09
Mon, Dec

༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མཐོ་སློབ་ཁག་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་དང་། ཧི་མཱ་ལ་ཡི་ས་ཁུལ་གྱི་སློབ་ཕྲུག དེ་བཞིན་གློ་བུར་དུ་ལྷགས་པའི་སེར་སྐྱ་མི་མང་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༥༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༧།༡༢།༢༧ཉིན་སྤེལ། “དེ་རིང་ཁ་སང་རྒྱ་ནག་གི་མཐོ་རིམ་མི་སྣའི་ནང་ཏཱ་ལའི་བླ་མ་དང་མཉམ་དུ་འབྲེལ་བ་བྱེད་དགོས་པའི་སྐོར་བསམ་ཚུལ་ཤུགས་ཆེ་རུ་ཡོང་གི་ཡོད་ས་རེད།” ཅེས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན།

འདི་ཟླའི་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཙམ་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ཡོད་པའི་ཕོ་བྲང་ཐང་ཆེན་ Palace  Grounds ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ཏེ། རྒྱ་གར་ལྷོ་ཕྱོགས་མཐོ་སློབ་ཁག་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་དང་། ཧི་མཱ་ལ་ཡི་ས་ཁུལ་གྱི་སློབ་ཕྲུག  དེ་བཞིན་གློ་བུར་དུ་ལྷགས་པའི་སེར་སྐྱ་མི་མང་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༥༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ་དོན།

ཉིན་ཤས་རིང་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ནང་བསྐྱོད་རྒྱུ་བྱུང་། ཆམ་པ་བརྒྱབ་ནས་ཐང་ཡང་ཏོག་ཙམ་ཆད་སོང་། ད་ལྟའི་ཆར་ངལ་སོས་འདུག  སྐྱོན་མི་འདུག དེ་རིང་བྷེང་ལོར་ཡོད་པའི་བོད་པའི་སློབ་ཕྲུག་དང་བོད་མི་ཚོར་ཐུག་ནས་ངོས་རང་ཧ་ཅང་དགའ་པོ་བྱུང་།  བོད་པ་ཚོ་རང་གི་ལུང་པའི་ནང་དཀའ་ངལ་ཧ་ཅང་ཕྲད་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་ཇི་ཙམ་བྱས་ཀྱང་ཕན་ཐོགས་མ་བྱུང་སྟབས་མཐར་རྒྱ་གར་དུ་བཙན་བྱོལ་ལ་བསླེབས་དགོས་བྱུང་བ་རེད།

སྐབས་དེར་རྒྱ་གར་གཞུང་གི་དབུ་ཁྲིད་གཙོ་བོ་ནེ་རུ་ Nehru རེད། ནེ་རུ་དང་ངོས་གཉིས་པེ་ཅིན་དུ་ཐེངས་དང་པོར་ཐུག་འཕྲད་བྱུང་ཡོད།  ཕྱི་ལོ་ ༡༩༥༤ ལོ་ནས་ནེ་རུ་ངོས་ཀྱི་ངོ་ཤེས་ཡིན།  ཕྱི་ལོ་ ༡༩༥༦ ལོར་སངས་རྒྱས་མྱང་འདས་ཀྱི་དུས་དྲན་སྐབས་དང་བསྟུན་ནེ་རུ་ཡང་ཡང་མཇལ་རྒྱུ་བྱུང་།  ངོས་ནས་ཁོང་ལ་བདེ་སྡུག་མང་པོ་ཞུས་པ་ཡིན། ཁོང་ནས་ཀྱང་ངོས་ལ་ལམ་སྟོན་མང་པོ་གནང་བྱུང་།

མཐར་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་ལ་རྒྱ་གར་གཞུང་གིས་བོད་མི་ཚོར་རོགས་རམ་གང་ཐུབ་གནང་བ་རེད། ཧ་ཅང་ཡག་པོ་ཡིན། དེའི་སྐབས་མེ་སོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Chief Minister སྐུ་ཞབས་ནི་ཅི་ལིང་གྷ་པ་ Nijalingapa ལགས་རེད། ཁོང་དམིགས་བསལ་གྱིས་བོད་དོན་ཐོག་ལ་ཐུགས་སྣང་ཡོད་མཁན་ཞིག་རེད། དེ་འདྲའི་གནས་སྟངས་འོག་གཞིས་ཆགས་དེ་དག་བཙུགས་ནས་ད་ལྟའི་བར་ལོ་ངོ་ ༥༨ ལྷག་ཕྱིན་ཡོད།

དཀའ་ངལ་ཆེན་པོའི་འོག་ལ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱི་སྙིང་སྟོབས་ཧ་ལས་པ་རེད། ཁོང་ཚོས་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག ཆོས་དང་རིག་གཞུང་། སྐད་ཡིག་གི་ཐོག་ལ་དད་ཞེན་འགྱུར་བ་མེད་པ་བྱས་ནས་བསྡད་ཡོད།

དེ་དང་ཆབས་ཅིག་འཛམ་བུ་གླིང་གི་ས་ཕྱོགས་གང་དུ་ཡོད་ཀྱང་བཙན་བྱོལ་བོད་པ་ཚོས་བོད་པ་ཞེས་པའི་མིང་དེ་བརྗེད་ཐབས་མེད། འཛམ་གླིང་རང་དབང་ལུང་པའི་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་བོད་གཞིས་ལུས་རྒྱ་ཆེ་མི་མང་གིས་རེ་བ་བརྒྱབ་པ་ལྟར་ཧུར་ཐག་གནང་གི་ཡོད།  ང་ཚོས་ཆོས་དང་རིག་གཞུང་དེ་དག་ཉར་ཚགས་བྱེད་བཞིན་ཡོད།

དེང་སང་འཛམ་བུ་གླིང་ནང་ཚན་རིག་པ་ཚོས་བོད་པའི་ཆོས་དང་རིག་གཞུང་། དེ་བཞིན་དུ་ནཱ་ལེནྡཱའི་ཆོས་བརྒྱུད་ནས་ཚད་མ་རིག་པ་དང་། སེམས་ཁམས་རིག་པ། ལྟ་གྲུབ་རིག་པ་བཅས་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད།  དེ་ང་ཚོའི་བྱས་རྗེས་རེད། རྒྱ་རིགས་ནང་དུའང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཤ་ཚ་དང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ནང་པ་སངས་རྒྱས་པའི་ཆོས་དེ་ལྷ་ཁང་ལ་ཕྱིན། གཟུངས་སྔགས་དྲངས། སྐོར་ར་བརྒྱབ་དེ་འདྲ་བྱས་ནས་འགྲོ་རྒྱུ་ཙམ་ཞིག་རྩ་བ་ནས་མ་རེད། སྔོན་མ་སློབ་གྲྭའི་ནང་ཆོས་ཁྲིད་མཁན་ལ་ཆོས་དགེ་ཟེར་གྱི་ཡོད། ལོ་ཤས་གོང་ལ་ངོས་ནས་ཆོས་དགེ་ཞེས་འབོད་རྒྱུའི་ཚབ་ཏུ་ལྟ་གྲུབ་དགེ་རྒན། ཞེས་འབོད་ན་ལེགས་ཚུལ་བརྗོད་པ་ཡིན། ངོས་ནས་སེར་སྐྱ་ཕོ་མོ་དབྱེ་བ་མེད་པར་ནང་ཆོས་སྐོར་སློབ་སྦྱོང་བྱེད་དགོས་ཀྱི་འདུག ཅེས་འབོད་སྐུལ་བྱས་པ་མ་ཟད། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ལ་དྭགས་པ་དང་མོན་པ་རྣམས་ལའང་ནང་ཆོས་སློབ་སྦྱོང་བྱས་ཏེ་དུས་རབས་ ༢༡ ནང་པ་བྱེད་དགོས། ཞེས་འབོད་སྐུལ་ཞུས་པ་ཡིན།

རྒྱ་མི་ཚོར་དེ་བཞིན་ཤོད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལོ་ ༢༦༠༠ གོང་ནས་གསུངས་པའི་ཆོས་དང་ཚད་རྡུལ་དངོས་ཁམས་རིག་པའི་ Quantum physics རྣམ་གཞག་གཉིས་ཏག་ཏག་འགྲོ་གི་འདུག  རྒྱ་གར་གྱི་རྡུལ་ཕྲན་ཚན་རིག་པ་རཱ་ཇ་ར་མནྣཱ་ Raja Ramanna ཁོང་གིས་གསུང་གསལ་ལྟར། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེ་ནུབ་ཕྱོགས་པའི་ནང་རིག་གནས་གསར་པ་ཆགས་ཡོད་ཀྱང་། རྒྱ་གར་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ གོང་ནས་གསུངས་ཟིན་ཡོད་ཅེས་ནང་པ་སངས་རྒྱས་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་རིག་པའི་སྐོར་སློབ་སྦྱོང་བྱེད་དགོས།  སེམས་ཁམས་རིག་པའི་སྐོར་ཤེས་ན་མི་ཚེའི་ནང་སེམས་ལྷོད་བབ་ཡོང་རྒྱུར་ཕན་ཐོགས་ཡོད།

ཨིན་ཡིག་ནང་ Yes ཟེར་བ་ལམ་སང་ལབ་ཀྱི་ཡོད་པ་མ་རེད། ཨིན་ཡིག་གི་ཚིག་རྒྱུ་མཚན་གང་ཡིན་དང་གང་འདྲ་བྱས་ནས་ Why? and How? ཟེར་བ་དེ་བསམ་བློའི་ནང་ངེས་པར་དུ་དགོས། གང་ཡིན་ནམ། ཞེས་པའི་དྲི་བ་དེ་བསམ་བློའི་ནང་ངེས་པར་དུ་དགོས། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་དང་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་འདུག དེ་རླབས་ཆེན་རེད་འདུག

ངོས་ནས་ནམ་རྒྱུན་ཡོངས་གྲགས་སུ་ཤོད་ཀྱི་ཡོད། དབང་རྟུལ་དད་པའི་རྗེས་འབྲང་བྱས་ཏེ་ཕྱིན་ན་སངས་རྒྱས་ཀྱི་བསྟན་པ་གནས་དང་མ་གནས་ཐེ་ཚོམ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱས་ཏེ་ཆོས་ཀྱི་གནད་འགག་གང་ཡིན་སྐོར་རྟག་དཔྱད་བྱས་ནས་འགྲོ་དགོས་པ་རེད།

འཛམ་བུ་གླིང་འདིའི་སྒང་ལ་ནང་པ་དུང་ཕྱུར་བཅུ་ལྷག་འདུག རྒྱ་ནག་དང་། ཉི་ཧོང་། ཝི་ཏི་ནམ། ཀོ་རི་ཡ་བཅས་ཀྱི་ནང་པ་ཚོས་ཤེས་རབ་སྙིང་པོ་འདོན་གྱི་ཡོད། འོན་ཀྱང་དོན་དག་འགྲེལ་བཤད་རྒྱག་དགོས་ན་ཞེ་དྲགས་ཁག་པོ་རེད། འགྲེལ་བཤད་རྒྱག་དགོས་ན་བོད་པ་གཅིག་པུ་རེད། བཀའ་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་ཡོད་པ་དེ་དག་འགྲེལ་བཤད་རྒྱག་དགོས་ན་བོད་ཡིག་ཐོག་ནས་འགྲེལ་བཤད་ཆ་ཚང་རྒྱག་རྒྱུ་ཡོད། ལོ་ངོ་ ༤༠ གོང་ནས་ངོས་ཀྱིས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱུང་ན་བསམས་པ་རེད། ཨ་རིའི་ནང་ངོས་ཀྱི་ངོ་ཤེས་པ་ནང་པ་དེ་འདྲ་ཡོད།  ངོས་ནས་ཁོང་ཚོར་ཚན་རིག་པ་དང་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱེད་ན། ཞེས་སྐད་ཆ་དྲིས་པ་ཡིན།  ཁོང་ཚོས་ཚན་རིག་པ་མཉམ་དུ་གོ་བསྡུར་བྱ་རྒྱུ་མེད་ཚུལ་དང་།  གཟབ་གཟབ་བྱེད་དགོས་ཟེར་བྱུང་། གང་ཡིན་ཟེར་ན། ཚན་རིག་ནི་ཆོས་ཀྱི་གཤེད་མ་རེད།  Science is the killer of religion  ཅེས་བཤད་བྱུང་།

ངོས་ཀྱིས་བསམ་བློ་བཏང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་དང་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་འདུག དེར་བརྟེན་ངོས་ནས་ཚན་རིག་པ་དང་མཉམ་གོ་བསྡུར་བྱ་རྒྱུ་བྱས་པ་རེད།

དགོན་སྡེ་ཁག་ནས་ཀྱས་ཚན་རིག་སློབ་སྦྱོང་བྱ་རྒྱུ་འགོ་ཞིག་བཙུགས་པ་རེད། སེར་སྐྱ་ཕོ་མོ་དབྱེ་བ་མེད་པའི་སྒོ་ནས་ནང་ཆོས་ཀྱི་ལྟ་གྲུབ་སྐོར་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་འདུག  ལོ་ཤས་གོང་ནས་ཚན་རིག་སྐོར་གྱི་སྡེ་ཚན་གཅིག་བོད་ཡིག་ནང་དེབ་བཟོས་ནས་ཐོན་ཡོད།  དེབ་དེ་བཟོ་སྟངས་སྐོར་ངོས་ནས་བསམ་ཚུལ་བཏོན་པ་ཡིན། རིམ་པས་སློབ་འཁྲིད་བྱེད་མཁན་དང་སློབ་མ་ཚོས་དེའི་སྐོར་དོ་སྣང་བྱེད་རྒྱུ་གལ་ཆེ།

བོད་ཀྱི་ཆབ་སྲིད་ཀྱི་སྐོར་དེ་ ༢༠༡༡ ལོ་ནས་བཟུང་ངོས་ནས་རྒན་ཡོལ་ཆ་ཚང་ཞུས་ཟིན། ད་ལྟ་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་སྐོར་ལ་འགན་འཁུར་ལེན་གྱི་ཡོད་པ་རེད། དེ་རིང་ངོས་ནས་ཁྱེད་རང་ཚོར་བརྗོད་རྒྱུའི་རྒྱུ་མཚན་དེ་འདྲ་རེད། སྔ་མོ་ནེ་རུས་ངོས་ལ་འདི་ལྟར་གསུངས་བྱུང་། ཨ་མི་རི་ཀས་རྒྱ་ནག་ལ་དམག་བརྒྱབ་སྟེ་རྒྱ་མི་བོད་ནས་མཐར་སྐྲོད་གཏོང་གི་མ་རེད། མཉམ་འབྲེལ་རྒྱལ་ཚོགས་ལ་ཡང་ཞུ་དགོས་པ་མ་རེད་ཟེར། རྒྱ་ནག་རང་ལ་གྲོས་མོལ་བྱས་ནས་དཀའ་ངལ་སེལ་དགོས་རེད་ཅེས་ནེ་རུ་རང་གིས་གསུངས་བྱུང་། དེ་བདེན་པ་རེད། བོད་མི་ས་ཡ་དྲུག་གི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་པ་གསོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་ཆེད་དུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་དབུ་མའི་ལམ་ལ་འགྲོ་རྒྱུའི་ཐག་ཆོད་བྱས་པ་རེད།

དབུ་མའི་ལམ་ཟེར་བ་དེ་ཕྱི་ལོ་ ༡༩༧༤ ལོ་ནས་གཏན་འབེབས་གནང་བ་རེད། ཕྱི་ལ་ ༡༩༧༩ ལོར་རྒྱལ་ལོ་དོན་གྲུབ་དང་ཏིང་ཞོ་ཕིང་གཉིས་ཐུག་འཕྲད་བྱས་པ་བརྒྱུད་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་ཡང་བོད་ནང་ལྟ་སྐོར་དུ་འགྲོ་རྒྱུ་བྱུང་བ་རེད། གཞིས་བྱེས་བོད་མི་གཉེན་འཕྲད་དུ་བསྐྱོད་རྒྱུ་དེ་ཡང་དེ་ལྟར་བྱས་ནས་བྱུང་བ་རེད། རྒྱ་ནག་ནང་རིག་གནས་གསར་བརྗེ་བྱུང་བར་བརྟེན་རྒྱ་ནག་དང་བོད་གཉིས་ཀར་དཀའ་ངལ་ཕྲད་ཡོད།  རིམ་པས་རྒྱ་ནག་ནང་དུའང་འགྱུར་བ་འགྲོ་གི་འདུག  དེ་རིང་ཁ་སང་རྒྱ་ནག་གི་མཐོ་རིམ་མི་སྣའི་ནང་ཏཱ་ལའི་བླ་མ་དང་མཉམ་དུ་འབྲེལ་བ་བྱེད་དགོས་པའི་སྐོར་བསམ་ཚུལ་ཤུགས་ཆེ་རུ་ཡོང་གི་ཡོད་ས་རེད། ཅེས་བཀའ་སློབ་ལམ་སྟོན་གནང་བ་བཅས།།