09
Mon, Dec

༢༠༡༩ལོའི་ཟླ་༦་ཚེས་༤་ཉིན། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་ངག་དབང་ཚེ་བརྟན་ལགས་ལ་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞིའི་སྐོར་ལ་བཅར་འདྲི་ཞུས།

བཅར་འདྲི།
Typography

༢༠༡༩ལོའི་ཟླ་༦་ཚེས་༤་ཉིན། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་ངག་དབང་ཚེ་བརྟན་ལགས་ལ་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞིའི་སྐོར་ལ་བཅར་འདྲི་ཞུས་ཡོད།

༡༽ ཁྱེད་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ངའི་མིང་ངག་དབང་ཚེ་བརྟན་དང་ང་སྐྱེས་ས་བོད་ཡིན། ༡༩༨༠་ལོའི་འགོ་སྟོད་ལ་བོད་ནས་རྒྱ་གར་ལ་བསླེབས་ཏེ་རྡ་སྟེང་བོད་ཁྱིམ་སློབ་གྲྭར་འཛིན་གྲྭ་བཅུ་གཉིས་བར་སློབ་སྦྱོང་བྱས་པ་དང་། དེ་ནས་རྒྱ་གར་མཐོ་སློབ་ནས་ལོ་བདུན་བརྒྱད་ཅིག་ཏུ་སློབ་སྦྱོང་བྱས་ཡིན། དེའི་རྗེས་སུ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་དུ་སྤྱི་ཚོགས་ཚན་རིག་གི་དགེ་རྒན་བྱས་ཡིན། ད་བར་ལོ་ངོ་ཉི་ཤུ་ལྷག་ལ་དགེ་རྒན་བྱས་ནས་བསྡད་ཡིན།

༢༽ ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོ་ཞེས་པའི་ལས་གཞི་ཞིག་རྩོམ་དགོས་པའི་དམིགས་ཡུལ་གང་ཡིན་ནམ།

ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞི་རྩོམ་དགོས་པའི་དམིགས་ཡུལ་གཙོ་བོ་བཞི་ཡོད། དང་པོ་ནས་གསུམ་པ་ནི་༸གོང་ས་མཆོག་གི་བརྩམས་ཆོས་ཀློག་རྒྱུ་དང་ཁ་ཐུག་འབྲེལ་བ་ཡོད་རེད། བཞི་པ་དེ་ཏོག་ཙམ་མ་འདྲ་བ་ཞིག་རེད། དམིགས་ཡུལ་དང་པོ་ནི་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དག་མི་གང་མང་མང་གིས་ཀློག་ཐུབ་རྒྱུ་དེ་རེད། སྤྱིར་ཀློག་རྒྱུ་གཅིག་པོ་མིན་པར་སྐུ་མདུན་གྱི་བཀའ་ཆོས་ལ་ལྟ་ཉན་བྱས་ན་འགྲིག་གི་ཡོད་རེད། ཡིན་ནའང་། ང་ཚོའི་ལས་གཞི་དེར་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོ་ཞེས་མིང་བཏགས་ཡོད། དམིགས་ཡུལ་གཉིས་པ་ནི་༸གོང་ས་མཆོག་གི་བཀའ་སློབ་གྱི་དེབ་བཀླགས་རྗེས་དེའི་ཐོག་ལ་སློབ་མ་ཕན་ཚུན་བར་གོ་བསྡུར་དང་བསམ་ཚུལ་རྗེས་ལེན་བྱས་ཏེ། དེབ་དེའི་ཐོག་གོ་རྟོགས་གཏིང་ཟབ་ཏུ་གཏོང་བ་དང་། དེ་ནས་བགྲོ་གླེང་དང་ལས་འགུལ་བརྒྱུད་ནས་སློབ་མ་ཚོར་གོ་རྟོགས་སྤེལ་ཆེད་དུ་རེད། དམིགས་ཡུལ་གསུམ་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད། དེ་ནི་ཀློག་པ་དང་གསན་པ་གཅིག་པོ་མིན་པར། ཁོང་གི་བསླབ་བྱ་དེ་དག་སོ་སོའི་མི་ཚེའི་ནང་ལག་བསྟར་བྱེད་ཐབས་བྱེད་རྒྱུ་དེ་རེད། དཔེར་ན། ཁོང་ཁྲོ་ཆེན་པོ་ཡོད་མཁན་ཞིག་ཡིན་ན་ཁོང་ཁྲོ་ཉུང་རུ་གཏོང་ཐབས་དང་། མི་གཞན་ལ་གཞན་ཕན་བྱེད་པ་གལ་ཆེན་པོ་མཐོང་བ་ཡིན་ན། སོ་སོའི་ངོས་ནས་རོགས་རམ་གང་ཐུབ་བྱེད་རྒྱུ་དེ་རེད། དམིགས་ཡུལ་བཞི་པ་དེ་ནི། ང་ཚོའི་ལས་གཞི་དེ་སློབ་གྲྭའི་ནང་དུ་འགོ་བཙུགས་པ་ཡིན་ཙང་། སློབ་མ་ཚོར་དཔེ་དེབ་ཀློག་རྒྱུ་གལ་ཆེ་ཤོས་བརྩི་ཡི་ཡོད་རེད། དེར་བརྟེན། ལས་གཞི་འདི་བརྒྱུད་ནས་སློབ་མ་ཚོར་དཔེ་དེབ་ཀློག་རྒྱུའི་གོམས་གཤིས་ཐེབས་ཐུབ་པའི་ཆེད་དུ་ཡིན།

༣༽ ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞི་དེས་སློབ་མ་ཚོར་ཕན་ཐོགས་ག་ཚོད་བྱུང་གི་ཡོད་དམ།

ལས་གཞི་ཞིག་བརྩམས་རྗེས་ཕན་ཐོགས་གང་དང་གང་འབྱུང་གི་ཡོད་མེད་ལྟ་རྒྱུ་གལ་ཆེན་པོ་རེད། སྐུ་མདུན་གྱི་དཔེ་དེབ་ཀློག་པར་བརྟེན་ནས་ལམ་སང་མིའི་བསམ་བློ་དང་སྤྱོད་པ་བཅས་ལ་འགྱུར་བ་འགྲོ་ཡི་ཡོད་མེད་ཤེས་རྒྱུ་ཁག་པོ་རེད། ཁང་པ་རྒྱག་པ་ནང་བཞིན་ལྡོག་ལྡོག་ཅིག་མཐོང་རྒྱུ་གང་ཡང་ཡོད་མ་རེད། འགྱུར་བ་དེ་ཚོ་ག་ལེར་ག་ལེར་འབྱུང་གི་རེད། འགྱུར་བ་ཁ་ཤས་མཐོང་རྒྱུའང་ཡོད་མ་རེད། ལོ་མང་པོ་རྗེས་ལ་མ་གཏོགས་མཐོང་རྒྱུ་མེད་པ་དེ་འདྲའང་ཡོད་རེད། ང་ཚོས་ཁ་ཐུག་འགྱུར་བ་དེ་འདྲ་འགྲོ་ཡི་འདུག་ཅེས་ལབ་རྒྱུ་ཁག་པོ་འདུག ཡིན་ནའང་། སློབ་གྲྭའི་ནང་གཟའ་ཉི་མ་དེ་འདྲ་ལ་སློབ་མ་ཕུན་ཚུན་བར་བསམ་ཚུལ་ཤོད་རེས་བྱེད་སྐབས། ཁོ་ཚོར་༸གོང་ས་མཆོག་གི་དཔེ་དེབ་བཀླགས་ནས་སེམས་ལ་འགྱུར་བ་དང་བསམ་བློ་གཏོང་སྟངས་འགྱུར་བ་ཕྱིན་པ་བཤད་ཡོང་གི་འདུག དཔེར་ན། ཁོ་ཚོས་ཁོ་ཚོའི་ནང་མི་ནང་ལ་མ་མཐུན་པ་དེ་འདྲ་ཡོང་གི་འདུག དེ་ནས་ཁོས་སྐུ་མདུན་གྱི་དཔེ་དེབ་བཀླགས་ནས་གོ་རྟོགས་གང་བྱུང་བ་དེ་དག་ནང་མི་ལ་བཤད་རྗེས། ནང་མིའི་ནང་འཆམ་མཐུན་ཡོང་གི་འདུག་ཅེས་དང་། ཡང་ཁ་ཤས་ཤིག་གིས་ཁོ་རང་སྔོན་མར་ཁོང་ཁྲོ་ཚ་བོ་ཡོད་པ་དང་། དེ་ནས་སྐུ་མདུན་གྱི་དཔེ་དེབ་བཀླགས་རྗེས། ཁོང་ཁྲོ་ལངས་སྐབས་མར་ཏོག་ཙམ་བཅག་གི་ཡོད་ཅེས་དང་། དེ་བཞིན་ཁ་ཤས་ཤིག་གིས་སྔོན་མ་ཁོ་ཚོ་དེ་འདྲ་མེད། སྐུ་མདུན་གྱི་བརྩམས་ཆོས་བཀླགས་རྗེས་མི་སྐྱོ་བོ་མཐོང་དུས་ལམ་སང་སྒོར་མོ་བཅུ་ལས་མེད་པ་ཡང་སྤྲད་ཡིན་ཞེས་དང་། གཞན་ཁོ་ཚོས་ཕ་མ་ཚོ་བཀའ་དྲིན་ཆེན་པོ་ཡིན་པ་མཐོང་གི་འདུག་དང་སྔོན་མ་ལས་ཁོར་ཡུག་ལ་དོ་སྣང་མང་བ་བྱེད་བཞིན་ཡོད་ཅེས་བཤད་སོང་། དེར་བརྟེན། ཁོ་ཚོ་བརྒྱུད་ནས་འགྱུར་བ་ཞིག་འགྲོ་བཞིན་ཡོད་པ་ཧ་གོ་བ་མ་གཏོགས་ང་རང་སྒེར་ནས་འགྱུར་བ་དེ་འདྲ་ཕྱིན་སོང་ཟེར་ནས་ལབ་ཐུབ་ཡ་མི་འདུག

༤༽ ད་བར་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞི་ནང་དུ་ཀློག་པ་པོ་ག་ཚོད་འཛུལ་ཞུགས་བྱས་ཡོད་དམ།

སུ་ཇཱ་སློབ་གྲྭའི་ནང་དང་པོ་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞི་མགོ་རྩོམ་སྐབས། ལོ་དང་པོ་དེར་སློབ་ཕྲུག་ལྔ་བརྒྱ་ཞིག་དང་བླངས་ངང་འཛུལ་ཞུགས་བྱས་སོང་། ད་བར་ལས་གཞི་འདི་འགོ་བཙུགས་ནས་ལོ་བཞི་ཙམ་ཕྱིན་སོང་། དེ་ནས་ཀློག་པ་པོ་བཞི་བརྒྱ་དང་སུམ་བརྒྱ། ད་ལོར་ཀློག་པ་པོ་ཉིས་བརྒྱ་འཛུལ་ཞུགས་བྱེད་བཞིན་ཡོད། སློབ་གྲྭ་གཞན་པའི་ནང་ཀློག་པ་པོ་ག་ཚོད་ཡོད་མེད་གྲངས་ཀ་ཏག་ཏག་ཅིག་ལབ་ཐུབ་གྱི་མི་འདུག ཡིན་ནའང་། སློབ་གྲྭ་ཁག་དང་དགོན་སྡེ་ཁག་ནང་བསྡོམས་ན་ཁྱོན་ལས་གཞི་ཉི་ཤུ་ནང་འགྲོ་བསྡད་ཡོད་རེད།

༥༽ ད་ལྟའི་ཆར་རྒན་ལགས་རང་ཉིད་ནས་འགོ་བརྩམས་པའི་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞི་དེ་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ནང་དར་སྤེལ་འགྲོ་བཞིན་པ་མཐོང་དུས་རྒན་ལགས་ལ་སེམས་ཚོར་ག་འདྲ་འདུག

ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞི་དེ་འགོ་རྩོམ་མཁན་ང་ཆགས་ཀྱི་ཡོད་རེད། འོན་ཀྱང་། ལོ་ཁ་ཤས་ནང་མི་མང་པོ་ཞིག་གིས་དོ་སྣང་བྱད་པ་དེ་ངས་ལས་གཞི་བརྩམས་པ་དེ་ཡག་དྲག་པ་དེ་འདྲ་རེད་བསམས་ཀྱི་མི་འདུག གལ་ཆེ་ཤོས་དེ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་ནི་དཔེ་མི་སྲིད་པའི་རླབས་ཆེན་རེད། སྐུ་མདུན་གྱི་དགོངས་པ་འདི་འཛམ་གླིང་འདིའི་ནང་གི་དུས་ཚོད་འདིར་མི་མང་པོ་ཞིག་ལ་བློ་སྟོབས་སྐྱེས་བྱེད་དང་། རང་ཉིད་ལ་དཀའ་ངལ་འཕྲད་སྐབས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སྐོར་ཕན་ཐོགས་འབྱུང་གི་ཡོད། དཔེར་ན། ནད་པ་ཞིག་ལ་སྨན་འདི་ཕན་གྱི་ཡོད་རེད་ལབ་དུས། མི་མང་པོ་ཞིག་གིས་སྨན་འདིར་འགྲོ་སོང་ག་ཚོད་འགྲོ་བཞིན་ཡོད་ནའང་སྨན་དེ་རེག་རྒྱུར་ཐབས་ཤེས་བྱེད་ཀྱི་རེད། དེ་འདྲ་ཡིན་དུས། ད་ལྟར་འཛམ་གླིང་ནང་གི་མི་མང་པོ་ཞིག་གི་བསམ་བློའི་ན་ཚ་མང་པོ་ཕོག་བསྡད་ཡོད་དུས་དང་། ཁོར་ཡུག་གི་ན་ཚ་མང་པོ་ཞིག་ན་བསྡད་ཡོད་དུས། ༸རྒྱལ་བ་རིན་པོ་ཆེའི་སྨན(སྐུ་མདུན་གྱི་དགོངས་པ)་དེ་སྨན་ཡག་ཤོས་ཤིག་ཏུ་མཐོང་གི་ཡོད་ཙང་། ལོ་ཆེ་ཆུང་མེད་པར་ཚང་མས་དོ་སྣང་བྱེད་ཐུབ་པ་ཞིག་ཡིན་དུས། ལས་གཞི་དེར་ངས་དཀའ་ལས་ཆུང་ཆུང་ཞིག་ལས་བརྒྱབ་མེད་རུང་། ལས་གཞི་དེ་ཁྱབ་འགྲོ་བ་དེ་དངོས་གནས་ཡག་པོ་བྱུང་འདུག་བསམས་པ་དང་། སྐབས་རེར་སློབ་མ་ཚོས་གྲོས་བསྡུར་བྱེད་སྐབས། ངས་ལོ་ངོ་ཉི་ཤུའི་ནང་སྤྱི་ཚོགས་ཚན་རིག་བསླབས་པ་ཡིན་རུང་། དེ་ལས་ལྷག་པའི་ལས་གཞི་འདི་སྤེལ་བ་དངོས་གནས་འགྲིག་འདུག་དྲན་གྱི་འདུག ད་དུང་ཡིན་ནའང་ལས་གཞི་འདི་མུ་མཐུད་ནས་སྤེལ་དགོས་ཀྱི་འདུག་བསམ་པའི་བསམ་བློ་དང་། ད་དུང་རྒྱ་ཇེ་ཆེར་གཏོང་དགོས་ཀྱི་འདུག་བསམ་པ་ལས་ལས་གཞི་འདི་མཚམས་འཇོག་རྒྱུ་མི་འདུག་བསམ་བཞིན་ཡོད།

༦༽མཐའ་མར་ཁྱེད་ལ་སློབ་ཕྲུག་དང་མི་མང་ལ་རེ་འབོད་དང་བསམ་ཚུལ་གང་བརྗོད་རྒྱུ་ཡོད་དམ།

ལས་གཞི་འདི་དང་འབྲེལ་བ་ཡོད་པའི་བསམ་ཚུལ་གང་ཡོད་ཞུ་ན། ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞི་འདི་ནི་སློབ་ཕྲུག་གཅིག་པོ་ཆེད་དུ་མ་རེད། ༸རྒྱལ་བ་རིན་པོའི་དགོངས་པ་སྦྱང་རྒྱུ་དེ་སློབ་ཕྲུག་གཅིག་པོ་མ་རེད། བོད་པ་གཅིག་པོ་མ་རེད། ནང་པ་གཅིག་པོའང་མ་རེད། དེར་རིགས་རུས་དང་ཕོ་མོའི་ཁྱད་པ་མེད་པར་ཚང་མས་སྦྱང་དགོས་པ་ཞིག་ངས་མཐོང་གི་འདུག དེ་འདྲ་ཡིན་དུས། ཚང་མས་ལས་གཞི་དེའི་སྒང་ལ་ཐུགས་འདོད་ཡོད་པ་ཡིན་ན་ལས་གཞི་དེ་ཕན་ཚུན་བར་སྤེལ་བ་དང་རྒྱ་ཇེ་ཆེར་གཏོང་རོགས་གནང་ཞེས་ཞུ་རྒྱུ་ཡིན། དེ་ནང་བཞིན་ཚོགས་པ་དེ་འདྲས་ལས་གཞི་དེ་འཛུགས་ཀྱི་ཡོད་ན་སྒང་གི་འགན་འཛིན་ནས་འོག་གི་ལས་མི་ཚོར་རོགས་རམ་བྱེད་རྒྱུ་དང་། འོག་གི་མི་རྣམས་ཀྱིས་འགན་འཛིན་ལ་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་འདུག ཡང་ས་ཆ་ཁ་ཤས་ལ་ལས་གཞི་འདི་གལ་ཆེན་པོ་འདུག ང་ཚོས་ལས་གཞི་འདི་འགོ་འཛུགས་ཀྱི་ཡིན་ཟེར་མཁན་འདུག ཡིན་ནའང་། ང་ཚོས་འདིར་དུས་ཚོད་ལྟ་བཞིན་ལྟ་བཞིན་བྱེད་ཀྱི་ཡིན་ཟེར་མཁན་དང་། ལས་གཞི་འགོ་འཛུགས་རྒྱུར་ས་ཆ་ལྟ་རྒྱུ་ཡིན་ཞེས་ཟེར་མཁན་ཡང་འདུག དེ་ཚོ་གལ་ཆེན་པོ་རེད་ལས་སླ་བོ་ཡོད་མ་རེད། ཡིན་ནའང་། ངས་སེམས་པར་ལས་གཞི་འདི་བརྩམས་རྒྱུར་དུས་ཚོད་ལྟ་བཞིན་ལྟ་བཞིན་བྱེད་རྒྱུ་རེད་བསམ་གྱི་མི་འདུག དུས་ཚོད་བཏོན་དགོས་རེད་བསམ་གྱི་འདུག དེ་བཞིན་ས་ཆ་རེག་མིན་ལྟ་རྒྱུ་རེད་བསམ་གྱི་མི་འདུག ས་ཆ་བསྐྲུན་དགོས་རེད་བསམ་གྱི་འདུག གཞན་ཡང་། ལས་གཞི་འདི་བཙུགས་པར་ལས་གཞི་གཞན་པ་ལས་དངུལ་ལྷག་པ་ཡིན་ན་བྱ་རྒྱུ་ཡིན་ཟེར་གྱི་འདུག ངས་དེ་འདྲའང་བསམ་གྱི་མི་འདུག ལས་གཞི་དེ་རང་གི་ཆེད་དུ་དངུལ་འགྲོ་སོང་གཏོང་དགོས་རེད་བསམ་གྱི་འདུག ལས་གཞི་འདི་ནི་ལས་གཞི་གཞན་ཚོའི་ནང་ནས་ལས་གཞི་གལ་ཆེན་པོ་ཞིག་རེད་མ་གཏོགས་གལ་ཆུང་བ་རེད་བསམ་གྱི་མི་འདུག ལས་གཞི་འདིའི་ཐོག་ལ་དུས་ཚོད་ཡིན་ན་རེད། ས་ཆ་ཡིན་ན་རེད། དངུལ་ཡིན་ན་རེད། སོ་སོའི་ནུས་པ་ག་རེ་ཡིན་ན་བེད་སྤྱོད་བཏང་སྟེ་སྒང་ནས་མགོ་འཁྲིད་མཁན་གྱིས་འགོ་འཛུགས་སྐབས་འོག་ནས་རོགས་པ་བྱེད་རྒྱུ་དང་། འོག་ནས་འདོད་པ་ཡོད་དེ་ལས་གཞི་འདི་འགོ་བཙུགས་ན། སྒང་ནས་རོགས་རམ་བྱེད་པའི་ཐོག་ནས་དེ་འདྲ་བྱེད་རོགས་དང་བྱེད་དགོས་རེད་བསམ་གྱི་འདུག ཐུགས་རྗེ་ཆེ།