང་གི་ཡོད་སྐོར་གསུངས་འདུག

དེ་ནས། ཟླ་༨་ཚེས་༣་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ། ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པ་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་ཕེབས་ནས། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་མཇལ་འཕྲད་གནང་འདུག ཆུ་ཚོད་གཅིག་ཙམ་གྱི་མཇལ་འཕྲད་གྲུབ མཚམས། ཚོགས་ཆུང་གི་ཚོགས་གཙོ་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་ (David Price)ལགས་ཀྱིས་གསར་འགོད་པར། ཐེངས་འདིར་ཁོང་རྣམས་རྡ་སར་བཅར་དགོས་དོན་གཙོ་བོ་ནི་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཞུ་ཆེད་དང་། བོད་མིར་གདུང་མཉམ་སྐྱེ་ཐོག བོད་ནང་རང་དབང་སླར་གསོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་བཅར་བ་ཡིན་སྐོར་དང་།

དེ་ཡང་སྐུ་ཚབ་འཐུས་མི་རྣམས་བཀའ་ཤག་ཏུ་མཇལ་འཕྲད་སྐབས། ཁོང་ཚོས་འཛམ་གླིང་ཁྱོན་དུ་མང་གཙོའི་རིང་ལུགས་སྲ་བརྟན་གོང་འཕེལ་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་བཟང་ཐོག་ཤར་སྐྱོད་བྱེད་བཞིན་པར་རྒྱབ་སྐྱོར་ཡོད་སྐོར་གསུངས། འཐུས་མི་ཁག་གཅིག་གི་དྲི་བ་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ངོ་སྤྲོད་དང་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་འདུག

དེའི་རྗེས། ཟླ་༨་ཚེས་༣་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཡས་མས་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་སའི་བཞུགས་སྒར་ཕོ་བྲང་དུ་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ ༦ དང་སྐུ་ཟླ་རྣམ་པ། འབྲེལ་ཡོད་ལས་བྱེད། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་བཅས་ཁྱོན་མི་གྲངས་ ༣༢ ལ་མཇལ་འཕྲད་དང་། ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་ཡོད་པ་རེད།

དེ་ནས་ཟླ་༨་ཚེས་༣་ཉིན། ཉིན་གུང་ཆུ་ཚོད་ ༢ ཙམ་ལ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་སུ་ཕེབས་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་རྒྱུན་ལས་བཅས་ཀྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེའི་རྗེས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སོགས་ཀྱི་སྐོར་གོ་བསྡུར་ལྷུག་པོ་གནང་འདུག

དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསར་འགོད་པར་གསུང་དོན། ཚོགས་གཙོའི་ངོས་ནས་ད་བར་ཨ་རིའི་གྲོས་ཚོགས་དང་གཞུང་ནས་བོད་དོན་ཐོག་ལ་གྲོས་ཆོད་བཞག་པ་དང་མཐུན་འགྱུར་ཧ་ཅང་མང་པོ་གནང་ཡོད་སྟབས། ཐུགས་རྗེ་ཆེ་ཞུས་ཡིན། དེ་མིན་བཙན་བྱོལ་ནང་གི་མང་གཙོའི་སྐོར་ལ་མདོར་བསྡུས་ཞུས་པ་དང་ཕན་ཚུན་བགྲོ་གླེང་གི་རྣམ་པ་ལྟ་བུ་གནང་བ་བྱུང་ཡོད། ཁོང་ཚོ་སྔོན་མ་ནས་བོད་དོན་ཐོག་དོ་སྣང་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དེ་འདྲ་ཞིག་རེད་མི་འདུག ན་ནིང་ཕྱི་ཟླ་ ༡༡ ཙམ་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་ཕན་ཚུན་གཅིག་གིས་གཅིག་ལ་རྒྱུས་ལོན་དང་། ང་ཚོའི་གྲོས་ཚོགས་སྐོར་ཁོང་རྣམ་པར་ངོ་སྤྲོད་བྱ་རྒྱུ། དེ་བཞིན་ཁོང་ཚོས་ཀྱང་ཨ་རིའི་ནང་གི་གནས་སྟངས་སྐོར་ང་ཚོར་ངོ་སྤྲོད་གནང་རྒྱུ་སོགས་ཀྱི་འཆར་གཞི་བསྒྲིགས་འདུག

འཆར་གཞི་བསྒྲིགས་པ་ནང་བཞིན་དང་པོ་ཨ་རིའི་གྲོས་ཚོགས་འཐུས་མི་བརྒྱད་ཙམ་ཕེབས་རྒྱུའི་འཆར་གཞི་རེད་འདུག སྲིད་དོན་ཚོགས་པ་གཙོ་བོ་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཡོད་པའི་ཁོངས་ནས་འཐུས་མི་གསུམ་རེ་ཕེབས་ཡོད། གྲོས་ཚོགས་འཐུས་མི་ཁོང་ཚོས་ང་ཚོའི་གནས་སྟངས་ཆ་ཚང་མཁྱེན་གྱི་མེད་སྟབས། ང་ཚོའི་སྤྱི་འཐུས་ཚོགས་མི་དེ་ཚོ་བསྐོ་གཞག་གནང་གི་ཡོད་པ་ལྟ་བུ་གསུངས་བྱུང་། དེར་ངས་གསལ་བཤད་བྱེད་སྐབས་ང་ཚོ་འདིར་འོས་བསྡུ་བྱས་ནས་འགྲོ་གི་ཡོད། ཅེས་གསལ་བཤད་ཞུས་པ་དང་སྦྲགས། ཨ་རིའི་གཞུང་གིས་བོད་མིའི་ཆེད་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་པའི་སྙན་ཞུ་ཞིག་ཕུལ་ཡོད། དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)ལགས་ཀྱིས་བོད་དོན་རྒྱབ་སྐྱོར་སྲིད་བྱུས་(Tibet policy Act)གྲོས་འཆར་བཏོན་གནང་བ་དེར། རྒྱབ་སྐྱོར་གནང་རོགས་ཞེས་ཡིག་ཐོག་ནས་ཕུལ་ཡོད། ང་ཚོས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་གནད་འགག་ཆེན་པོ་རྩི་ཡི་ཡོད། རྒྱ་ནག་གིས་ཚོགས་ཆེན་དེ་ལྟ་བུ་འཚོགས་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་། འགོག་རྐྱེན་སྣ་ཚོགས་བཟོ་ཐབས་བྱེད་བཞིན་ཡོད། ད་ཐེངས་ང་ཚོས་གྲོས་ཚོགས་འཐུས་མི་རྣམ་པར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་བར་གྱི་གྲོས་ཆོད་བཞག་ཡོད་པའི་ཕྱག་དེབ་ཅིག་ཕུལ་བ་ཡིན། མ་འོངས་པར་ཨ་རིའི་གྲོས་ཚོགས་འཚོགས་སྐབས། གོང་གི་གནད་དོན་ཐོག་གྲོས་ཚོགས་འཐུས་མི་རྣམ་པས་ངེས་པར་དུ་རྒྱབ་སྐྱོར་གནང་རོགས་ཞེས་བཀོད་ཡོད། ཅེས་གསུངས།

མཐའ་མ་དེར། ཟླ་༨་ཚེས་༣་ཉིན། ཕྱི་དྲོ་ཆུ་ཚོད་༥།༣༠ ཐོག རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་། ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་སར་འཚམས་གཟིགས་སུ་ཕེབས་པར་དགའ་བསུའི་མཛད་སྒོ་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ་ཚང་འཛོམས་གནང་འདུག

ཐོག་མར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ཁྱེད་རྣམ་པ་རྡ་སར་ཕེབས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་རྒྱུ་ཡིན་ཅེས་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་དང་། མང་གཙོ་ནི་ཡོངས་ཁྱབ་རེད། ང་ཚོ་འདིར་མང་གཙོ་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་དང་། ཁྱེད་ཚོས་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། རང་དབང་བཅས་ལ་བརྩི་འཇོག་བྱེད་བཞིན་ཡོད། དེར་བརྟེན། ཨ་རིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་བྱས་དང་བྱེད་མུས་རེད། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡིན་རྒྱུ་ཡིན། བོད་ནང་ཡོད་པའི་བོད་མི་ཚོ་ཡང་ཉེན་ཁ་ཡོད་བཞིན་དུ་བོད་ཀྱི་ད་ལྟའི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་མེད་སྐོར་དང་། ཕྱི་སྡོདབོད་མི་ཚོས་ག་རེ་བྱེད་ཀྱི་ཡོད་མེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་ག་རེ་གནང་གི་ཡོད་མེད་སྐོར་ལ་གསན་བཞིན་ཡོད། ཁྱེད་ཚོ་འདིར་ཕེབས་ནས་བོད་ནང་གི་བོད་མིར་། ང་ཚོ་ཁྱེད་ཚོ་མཉམ་དུ་ཡོད་ཅེས་པའི་བརྡ་ལན་སྤྲོད་ཀྱི་ཡོད་ཅེས་དང་། ཨ་རིས་རང་དབང་དང་། དྲང་བདེན། འདྲ་མཉམ་ཆེད་དུ་སྐད་ཆ་ཤོད་ཀྱི་ཡོད། དེ་ནི་རེ་བའི་བརྡ་ལན་དང་སེམས་ཤུགས་འཕེལ་བའི་བརྡ་ལན་ཞིག་རེད། བརྡ་ལན་དེ་ཚོས་ང་ཚོར་མུ་མཐུད་ནས་བོད་དོན་ཐོག་ལ་ཤུགས་རྒྱག་དགོས་པ་དང་། བོད་བདེན་མཐའ་མ་སེལ་བར་དུ་འཐབ་རྩོད་བྱེད་དགོས་པ། ༸གོང་ས་མཆོག་བོད་དུ་ཕྱི་ལོག་ཐུབ་པར་བྱེད་དགོས་པ། བོད་ནང་བོད་མི་༡༥༠་ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད། ཁོ་ཚོ་མང་ཆེར་རེ་འདུན་གཉིས་ཡོད་པ་ནི། ༸གོང་ས་མཆོག་ཕྱིར་བོད་ལ་ཕེབས་རྒྱུ་རེད། བོད་ལ་རང་དབང་ཐོབ་རྒྱུ་དེ་རེད། ཁྱེད་ཚོ་འདིར་ཕེབས་ནས་བོད་མིའི་སྡུག་བསྔལ་རྣམས་དྲན་པ་བརྗེད་མེད་པར་མཚོན་གྱི་ཡོད་སྐོར་སོགས་གསུངས་འདུག