09
Mon, Dec

རྒྱལ་སྤྱིའི་དབུ་མའི་ལམ་དབུས་ཚོགས་ཆུང་གི་གོ་སྒྲིག་འོག་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་སྐོང་བ་གཏན་འཁེལ་བའི་བསྒྲགས་གཏམ་བོད་རྒྱ་དབྱིན་གསུམ་སྒང་སྒྲོག་སྦྱངས་གནང་མཁན་དག

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༨།༠༡།༠༢ཉིན་སྤེལ། དབུ་མའི་ལམ་གྱི་སིད་བྱུས་ཀྱི་དམིགས་ཡུལ་འགྲུབ་རྒྱུར་ལས་འགུལ་སོགས་སྤེལ་མ་ཐུབ་པའི་རྐྱེན་གྱིས་བོད་རིགས་གཞོན་སྐྱེས་གཙོས་མང་ཚོགས་ནང་དབུ་མའི་ལམ་ལ་ལས་འགུལ་སྤེལ་རྒྱུ་སོགས་མེད་པ་ལྟ་བུའི་བསམ་ཚུལ་གྱི་བག་ཆགས་ཆེན་པོ་ཡོད་པ་དང་། འགའ་ཤས་ནས་དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་ཀྱང་མང་ཚོགས་ནས་འགན་འཁུར་ཞུ་ཕྱོགས་མ་ཤེས་པ་ལྟ་བུའི་དཀའ་ངལ་རིགས་སེལ་ཆེད་དུ་དབུ་མའི་ལམ་གྱི་ཚོགས་ཆེན་འཚོགས་ཀྱི་ཡིན་པར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག འདི་ལོའི་ཕྱི་ཟླ་ ༥ ཚེས ༢༦ ནས་ ༣༡ བར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་བཞུགས་སྒར་དྷ་རམ་ས་ལར་སྐོང་ཚོགས་གནང་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་དྷ་རམ་ས་ལའི་མེག་ལོར་སྤྲོ་ཚོགས་ཁང་(Club House)དུ་བསྐྱངས་སོང་།

དེ་ཡང་། རྒྱལ་སྤྱིའི་དབུ་མའི་ལམ་དབུས་ཚོགས་ཆུང་གི་གོ་སྒྲིག་འོག་ཚོགས་ཆེན་གཏན་འཁེལ་བྱས་ཡོད་ཅིང་། ཚོགས་ཆེན་དེའི་དགོས་དམིགས་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་དགོངས་དང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་དེ་དུས་ཀྱི་དགོས་མཁོ་དང་བསྟུན་ཏེ། རྒྱལ་སྤྱི་དང་དམིགས་བསལ་རྒྱ་ནག་གཞུང་ལ་ངོ་སྤྲོད་གསལ་སྟོན་བྱས་ཏེ་བོད་གཞིས་བྱེས་གཉིས་མགྱོགས་མྱུར་མཉམ་འཛོམས་ཡོང་སླད་ཡིན་སྐོར་ཅེས་དང་།

ཡང་གསར་འགོད་བསྒྲགས་གཏམ་ནང་དེ་ཡང་བོད་རྒྱ་དབྱིན་གསུམ་ནང་བསྒྲགས་གཏམ་ནང་དུ། དབུ་མའི་ལམ་གྱི་སྲིད་བྱུས་ནི་༧གོང་ས་༧སྐྱབས་མགོན་ཆེན་པོས་བོད་མིའི་བདེན་པའི་དོན་ཆེན་འགྲུབ་ཐབས་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། བོད་མི་རིགས་འདི་བདེ་སྐྱིད་ལྡན་པའི་ངང་སའི་གོ་ལ་འདིའི་སྟེང་ཡུན་གནས་ཐུབ་ཐབས་ཀྱི་བླ་ན་མེད་པའི་དགོངས་གཞི་ཟབ་མོ་ཞིག་ཡིན་ལ། གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་འདི་ནིི་དེང་སང་ཛ་དྲག་གི་དུས་འདིར་ཆོལ་གསུམ་མི་མང་ཡོངས་རྫོགས་མཐུན་ལམ་དང་རྡོག་རྩ་གཅིག་ཏུ་སྒྲིལ་བར་ནུས་ཤུགས་ཆེན་པོ་འདོན་པའི་གསེར་གྱི་ཉི་མ་ལྟ་བུར་གྱུར་ཡོད། ཅེས་དང་།

གཞན་ཡང་བསྒྲགས་གཏམ་ལས།

གཉིས་སྨན་དབུ་མའི་ལམ་ནི་བོད་མི་བརྒྱ་ཆ་ ༨༠ ནས ༩༠ ཙམ་གྱིས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་ལངས་ཕྱོགས་ལ་ཁ་ཕྱོགས་ནས་དྲང་བདེན་དང་ཕྱི་ནང་སྦ་གསང་མེད་པའི་སྲིད་བྱུས་ཤིག་ཡིན་པ་རྒྱལ་སྤྱི་དང་། ལྷག་དོན་དུ་རྒྱ་ནག་གཞུང་ལ་ངོ་སྤྲོད་གསལ་སྟོན་དགོས་པ་དུས་ཀྱི་དགོས་མཁོ་གལ་ཆེ་ཞིག་ཡིན་སྐོར་དང་། བཙན་བྱོལ་མི་མང་གཙོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ཡིད་གཉིས་ཐེ་ཚོམ་མེད་པར་གཉིས་སྨན་དབུ་མའི་ལམ་དེ་སྤྱི་མོས་ཐོག་གཏན་ལ་ཕབ་ཡོད་སྟབས། རྒྱ་ནག་ནང་ཞི་བདེ་ལྷིང་འཇགས་དང་གཅིག་སྒྲིལ། དེ་བཞིན། རྒྱལ་སྤྱིའི་ནང་རྒྱ་ནག་ལ་ཆེ་མཐོང་དང་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་དོན་དངོས་ཐོག་གནས་འདོད་ཡོད་པ་ན། དེ་སེལ་ཐབས་ཀྱིི་ལམ་ནི་དབུ་མའི་ལམ་ལས་ལྷག་པ་མེད་སྐོར་བརྗོད་སོང་།

དེ་མིན་བསྒྲགས་གཏམ་ནང་དུ། ཛ་དྲག་གི་གནད་དོན་ཞིག་ལ་བོད་རིགས་གཞོན་སྐྱེས་མང་དག་ཅིག་གི་གཙོས་མང་ཚོགས་ནང་བོད་ཆོལ་གསུམ་སྐྱིད་སྡུག་མཉམ་མྱོང་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་མཆོག་གི་བླ་ན་མེད་པའི་གཉིས་སྨན་དབུ་མའི་ལམ་ལས་ལྷག་པ་གཞན་ཞིག་མེད་པ་གསལ་པོ་མ་མཁྱེན་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་། རྒྱལ་སྤྱིའི་སྟེང་དུའང་དབུ་མའི་ལམ་ལ་རྒྱབ་སྐྱོར་སྔར་ལྷག་འབྱུང་ཐབས་སོགས་ཀྱི་ཆེད་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་འཚོགས་གཏན་འཁེལ་ཡོད་སྐོར་སོགས་བཀོད་འདུག

རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་བཞུགས་སྒར་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་། ཨ་རིའི་མེ་ནེ་སོ་ཊར་རྟེན་གཞི་བྱས་པའི་དབུ་མའི་ལམ་གྱི་གཞོན་ནུ་མཐུན་ཚོགས་གཙོས་པའི་ཨ་རིའི་མངའ་སྡེ་གཞན་བཞི་དང་། ཡུ་རོབ་རྒྱལ་ཁབ་བདུན། ཨེ་ཤ་ཡའི་རྒྱལ་ཁབ་ཐའེ་ཝན་གཙོས་པའི་རྒྱ་བལ་བཅས་ཀྱི་དབུ་མའི་ལམ་དོན་གཉེར་བ་རྣམས་ཀྱིས་གཙོ་འགན་བླངས་ཏེ་གོ་སྒྲིག་གནང་གི་ཡོད་པར་འཁོད་འདུག་པ་བཅས།།