19
Fri, Apr

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་དང་བཅར་འདྲི་བྱེད་མཁན་ཟླ་བ་ཕུར་བུ།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

༢༠༡༦།༠༧།༢༦ཉིན་སྤེལ། རྒྱ་མི་ཁོ་རང་ཚོ་སྟོབས་ཤུགས་ཆེན་པོ་དང་། མི་འབོར་ཆེན་པོ་ཡིན་ཟེར་ཡང་བྱེད་སྟངས་སྡུག་ཆགས་རྐྱང་རྐྱང་མ་གཏོགས་མེད་པ་རེད། དུས་ཚོད་སྔ་ཕྱི་ལ་མ་བལྟོས་པས་རྒྱ་ནག་གཞུང་སྦོ་ལུག་རྒྱུ་གཏན་ཁེལ་ཚར་བ་རེད།

དེ་ཡང་འདི་ག་གསར་འགོད་པས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སུ་ད་ལྟའི་བོད་ཀྱི་དཔེ་མཛོད་ཁང་གི་གནས་སྟངས་དང་། ལས་དོན་གནང་ཕྱོགས། འདས་པའི་ལོ་ཤས་ནང་གི་གྲུབ་འབྲས། མ་འོངས་པར་ལས་དོན་གང་སྤེལ་འཆར་ཡོད་མེད་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་ཀློག་པ་པོ་རྣམས་ཀྱིས་དགྱེས་གཟིགས་ཡོད་པར་ཞུ།།

༡།  ཐོག་མར་སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས། ལན། ང་བོད་ནས་སྐྱེས་པ་རེད། ཆུང་ངུའི་སྐབས་ཕ་མ་མཉམ་དུ་རྒྱ་གར་དུ་བྲོས་ཡོང་། དེ་རྗེས་བོད་པའི་གཏན་འཇགས་སློབ་གྲྭ་མོན་པ་ཊི། ཁ་ཤི་སྨི་རིར། ཊལ་ཧོར་ནས་འཛིན་རིམ་བཅུ་གཅིག་སློབ་ཐོན་བྱུང་རྗེས། ཕྱི་ལོ་༡༩༧༥ལོར་ཚན་ཉིད་གྲྭ་ཚང་ནང་སྒྲིག་ཞུགས་རྗེས་ལོ་༡༣རིང་དཔེ་ཆ་ལྟ་ཀློག་བྱས་པ་རེད། དེ་ཚར་རྗེས་ལྡི་ལི་བོད་ཁང་དུ་ལོ་གཉིས་དང་ཕྱེད་ཀ་ལྷག་ཉམས་ཞིབ་དང་སྐད་སྒྱུར་གྱི་ལས་ཀ་བྱས་པ་རེད། དེ་རྗེས་ཕྱི་ལོ་༡༩༨༩ནས་༢༠༠༥བཅས་ལོ་བཅུ་དྲུག་རིང་སྐུ་སྒེར་ཡིག་ཚང་ནང་ལས་ཀ་བྱས་པ་ཡིན། དེ་རྗེས་༢༠༠༥ནས་ད་ལྟ་བར་དཔེ་མཛོད་ཁང་གི་འགན་འཛིན་གྱི་མིང་ཐོག་ནས་ལས་ཀ་བྱས་པ་རེད། alt
 

༢ དཔེ་མཛོད་ཁང་གསར་འཛུགས་བྱས་པ་ནས་ད་ལྟ་བར་མི་ལོ་༤༦ལྷག་འགྲོ་ཡི་ཡོད་པ་རེད། དཔེ་མཛོད་ཁང་གི་ལས་དོན་གཙོ་བོ་དེ་གང་རེད། ལས་དོན་དེ་སྒྲུབ་ཕྱོགས་ཀྱི་ཐད་ལ་སྡེ་ཚན་ཁག་མི་འདྲ་བ་ག་ཚོད་ཡོད་དམ། དེ་དག་གི་ལས་དོན་གཙོ་བོ་གང་དང་གང་རེད་དམ།  ལན། ཁྱེད་རང་གིས་རོབ་ཙམ་ཞིག་མཁྱེན་མཁྱེན་པ་རེད། ཕྱི་ལོ་༡༩༧༠ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་བཏབ་གནང་བ་རེད། ཕྱི་ལོ་༡༩༧༡ཟླ་བ་༡༡ཚེས་༡ཉིན་དངོས་སུ་འགོ་འཛུགས་བྱས་པ་རེད། དམིགས་ཡུལ་དེ། བོད་ནང་ལ་ཆ་བཞག་ན་རིག་གཞུང་ཉམ་སྟེ་དཀའ་ངལ་ཆེན་པོ་བྱུང་ཡོད་རེད། སྐྱབས་བཅོལ་ནང་ལ་ཡིན་ཡང་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་འཐུས་ཤོར་འགྲོ་ཡི་ཡོད་པ་རེད། འོན་ཀྱང་གཙོ་བོ་བོད་ཀྱི་རིག་གཞུང་ཉམས་ཞིབ་དང་། བསྐྱར་གསོ་བྱེད་པའི་ཆེད་དུ་རེད། སྤྱིར་བཏང་དཔེ་མཛོད་ཁང་དུ་ལས་འགན་ཆུང་ཆུང་ཞིག་བགོས་ཤ་བརྒྱབ་པ་ཡིན་ན་སྡེ་ཚན་བཅུ་ལྷག་ཡོད་རེད། འཛིན་སྐྱོང་སྡེ་ཚན། ཕྱག་དཔེ་སྡེ་ཚན་ཁང་། དབྱིན་ཡིག་གི་གཙོས་པས་ཕལ་ཆེར་སྐད་ཡིག་ཉི་ཤུ་རྩ་ལྔ་རྩམ་ཡོད་པ་དེ་དག་འཇོག་སའི་སྡེ་ཚན་གཅིག སྒྲ་བཅུག་བརྙན་པར་གྱི་སྡེ་ཚན་གཅིག བོད་ཀྱི་རིག་གཞུང་ཉམས་ཞིབ་སྐོར་གྱི་སྡེ་ཚན་གཅིག ཉམས་ཞིབ་དང་རྩོམ་སྒྱུར་གྱི་སྡེ་ཚན་གཅིག འགྲེམས་སྟོན་སྡེ་ཚན་གཅིག ངག་རྒྱུན་སྡེ་ཚན་གཅིག་བཅས་ཕལ་ཆེར་སྡེ་ཚན་བཅུ་གཅིག་ཙམ་ཞིག་ཡོད།

༣། སྐུ་ཉིད་བོད་ཀྱི་དཔེ་མཛོད་ཁང་གི་ཕྱག་ལས་གནང་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང་བོད་ཀྱི་དཔེ་མཛོད་ཁང་གི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ། ལན། གནས་སྟངས་དེ་སྤྱིར་སྟངས་ཀྱིས་ལྟོས་ས་ལྟོས་འཇོག་བྱས་པ་ཡིན་ན་ཡག་ཏུ་འགྲོ་ཡི་ཡོད། རིག་གཞུང་གི་ལས་ཀ་བྱེད་མཁན་ཉིན་གཅིག་ལ་ཁང་པ་རྒྱབ་པ་ལྟ་བུ་དེ་རིང་རྩིག་པ་བརྩིག་པ་ཡིན་ན་ཉིན་རེ་བཞིན་བརྩིག་ཁ་ལོང་གི་ཡོད་པ་ནང་བཞིན་མཐོང་རྒྱུ་ཡོད་མ་རེད། ང་རང་འདི་ལ་སླེབས་རྗེས་ཁང་པ་གཉིས་གསུམ་ཞིག་རྒྱབ་པ་ཡིན། དེ་དག་མཐོང་རྒྱུ་ཡོད་རེད། ཡར་རྒྱས་ངོ་མ་དེ་རིག་གཞུང་བདག་སྐྱོང་དང་། ཁྱབ་སྤེལ་ག་ཚོད་གཏོང་ཐུབ་ཀྱི་ཡོད་མེད་དེའི་ཐོག་ལྟ་དགོས་པ་རེད། གསལ་ཐིང་ཐིང་ཁང་པ་རྒྱབ་པ་ནང་བཞིན་འདི་རེད་ཅེས་སྟོན་རྒྱུ་མེད་ན་ཡང་ང་རང་འདི་ལ་སླེབས་པའི་སྐབས་ནས་བཟུང་ད་ལྟ་བར་དུ་ཕྱི་རྒྱལ་བ་དང་ང་རང་ཚོའི་མི་མང་བཅས་གང་ས་སྤྱི་ཐད་ནས་དཔེ་དེབ་ཀློག་པར་ཡོང་མཁན་མང་པོ་ཡོད་ལ། ཉིན་རེ་ལ་ནང་ཆོས་འཛིན་གྲྭ་ཐེངས་གསུམ་རེ་འཚོགས་ཀྱི་ཡོད། བོད་ཀྱི་སྐད་ཡིག་འཛིན་གྲྭ་ཐེངས་གསུམ་ཡོད་རེད། དེ་བཞིན་ཟླ་བ་གསུམ་རེའི་བར་དུ་ཡིག་སྒྱུར་གྱི་ཟབ་སྦྱོང་དང་། ཟླ་བ་གཉིས་ཀྱི་རིང་བོད་པའི་རིག་གཞུང་ཟབ་སྦྱོང་།

དེ་བཞིན་ཕྱི་རྒྱལ་གྱི་མཁས་དབང་ཁག་གདན་ཞུ་གནང་སྟེ་གསུང་བཤད་གནང་བ། དེ་མིན་འདི་ལ་ཡོད་པའི་དགེ་བཤེས་རྣམ་པ་ཚོས་ཟུར་དུ་གངས་ཅན་སྐྱིད་གཤོངས་གཡས་གཡོན་གྱི་ལས་བྱེད་དང་། གཞོན་སྐྱེས་བཅས་དོ་སྣང་ཅན་ཅི་རིགས་ཀྱི་ཆེད་དུ་ཟུར་དུ་ལས་ཁུངས་དུས་ཚོད་ཡོལ་ཟིན་ཡང་ནང་ཆོས་འཆད་ཁྲིད་བྱེད་པ། ཞོགས་པ་ལས་ཁུངས་མ་ཚུགས་གོང་ནས་ལོ་གཞོན་ཚོར་བོད་ཡིག་སློབ་ཁྲིད་བྱེད་པ་བཅས་ལོ་ལྟར་རེ་བཞིན་ཡོད། སྤྱིར་བཏང་གི་ལས་ཀ་མང་པོ་བྱེད་ཀྱི་ཡོད་རེད། དེ་བཞིན་འགྲེམས་སྟོན་ལ་ཆ་བཞག་ན་ང་སླེབས་ཏེ་འགྲེམས་སྟོན་ཆ་ཚང་འགྱུར་བ་ཞིག་བཏང་པ་རེད། དེ་ཡང་ཅ་ལགས་དེ་ང་ཚོ་བོད་པའི་མཐུན་མོང་མ་ཡིན་པ་དང། ཉར་ཚགས་བྱེད་སྟངས་དེ་མཁས་པ་ཚོ་གདན་ཞུ་གནང་སྟེ་སྒྲིག་གཤོམ་ཀྱི་ཐད་དེང་དུས་དང་མཐུན་པར་བཟོ་བཅོས་རྒྱབ་ཡོད་རེད། དེ་བཞིན་དཔེ་དེབ་པར་བསྐྲུན་ལ་ཆ་བཞག་པ་ཡིན་ན་ཡང་ལོ་བཅུ་གཅིག་ནང་ཀློག་མཁན་ཡོད་ན་དཔེ་དེབ་ཀློག་རྒྱུ་འབེལ་འབེལ་ལྷུག་ལྷུག་ཡོད་བསམ་པ་ཞིག་བཟོས་ཡོད། སྔོན་མ་ཡིན་ན་དཔེ་དེབ་མང་པོ་མི་འདུག་མདོག་མདོག་བྱེད་མཁན་མང་པོ་ཡོད་རེད།

ནང་ཁུལ་དུ་ཆ་བཞག་ན་ཡང་དཔེ་དེབ་མང་པོ་པར་བསྐྲུན་བྱས་ན་ཉོ་མཁན་ཡོད་མ་རེད་ཅེས་བསམ་ཚུལ་བརྗོད་མཁན་ཡོད་རེད། འོན་ཀྱང་དེ་བཤད་ན་འགྲིག་གི་མི་འདུག ཉམ་ཞན་དུ་འགྲོ་ཡི་འདུག ང་ཚོས་ཨུ་ཚུགས་རང་རྒྱབ་དགོས་འདུག དེབ་གཟུགས་ཡག་ཏུ་གཏོང་དགོས་ཀྱི་འདུག དེབ་གྱི་རྣམ་གྲངས་མང་དུ་བཏང་ན་རིམ་བཞིན་དོ་སྣང་ཡོང་གི་འདུག་ཅེས་ཨུ་ཚུགས་རྒྱབ་པར་བརྟེན་ད་ལྟའི་ཆར་བྱིས་པ་དང་། ན་གཞོན། རྒན་རབས་བཅས་ཀྱི་ཆེད་དུ་དཔེ་དེབ་མང་པོ་ཞིག་པར་བརྒྱབ་ཡོད་པ་རེད། དེ་ག་ནང་བཞིན་དྲང་པོར་བརྗོད་ན། ང་རང་འདི་ལ་སླེབས་སྐབས་ནང་ཆོས་འཛིན་གྲྭ་ཚུགས་ས་ལ་སོགས་པ་ཏག་ཏག་གཅིག་མེད་པའི་གནས་ཚུལ་ཡོང་བཞིན་འདུག ད་ལྟའི་ཆར་ཉི་མ་གཅིག་ལ་སྐད་ཡིག་འཛིན་གྲྭ་གསུམ་ཙམ་ཚུགས་ཀྱི་ཡོད་རེད། ནང་ཆོས་འཛིན་གྲྭ་གསུམ་ཚུགས་ཀྱི་ཡོད་རེད། དེ་བཞིན་གསར་པ་བཟོས་པ་ཞིག་ལོ་དྲུག་རིང་བོད་སྐད་ཡིག་རང་གི་ཐོག་ནས་ནང་ཆོས་སློབ་ས་བཟོས་ཡོད་པ་རེད། མཐའ་མ་དེ་ལ་བོད་པའི་སྐད་ཡིག་རང་གི་ཐོག་ནས་ཤེས་མཁན་འཛམ་བུ་གླིང་གི་ནང་ནས་འདིས་ཡག་པོ་ཤེས་ཀྱི་འདུག་ཅེས་པ་ཞིག་ལ་དམིགས་ནས་འཛིན་གྲྭ་འཚོགས་བཞིན་ཡོད་ལ་ད་དུང་རྒྱ་ཡིག་གི་དཔེ་མཛོད་ཟུར་དུ་གསར་པ་བཙུགས་ཡོད།

དེ་བཞིན་༧གོང་ས་མཆོག་གི་གསུང་ཆོས་དང་། བོད་པའི་མཁས་པ་མང་པོས་གསུངས་པའི་ཕྱག་དཔེ་མང་པོ་བདག་པོ་རྒྱབ་མཁན་དང་པོ་དེ་དཔེ་མཛོད་ཁང་རེད་ཅེས་ཞུ་ཆོག་གི་རེད། ད་ལྟ་བདག་པོ་རྒྱབ་པ་དེ་ཚོའི་གྲལ་ཚང་མ་དུས་ཚོད་ལ་འགྱུར་བ་ཐེབས་ཏེ་འཕྲུལ་ཆས་ཚང་མ་རྙིང་པར་གྱུར་འགྲོ་ཡི་ཡོད་པ་དེ་དག་ཚང་མ་འཕྲུལ་ཆས་གསར་པའི་ནང་སྤོ་རྒྱུ་བཅས་ལས་ཀ་མང་པོ་ཞིག་འགྲོ་བཞིན་ཡོད། སྙིང་བསྡུས་ཤིག་ཞུས་ན་ང་ཚོ་བོད་པའི་མི་འབོར་ཉུང་ཉུང་རེད། དཔལ་འབྱོར་མཐུན་རྐྱེན་སྐྱོ་བོ་ཡིན་པར་བརྟེན་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུར་གྲུང་པོ་བྱེད་དགོས་ཀྱི་འདུག་ཅེས་ངས་དུས་རྒྱུན་དེ་བཤད་ཀྱི་ཡོད། གྲུང་པོ་བྱེད་རྒྱུ་གཞན་དག་གང་ཡང་མ་རེད། གྲུང་པོ་དེ་དེང་དུས་ཀྱི་བརྒྱུད་ལམ་དེ་ཚོ་བདེ་སྤྱོད་བཏང་སྟེ་ཁྱབ་སྤེལ་བྱས་ན། ཉར་ཚགས་བྱེད་རྒྱུར་ཤུགས་ཆེ་རུ་འགྲོ་ཡི་རེད་ཅེས་ང་ཚོས་དེང་དུས་ཀྱི་རྣམ་པའི་ཐོག་ལས་ཀ་བྱེད་ཀྱི་ཡོད་པ་དཔེར་ན། དཔེ་མཛོད་ཁང་ནང་གི་དཔེ་དེབ་བཞག་ས་སྔོན་མ་ཡིན་ན་ལྕགས་ཀྱི་སྒྲོམ་གཞི་དེ་རེད། ལྕགས་དེ་དག་བཙའ་རྒྱབ་འགྲོ་ཡི་ཡོད་རེད། འགུལ་བསྐྱོད་གཏོང་རྒྱུ་ཡོད་མ་རེད། དཔེ་དེབ་ཚང་མར་ཐལ་རྡུལ་འཁྲིགས་ཀྱི་ཡོད་པ་དེ་ཚོ་ཆ་ཚང་ལ་འགྱུར་བ་ཞིག་བཏང་སྟེ་དེ་རིང་ཁ་སང་ཆ་ཚང་ཞིང་སྟབས་བདེ་པོ་དང་། གཙང་མ་བྱས་ཏེ་མཐོང་རྒྱུ་ཡོད་པ་དེ་རེད།

དེ་དང་དེ་འདྲ་བ་དཔེ་ཆ་རྙིང་པ་མང་པོ་ཡོད་པ་དེ་དག་འཕྲོ་བརླག་འགྲོ་རྒྱུར་ཉེན་ཁ་ཡོད་པ་བཅས་ལས་འགན་ཆེན་པོ་རེད་དེ་དག་ཚང་མ་གློག་ཀླད་ནང་ལ་བཅུག་པ་ཡིན་ན་ནོར་སྲིད་ཀྱི་རེད། དུས་ཚོད་མང་པོ་ཞིག་འགྲོ་ཡི་ཡོད་པ་བཅས་ལས་ཀ་ཚར་རྒྱུ་མེད་པ་ཞིག་ཆགས་རྒྱུ་ཡིན་པར་བརྟེན་དེ་དག་ཚང་མ་ང་ཚོས་བཤེར་འབེབས་གསར་པ་བཙུགས་ཏེ་དུས་ཚོད་ཐུང་ཐུང་ཞིག་གི་ནང་སྔོན་མའི་དཔེ་རྙིང་ནང་གང་འཁོད་པ་དེ་གཞིར་བཟུང་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད་ལ་ད་དུང་ང་ཚོས་ལས་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད།

༤། གྲུབ་འབྲས་དེ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས། ལན། མང་ཆེ་བ་གོང་དུ་ཞུས་ཟིན་པ་ཡིན། དཔེར་ན། ༡། ནང་ཆོས་འཛིན་གྲྭ་ཐེངས་གསུམ་ཆད་མེད་ཚོགས་ཀྱི་ཡོད་པ་རེད། དེ་ཡང་ནང་ཆོས་འཛིན་གྲྭ་ཚུགས་རྒྱུ་གཅིག་པུ་མ་ཡིན་པར་འཛིན་གྲྭ་རེ་རེ་བཞིན་དུ་གསར་གཏོད་དང་ཁ་གསབ་གང་བྱེད་དགོས་ཀྱི་འདུག་ཟེར་ནས་གོ་བསྡུར་བྱུང་རྗེས་ཉིན་ལྟར་སྐར་བཅོ་ལྔའི་རིང་སྒོམ་རྒྱབ་རྒྱུ་བཟོས་ཡོད་པ་རེད། ༢། བོད་ཀྱི་རིག་ལམ་དེ་གལ་ཆེན་ཡིན་པར་བརྟེན་རེ་གཟའ་ལྷག་པ་རྟག་ཏུ་རིག་ལམ་སློབ་རྒྱུ་བཟོས་ཡོད་པ་རེད། དེ་དག་གསར་གཏོད་བྱས་པའི་སྐད་ཆ་རེད།

༣། སྐད་ཡིག་ལ་ཆ་བཞག་ན་སྔོན་མ་ནས་སློབ་མཁན་ཞིག་ཡོད་བསྡད་པ་རེད། སྐད་ཡིག་སློབ་མཁན་དེ་ཡང་ལས་ཀ་གཞན་ཞིག་བྱེད་ཞོར་སྐད་ཡིག་སློབ་ཏུ་འགྲོ་དགོས་ཀྱི་ཡོད་པ་རེད། དེ་འདྲ་བྱས་ན་གྲུབ་འབྲས་ཐོན་ཐུབ་ཀྱི་མི་འདུག་ཟེར་ནས་ལས་ཁུངས་ཟུར་དུ་སྤྲད་ནས་སྐད་ཡིག་ཁོ་ན་ཉིད་ལ་ལས་ཀ་བྱེད་དུ་བཅུག་ནས་དགེ་རྒན་གཉིས་སྐད་ཡིག་རང་གི་ཐོག་ལ་མ་གཏོགས་ལས་ཀ་གཞན་དག་ཡོད་མ་རེད།

༤། ཧིན་དྷི་སྡེ་ཚན། ང་འདི་ལ་སླེབས་པ་ནས་བཟུང་གསར་པ་གང་བྱུང་ཡོད་པ་རེད་བརྗོད་ན། སྔོན་མ་ཡིན་ན་འདི་ལ་ཧིན་དྷི་རྩ་བ་ནས་ཡོད་མ་རེད།  དེ་གལ་ཆེན་པོ་ཞིག་ཏུ་མཐོང་སྟེ་ནང་ཆོས་དར་ས་དེ་རྒྱ་གར་ལུང་པ་ནས་དར་བ་རེད་ལ་ད་ཆ་ང་ཚོ་སྡོད་ས་དེ་ཡང་རྒྱ་གར་ལུང་པར་བསྡད་ཡོད་པར་བརྟེན་ཕར་ལ་ཐུགས་རྗེ་ཆེ་ཟེར་བའི་ལས་ཀ་ཞིག་བྱེད་དགོས་ཀྱི་ཡོད་དུས་ནང་ཆོས་དེ་ཁོ་རང་ཚོའི་མི་མང་ལ་ཕར་སྤྲད་པ་ཡིན་ན་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་ཆེད་དྲག་ཤོས་ཅིག་རེད་འདུག ད་ལྟའི་ཆར་ང་ཚོས་ཧིན་དྷིའི་དེབ་བཅུ་གྲངས་ཤིག་པར་རྒྱབ་ཚར་རེད། དེ་བཞིན་ཧིན་དྷིའི་དུས་དེབ་གཅིག་པར་རྒྱག་བཞིན་པ་རེད།

༥། ཚན་རིག་ཀྱི་སྐོར། ང་སླེབས་སྐབས་ཚན་རིག་ཀྱི་ལས་གཞི་ཡོད་པ་དེ་དགེ་འདུན་པ་ལྔ་བཅུ་ལྷག་ཅིག་ལ་ཟབ་སྦྱོང་སྤྲད་པ་དེས་ཕན་གྱི་མེད་པར་བརྟེན། ༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་གདན་ས་ཁག་གི་ནང་ནང་ཆོས་སློབ་གཉེར་གནང་མཁན་གྱི་དགེ་འདུན་པ་ཕོ་མོ་ཚང་མ་ཡོད་སར་ཚན་རིག་སློབ་དགོས་ཀྱི་ཡོད་པ་རེད། དེ་ལས་སླ་པོ་རྩ་བ་ནས་མ་རེད། དེ་སློབ་མཁན་གྱི་དགེ་རྒན་དང་། སློབ་ཆེད་ཀྱི་དཔེ་དེབ་དགོས་ཀྱི་ཡོད་པ་རེད་ལ་དེ་ཡང་དང་པོ་གདན་ས་ཁག་ནས་ངོས་ལན་བྱེད་རོགས་བྱེད་ཀྱི་མ་རེད། སྒྲིག་ལམ་ཚང་མར་འགྱུར་བ་གཏོང་དགོས་ཀྱི་ཡོད་རེད། ༧སྐུ་འདུན་གྱི་དགོངས་གཞི་རེད། དགེ་འདུན་པ་ཚོས་དགོངས་གཞི་དེ་མ་རྩིས་པ་མ་རེད། གནད་དོན་མང་པོ་ཞིག་གིས་རྐྱེན་པས་འཁོན་ཐོགས་ཡོད་རེད་ལ་ཁོ་རང་ཚོར་མང་ཐག་ཆོད་སློབ་གཉེར་བྱེད་རྒྱུ་ཡོད་པ་རེད།

སྒྲུང་རིང་པོ་དེ་ཐུང་ཐུང་བཟོས་ཏེ་བཤད་པ་ཡིན་ན། གདན་ས་ཁག་དེ་དག་ལ་ཕྱིན་ཏེ་ཚོགས་འདུ་འཚོགས་དྲན་གསོ་ཐེངས་མང་བཏང་སྟེ་མཐའ་མ་དེ་ལ་ཚོགས་འདུ་ཆེན་མོ་ཞིག་ཚོགས་རྗེས་ད་ལྟའི་ཆར་གདན་ས་གསུམ་གྱིས་གཙོས་པའི་དགེ་ལུགས་པའི་ཆོས་བརྒྱུད་ཆེ་ཁག་ཚང་མའི་ནང་ཚན་རིག་སློབ་ཀྱིན་ཡིན་ཟེར་ནས་དགའ་ལྡན་ཁྲི་པས་གཙོས་མཁན་པོ་དགེ་བཤེས་ཚང་མ་དབུ་ཞུགས་ཀྱི་ཐོག་ནས་དགོན་པ་རང་གིས་ཡིག་ཆ་བཞག་སྟེ་ཉིན་གསུམ་ཚོགས་འདུ་འཚོགས་ཏེ་ཚན་རིག་སློབ་ཀྱིན་ཡིན་ཟེར་ནས་གདན་ས་ཁག་ཚང་མའི་ནང་ཚན་རིག་ཀྱི་ལྟེ་གནས་བཙུགས་ཡོད་རེད། ཡང་ཁག་གཅིག་གིས་ང་ལ་བཤད་ཀྱི་འདུག དགེ་བཤེས་ལགས་ཚན་རིག་གི་ལྟེ་གནས་བཙུགས་ཟེར་དུས་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་ལྟེ་གནས་ཁང་ཞེས་འབྲི་དགོས་རེད་དམ་ཞེས་བཤད་ཀྱིན་འདུག ངས་དེ་འདྲ་མ་རེད། དེ་བོད་ཀྱི་དཔེ་མཛོད་ཁང་གི་མིང་ཐོག་ནས་བྱེད་ཀྱི་ཡོད་མ་རེད། དེ་ཁྱེད་རང་ཚོས་ཉར་ཚགས་དང་། ཚགས་སུ་ཚུད་པ་བྱེད་དགོས་རེད་ལ་དགོན་པ་སུ་ཡིན་ཡང་དེའི་ཚན་རིག་ལྟེ་གནས་ཁང་བྱེད་དགོས་རེད་ཅེས་བཤད་པ་ཡིན།

ད་ལྟའི་ཆར་ཨི་རའི་ཨེ་མཱོ་རི་Emoryགཙུག་ལག་སློབ་གཉེར་ཁང་དང་བཟུང་སྦྲེལ་བྱས་ཏེ་ལོ་ལྟར་ཡིག་སྒྱུར་གྱི་ཚོགས་འདུ་ཞིག་ཕྱི་ཟླ་གསུམ་པའི་ནང་ཚོགས་ཀྱི་ཡོད་པ་རེད། དེའི་སྐབས་སུ་ཚན་རིག་ཀྱི་ཐ་སྙད་བོད་སྐད་ནང་བཟོ་ཐེངས་གཅིག་ལ་བཞི་བརྒྱ་ནས་ལྔ་བརྒྱ་བར་བཟོ་ཐུབ་ཀྱི་འདུག ཕལ་ཆེར་སྐྱབས་བཅོལ་བའི་ནང་ཐེངས་དང་པོ་དེ་ཡིན་གྱི་རེད། ཚན་རིག་ཀྱི་ཚིག་མཛོད་ཐེངས་དང་པོ་དེ་ང་ཚོས་པར་བརྒྱབ་པ་རེད།

༦། ཀློག་དེབ་སྐོར། དེ་བཞིན་གོང་དུ་ཞུས་པ་ནང་བཞིན་ཚན་རིག་བསླབ་བྱེད་ཀྱི་ཀློག་དེབ་ཡོད་མ་རེད། དེ་ཡང་ཨ་རིར་ཡོད་པའི་ཚན་རིག་སློབ་གཉེར་ཁང་གི་ཆེད་ལས་མཁས་པ་དང་མཉམ་དུ་གདན་ས་ཁག་ལ་གང་དགོས་ཀྱི་ཡོད་མེད་དེ་གོ་བསྡུར་བྱས་ཏེ་ད་ལྟའི་ཆར་ཀློག་དེབ་བཅུ་ལྷག་གདན་ས་ཁག་ནང་བཀྲམ་ཏེ་དཀའ་ངལ་མེད་པའི་ཐོག་ནས་འགྲོ་བཞིན་ཡོད་རེད།

༧། དགེ་རྒན་སྐོར། གནས་སྐབས་རིང་ང་ཚོས་ཨ་རི་ནས་དགེ་རྒན་མངགས་ཏེ་གདན་ས་ཁག་གི་གྲྭ་བ་སྟོང་ཁྲག་ཁ་ཤས་ཟབ་སྦྱོང་ཚུགས་ཀྱི་ཡོད་རེད། དེ་སློབ་མཁན་ཚང་མ་ཕྱི་རྒྱལ་ནས་སྐད་གཏོང་གི་ཡོད་རེད། དེ་ཡང་ཕུགས་རྒྱང་རིང་པོར་ཕན་ཐོགས་མེད་འདུག་ལ་འགྲོ་སོང་གིས་ཡོང་ས་མ་རེད་ང་ཚོ་སོ་སོའི་རྐང་པའི་ཐོག་ལངས་དགོས་ཀྱི་འདུག་ཅེས་དེའི་འཆར་གཞི་ཞིག་ལོ་མང་པོའི་གོང་ནས་གཏིང་ཡོད་རེད། ད་ལྟ་ཨ་རིར་ཡོད་པ་ངའི་གྲོགས་པོ་དགེ་བཤེས་བློ་བཟང་བསྟན་འཛིན་དང་ང་ཉིད་མཉམ་དུ་བཟུང་སྦྲེལ་བྱས་ཏེ་འཆར་གཞི་ཞིག་ཡོད་པ་རེད།  ལོ་ཁ་ཤས་སྔོན་དུ་དགེ་འདུན་པ་ལྔ་དྲུག་ཅིག་ལ་ལོ་གསུམ་རིང་ཨ་རའི་གཙུག་ལག་སློབ་གཉེར་ཁང་ལ་ཚན་རིག་སྦྱོང་དུ་བཏང་གནང་བ་རེད། སྡེ་ཚན་དང་པོ་དེའི་ནང་མི་དྲུག་སློབ་ཐོན་བྱུང་རྗེས་ཚུར་སླེབས་ཚར་བ་རེད།  དེ་རྗེས་སྡེ་ཚན་གཉིས་པའི་ཁོངས་ཀྱི་མི་དྲུག་དེ་ཡང་ཚུར་སླེབས་ཚར་བ་རེད། དེ་དག་ཚང་མ་སོ་སོའི་མངའ་ཁོངས་ཀྱི་དགོན་པ་སོ་སོར་བསྡད་ནས་རྐང་གིས་ཚན་རིག་གི་འགན་འཁུར་མཁན་ཁོང་ཚོ་རེད། དེ་དག་ལས་གཞི་ཆེན་པོ་དང་གསར་པ་རེད།

༨། སྐད་སྒྱུར་ཟབ་སྦྱོང་། སྐད་སྒྱུར་ཟབ་སྦྱོང་འཛིན་གྲྭའི་ནང་སློབ་ཕྲུག་དགུ་ཙམ་ཡོད་ལ་མང་ཆེ་བ་བོད་པ་དང་། མཐོ་རིམ་སློབ་གྲྭ་ཐོན་པ་ཤ་སྟག་ཡིན་ལ་ད་ལྟའི་ཆར་སྐད་སྒྱུར་གྱི་ཟབ་སྦྱོང་ཚུགས་བཞིན་ཡོད། དེ་ཡང་ང་སླེབས་ཚར་ཙམ་ལ་མིང་དེ་སྐད་སྒྱུར་ཟབ་སྦྱོང་བཏགས་ན་ཡང་དོན་དངོས་ཐོག་བོད་པའི་ཆོས་དང་། རིགས་གཞུང་། དབྱིན་ཡིག ཡིག་སྒྱུར་བཅས་ཟླ་བ་གསུམ་བཞིའི་ནང་ལ་མང་པོ་ཞིག་ཤེས་སོང་ཟེར་བའི་ལས་གཞི་ཞིག་ངས་འགན་འཛིན་བྱས་པ་ནས་བཟུང་འགོ་འཛུགས་བྱས་ཏེ་དེ་རིང་ཟབ་སྦྱོང་ཐེངས་བཅུ་གཅིག་པ་དེ་ཡིན། དེ་ཡང་ལས་གཞི་གསར་པ་ཞིག་རེད།

༥། འཛམ་གླིང་ཞི་བདེར་གནས་ཐུབ་དགོས་ནང་ཆོས་སྦྱོང་དགོས་ཀྱི་འདུག་ཅེས་ཚན་རིག་པ་མང་པོ་ཞིག་གིས་དོ་སྣང་བྱེད་དང་བྱེད་བཞིན་པ་རེད་ལ། ལྷག་པར་དུ་༧གོང་ས་མཆོག་འཛམ་གླིང་གི་ས་ཕྱོགས་གང་དུ་ཆིབས་བསྒྱུར་བསྐྱངས་གནང་བ་ཡིན་ན་ཡང་ནང་ཆོས་ལ་སློབ་གཉེར་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པ་གསུང་གིན་ཡོད་པ་རེད། ཡིན་ཡང་ནང་ཆོས་ཆ་ཚང་ཞིག་སློབ་སྦྱོང་བྱེད་དགོས་ན་བོད་པའི་རིག་གཞུང་མ་ཤེས་ཐབས་མེད་ཆགས་ཡོད་པ་རེད།  འོན་ཀྱང་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀའི་སྤྱི་ཚོགས་ནང་བོད་པའི་སྐད་ཡིག་ལ་ཉམ་ཆགས་འགྲོ་བཞིན་ཡོད་པ་གསུང་མཁན་མང་པོ་ཡོད་པར་བརྟེན། དེའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ངོས་ནས་ངོས་འཛིན་གང་འདྲ་བྱེད་ཀྱི་ཡོད་དམ། ལན།

དེ་ཡིན་ཐག་ཆོད་རེད། བོད་ནང་ལ་ཆ་བཞག་པ་ཡིན་ན་ཡང་རྒྱ་གཞུང་གིས་ཆེད་དུ་གཉེར་ནས་བོད་པའི་མཁས་པ་ཚོ་སྨྲོས་མ་དགོས་པ་རེད།  གཞས་པ་ཞིག་ཡིན་ན་ཡང་མཐོང་ཆུང་དང་དམའ་འབེབ་ཉེས་ཆད་གཏོང་བ་ལ་སོགས་པ་བྱེད་ཀྱི་ཡོད་པ་རེད། གཉིས་ནས་འཛམ་གླིང་སྤྱི་ཡོངས་ཚང་མ་དེང་དུས་ཀྱི་དངོས་གཙོ་སྨྲ་བའི་རྗེས་སུ་དྲངས་ཟེར་ཡང་གང་ལྟར་ཕྱི་དངོས་པའི་དཔལ་འབྱོར་ཁྲ་ཁྲ་ཟིང་ཟིང་མང་པོ་མཐོང་སྐབས་རྣམ་གཡེང་དང་དེའི་རྗེས་སུ་དྲངས་ཏེ་རང་རའི་ཆོས་དང་རིག་གཞུང་ལ་མི་དགའ་བ་དེ་འདྲ་མ་ཡིན་ཡང་དོ་སྣང་བྱེད་རྒྱུ་ཉུང་དུ་འགྲོ་བ་དང་། ལྷག་པར་དུ་ལོ་གཞོན་མང་པོ་ཞིག་གི་བསམ་བློའི་ནང་དབྱིན་སྐད་ཤེས་ན་གང་དུ་ཡིན་ཡང་འགྲོ་ཐུབ་པ་དང་ལས་ཀ་ཡིན་ཡང་རགས་ཐུབ་པའི་བསམ་ཚུལ་ཡོད་མཁན་ཡོད་པ་རེད། ང་རང་ཚོའི་ངོས་ནས་གཞུང་དང་། ཚོགས་པ་ཁག་ངོས་ནས་བྱེད་ཀྱི་མེད་འདུག་ཟེར་གྱི་མེད་ན་ཡང་གང་ལྟར་འདང་ངེས་ཤིག་བྱེད་ཐུབ་ཀྱི་མེད་པའི་རྐྱེན་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད།

དེར་བརྟེན་ང་ཚོ་བོད་པ་སྐྱབས་བཅོལ་བ་ལ་ཆ་བཞག་པ་ཡིན་ན་ཡང་ཆིག་འབུམ་ལྔ་ཁྲི༡༥༠༠༠༠ཡོད་པའི་སྐད་ཆ་བཤད་ཀྱི་ཡོད་རེད། དེ་དག་འཛམ་བུ་གླིང་གི་ཡུལ་གྲུ་ཁག་ཧྥ་རན་སིའི་སྐད་དང་། ཇར་མིན་གྱི་སྐད། ཨིན་སྐད་ལ་སོགས་པ་རྒྱབ་མཁན་གྱི་རྒྱལ་ཁབ་ནང་ཁ་གཅིག་གྲམ་ཚར་དུས་གང་ཡང་མཐོང་རྒྱུ་མེད་པ་ཞིག་ཉམ་འགྲོ་བཞིན་ཡོད་པ་རེད།   དེ་ང་ཚོས་དཔེ་མི་སྲིད་པའི་སེམས་ཁྲལ་བྱེད་དགོས་པ་ཤིག་རེད་འདུག དེ་ཚོའི་རིགས་ང་ཚོས་སྔོན་མ་ནས་ཤེས་བསྡད་པ་ཅིག་རེད་ལ་དེ་ཚོའི་ཆེད་དུ་ང་ཚོས་དཔེ་དེབ་མང་པོ་ཞིག་སྒྲིག་ཡོད་པ་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་དོ་སྣང་ཡོང་བའི་ཆེད་དུ་བོད་ནས་སྟོན་པའི་བོད་ཡིག་སྒྲུང་དེབ་གོ་བདེ་པོ་དང་། དེ་བཞིན་རྒྱ་གར་ནས་སྒྱུར་བའི་སྒྲུང་དེབ་གོ་བདེ་པོ་བཟོས་ཡོད།

ཉེ་ཆར་རང་རེད་ལས་གཞི་ཆེན་པོ་གང་ཡང་མ་རེད། ཡིན་ཡང་ང་རང་ཚོ་རང་གིས་བྱས་པ་ཞིག་ཡིན།  ༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ནས་བཟུང་དཔེ་མཛོད་ཁང་ནང་ལས་ཆར་ཞིག་སྒྲིག་ཡོད་པ་དེ་གྲིས་བཅད་པ་ནང་བཞིན་ཁག་པོ་རེད། ཡིན་ཡང་གང་ཐུབ་ཅི་ཐུབ་ཀྱིས་བོད་པ་ཕན་ཚུན་སྐད་ཆ་བཤད་སྐབས་བོད་སྐད་རང་སྐྱོན་རོགས་གནང་ཞེས་དང་། ལྷག་པར་དུ་དཔེ་མཛོད་ཁང་གི་ལས་བྱེད་ནང་ཁུལ་དུ་ཡི་གེ་གཏོང་སྐབས་བོད་ཡིག་འབྲི་དགོས་པ་དང་། དེ་བཞིན་བོད་པའི་ཚོགས་སྡེ་ཁག་གིས་དགོས་པ་རྒྱུ་མཚན་མེད་པའི་ཐོག་ནས་དབྱིན་ཡིག་བཏང་ཡོང་བ་ཡིན་ན་ཕར་གཏོང་བྱེད་དེ་ངེས་པ་དོན་གྱིས་དབྱིན་ཡིག་འབྲི་དགོས་མེད་ན་བོད་ཡིག་འབྲི་དགོས་པ་རེད་ཅེས་ང་རང་གི་ངོས་ནས་ཁྱབ་བསྒྲགས་བྱས་ཡོད་ལ་གང་ལ་གང་འཚམ་ཁོ་རང་ཚོས་དོ་སྣང་བྱས་ཏེ་ཕན་གྱི་འདུག སུ་ཡིན་ཡང་བོད་པའི་རིག་གཞུང་ལ་མཐོང་ཆུང་བྱས་ཏེ་ཆོ་མེད་འདུག་ཟེར་ནས་དོར་བཞག་མཁན་ཡོད་ཀྱི་མ་རེད། ཡིན་ཡང་ང་ཚོས་ཆར་གཞི་ཡོད་པའི་ལས་གཞི་འགོ་འཛུགས་བྱེད་མ་ཐུབ་པ་དང་། ཁོར་ཡུག་ཀྱང་ལེགས་པོ་ཞིག་སྐྲུན་མ་ཐུབ་ཚེ་རིང་བརླགས་འགྲོ་ཡི་ཡོད་པ་རེད་བསམ་གྱིན་འདུག དཔེར་ན་དེ་རིང་ངའི་སློབ་ཚན་སྐབས་མིནུ་minu་ལ་བོད་སྐད་གང་ཟེར་གྱི་ཡོད་པ་རེད་ཅེས་དྲི་སྐབས་ཚང་མ་ཐོམ་ནས་བསྡད་འདུག minuཟེར་དུས་ཚང་མས་ཤེས་ཀྱི་ཡོད་ན་ཡང་བོད་སྐད་ནང་ཤེས་ཀྱི་མེད་པ་རེད།  དངོས་གནས་བྱས་ན་བོད་སྐད་ནང་ཟས་ཐོ་ཞེས་བརྗོད་ན་འགྲིག་གི་ཡོད་རེད།

དེ་དག་བེད་སྤྱོད་གཏོང་རྒྱུར་དཀའ་ངལ་ཡོད་མ་རེད། བྱེད་མི་ཐུབ་པ་དེ་འདྲ་གང་ཡང་མ་རེད། ཡིན་ཡང་བོད་སྐད་ཀྱི་ཐ་སྙད་རྒྱུན་རིང་པོ་བེད་སྤྱོད་མ་བཏང་ན་བརླག་རྒྱུར་ཉེན་ཁ་ཡོད་པ་རེད། འཛམ་བུ་གླིང་གི་ལུང་པ་མང་པོ་སྐད་དང་ཡི་གེ་བརླག་མཁན་མང་པོ་ཡོད་རེད། དཔེར་ན། ཨུ་རུ་སུས་དབང་སྒྱུར་བྱས་པའི་མངའ་སྡེ་མང་པོའི་ནང་ཁ་ཤས་ལ་སྐད་ཡོད་པ་ཡི་གེ་མེད་པ། ཁ་ཤས་སྐད་དང་ཡི་གེ་གཉིས་ཀ་བརླག་ཚར་བ་རེད། དཔེར་ན་ཁ་ནུག་དང་། ཐུ་ཝ་ཟེར་བ་དེ་ཚོའི་གནས་སྟངས་དེ་འདྲ་རེད། དེ་བཞིན་ཨ་རིའི་ནང་Indigenes  peopleཟེར་བ་དེ་ཨ་རའི་ནང་ཐོག་མར་སྡོད་མཁན་གྱི་གྲལ་ཡིན་པ་དེ་ཚོའི་རིགས་མང་པོ་ཞིག་ཡི་གེ་བརླག་ཚར་བ་རེད།
 
དཔེར་ན་ང་ཚོ་ཆོལ་ཁ་གསུམ་གྱི་ནང་ལ་སྐད་ཀྱི་གདངས་མི་འདྲ་བ་ཡོད་ན་ཡང་ཡི་གེའི་ཐོག་ནས་གཅིག་འགྱུར་རེད། དེ་རང་གི་ཐོག་ནང་ང་ཚོས་ཆིག་སྒྲིལ་དང་གཅིག་གྱུར་གྱི་ནུས་པ་བཟོ་ཐུབ་ཀྱི་ཡོད་པ་རེད། དེ་དག་ང་ཚོས་སྣང་ཆུང་བྱས་ཏེ་ཉམ་པ་ཡིན་ན་ཁག་པོ་ཆགས་ཚར་བ་རེད་ལ་བོད་པའི་རྩ་དོན་གྱི་ཆེད་འཐབ་རྩོད་བྱེད་ཆེད་ཀྱི་གཞི་མ་དེ་བརླག་འགྲོ་ཡི་རེད། ངས་དུས་རྒྱུན་གང་བཤད་ཀྱི་ཡོད་དམ་ཞེ་ན། ང་ཚོས་སྐད་འབོད་རྒྱབ་ཀྱི་ཡོད་རེད་ལ་སྐད་འབོད་རྒྱབ་རྒྱུའི་ཐོབ་ཐང་ཡང་ཡོད་རེད། འོན་ཀྱང་དེ་ཙམ་གྱིས་འགྲིག་ཐབས་མེད་འདུག བོད་ནང་ལ་གཏོར་གྱིན་འདུག བཤིག་གིན་འདུག་ཟེར་བའི་སེམས་ཤུགས་དེ་ཡོད་ན་གོ་སྐབས་ཡོད་སའི་ལུང་པ་ཞིག་གི་ནང་ནས་ག་རེ་བྱས་ནས་བྱེད་ཀྱི་མེད་པ་རེད་དམ། དེ་ང་ཚོ་བོད་པ་གཅིག་པུའི་གཤིས་ཀ་མ་རེད། འཛམ་བུ་གླིང་སྤྱི་ཡོངས་ཀྱི་གཤིས་ཀ་དེ་འདྲ་ཞིག་ཡོད་རེད། སོ་སོས་བྱེད་དགོས་པ་དེ་མ་བྱས་པ་བྱས།  གོ་སྐབས་མེད་པ་རེད་མ་གཏོགས་གཅིག་བྱུང་ན་བྱེད་རྒྱུ་ཡོད་མདོག་མདོག་བྱས་པ་ཡིན་ན་འགྲིག་གི་མེད་འདུག་ཅེས་དེ་ངས་བཤད་ཀྱི་ཡོད།

བོད་པའི་སྐད་ཡིག་ལྷད་ཞུགས་ནས་ཉམ་འགྲོ་ཡི་ཡོད་པ་གསལ་པོ་ཞེ་དྲག་རེད། དྲང་པོར་བཤད་པ་ཡིན་ན་ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་སློབ་ཐོན་པ་ན་གཞོན་མང་པོ་ཞིག་བོད་སྐད་ཕར་བཞག་སྐད་ཆ་ཡང་བཤད་ཤེས་མཁན་མི་འདུག རྒྱ་གར་ནང་འཚར་ལོངས་བྱུང་མཁན་ཚོ་ཡིན་ཡང་བོད་སྐད་བཤད་ཀྱི་ཡོད་ན་ཡང་ལྷད་གང་ལ་གང་ཙམ་ཞུགས་ཡོད་རེད། ཡི་གེ་འབྲི་རྒྱུ་མང་ཆེ་བ་དབྱིན་ཡིག་མ་གཏོགས་བོད་ཡིག་གི་ཐོག་ནས་འབྲི་ཐུབ་མཁན་ཉུང་ཉུང་རེད། དེ་ཚོའི་རིགས་ལ་ང་ཚོས་ནན་ཏན་མ་བྱས་ན་དངངས་འཚབ་བྱེད་དགོས་པ་ཞིག་རེད་འདུག

༦། མ་འོངས་པར་བོད་ཀྱི་དཔེ་མཛོད་ཁང་གི་ངོས་ནས་བོད་པའི་ཆོས་དང་རིག་གཞུང་དང་འབྲེལ་བའི་ལས་འཆར་གང་དང་གང་ཡོད་དམ། ལན། སྤྱིར་ང་ཚོ་བོད་པའི་ཆོས་དང་རིག་གཞུང་ཟེར་བ་དེ་རྒྱ་ཆེན་པོ་ཞིག་རེད། ང་ཚོར་ཆོས་དང་རིག་གཞུང་སྤུས་དག་པོ་དང་རྒྱ་ཆེན་པོ་ཡོད་ན་ཡང་ང་ཚོས་ཡོད་ཟེར་ན་འགྲིག་གི་མ་རེད། དེ་འཛམ་བུ་གླིང་གི་མི་ལ་དགོས་མཁོ་ཡོད་མེད་ལ་རགས་ལས་ཀྱི་ཡོད་རེད། འཛམ་གླིང་མི་མང་གིས་དེ་ལ་དོ་སྣང་དང་བདག་པོ་རྒྱབ་མཁན་མེད་ན་ང་རང་ཚོའི་ཡིན་ཞེས་བཤད་པ་ལས་ཁྱབ་སྤེལ་བྱེད་ཐུབ་པ་དང་ནུས་པ་འདོན་ཐུབ་པ་ཁག་པོ་རེད། གཞན་ཡང་བོད་པའི་ཆོས་དང་རིགས་གཞུང་དེ་རྒྱ་མིས་བཤད་པ་ལྟར་ཆེས་མུན་ནག་དང་། ཆེས་རྗེས་ལུས་ཡིན་ན་ལོ་ངོ་མང་པོ་འདི་འདྲ་ཞིག་ཕྱིན་ཡོད་དུས་རང་བཞིན་གྱིས་མེད་པར་གྱུར་ཡོད་རེད། ལོ་ངོ་མང་པོ་དེ་འདྲ་ཞིག་ཕྱིན་ཡོད་ན་ཡང་བོད་པའི་ཆོས་དང་རིག་གཞུང་མེད་པར་གྱུར་རྒྱུའི་ཚབ་ཏུ་དོ་སྣང་བྱེད་མཁན་མང་དུ་མང་དུ་འགྲོ་ཡི་ཡོད་པ་རེད། དཔེར་ན་ཁྱེད་རང་ཚོས་ཆ་རྒྱུས་ཡོད་ཀྱི་རེད།
 
ཟླ་བ་རེ་རེའི་ནང་ཕྱི་རྒྱལ་བ་སྡེ་ཚན་བྱས་ཏེ་ཡོང་མཁན་དེ་འདྲ་མང་པོ་ཡོད་རེད། དེ་ཙམ་གྱིས་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་པ་དང་། ས་ཐག་རིང་པོ་ནས་སླེབས་ཡོང་གི་ཡོད་པ་རེད།  དེ་ཡང་བོད་པའི་ཆོས་དང་རིགས་གཞུང་ལ་ཧང་སང་ཡིད་འཕྲོག་སྟེ་ཡོང་གི་ཡོད་པ་རེད། བསམ་བློ་གཏོང་རྒྱུར་དེས་ཕན་གྱི་འདུག དཀའ་ངལ་སེལ་རྒྱུར་དེས་ཕན་གྱི་འདུག འཛམ་གླིང་ཞི་བདེ་ལ་ཡང་དེས་ཕན་གྱི་འདུག་བསམ་སྟེ་དགའ་བོ་བྱས་ཏེ་ཡོང་གི་འདུག དེར་བརྟེན་རྒྱ་གཞུང་གིས་བཤད་པ་དེ་བདེན་པ་མ་ཡིན་པ་ཞིག་ང་ཚོས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་ཀྱི་ཡོད། དེར་བརྟེན་ང་ཚོས་འདི་ལས་ཤུགས་ཆེ་ཙམ་ཞིག་དང་། སྤུས་དག་ཅིག་བདག་པོ་རྒྱབ་ཐུབ་པ་ཞིག་བསམ་བློ་གཏོང་དགོས་པ་རེད། བསམ་བློ་གཏོང་དགོས་པ་དེ་རེད་དེ་མང་པོ་ཞིག་བྱེད་པ་ལ་དཔལ་འབྱོར་དགོས་རེད། མི་གནད་ཚད་ཡོད་མཁན་དགོས་རེད་དེ་དག་ལས་སླ་མོ་ཞིག་ཏན་ནས་རེད་མི་འདུག ཡིན་ཡང་མེད་པ་དེ་མེད་པ་རེད། ཡོད་པ་དེ་ང་ཚོས་ལས་གཞི་གང་ཞིག་གི་ཐོག་ལ་ཡིན་ཡང་སྤུས་དག་བྱེད་རྒྱུའི་འཆར་གཞི་ཞིག་བྱེད་ཀྱི་ཡོད།

དེ་བཞིན་ལོ་ཤས་གོང་༧གོང་ས་མཆོག་གིས་བཀའ་གནང་བ་བཞིན་ལས་ཀ་གང་ཐུབ་བྱེད་ཀྱི་ཡོད་ལ་རིམ་བཞིན་རྒྱལ་ས་ཆེ་ས་ཁག་ལ་དཔེ་མཛོད་ཁང་གི་ཡན་ལག་ཅིག་གཟུག་ཐུབ་ན་ཡག་པོ་རེད་གསུངས་གནང་སོང་། ད་ལྟའི་ཆར་ང་ཚོས་བྷེང་ལོར་བོད་ཁྱིམ་དུ་ས་ཆ་ཞིག་འཆར་གཞི་བྱས་ཡོད་པ་རེད། དེ་གཅིག་པུ་མ་ཡིན་པར་མ་འོངས་པར་ཕུགས་རྒྱང་རིང་པོར་སྡོད་ཐུབ་པའི་ཆེད། གནམ་གཞིས་ཀྱི་ཆ་ནས་ཡིན་ཡང་རེད། འཕྲུལ་ཆས་ཀྱི་ཆ་ནས་ཡིན་ཡང་བྷེང་ལོར་ལ་མཐུན་རྐྱེན་ཡག་པ་ཡོད་པ་དེ་ཚོ་རྨི་ལམ་ཞིག་བཏང་ནས་བསྡད་ཡོད།

ཁ་ཤས་ཀྱིས་བཤད་ཀྱི་ཡོད་རེད། བོད་ཀྱི་དཔེ་མཛོད་ཁང་རྒྱ་གར་གཞུང་གིས་རོགས་པ་བྱེད་ཀྱི་ཡོད་པ་རེད་ཟེར་གྱི་ཡོད་པ་རེད། རྒྱ་གར་གཞུང་གིས་རོགས་པ་ཡོད་རེད། དེ་ཡང་བཀའ་དྲིན་ཆེན་པོ་རེད་སྔོན་མ་འགོ་འཛུགས་བྱས་པ་ནས་ད་ལྟ་བར་སྤྲད་ཡོད་པ་དེས་ཐད་ཀར་ལས་གླར་འགྲོ་ཡི་ཡོད་པ་རེད་མ་གཏོགས་གཞན་དག་ང་ཚོར་ཡོང་ཁུངས་གལ་མེད་པ་རེད། དེ་དག་དངོས་ཡོད་གནས་ཚུལ་རེད། དཔལ་འབྱོར་གྱི་ཆ་ནས་གང་ཡང་མེད་པ་རེད་དེར་བརྟེན། སེམས་བསམ་པའི་བར་སྣང་ལ་རྟ་རྒྱུགས་ཀྱང་། རྒྱུ་དངོས་པོས་སྦར་མཐིལ་ལ་སོ་མི་ཐེབས་ཟེར་བ་ནང་བཞིན་རེད། དེ་ཚོའི་རིགས་མང་པོ་ཞིག་རྨི་ལམ་རང་རེད། ཡིན་ཡང་རྨི་ལམ་རང་བཏང་མ་བསྡད་པར་ཐུབ་པ་དེ་ཚོ་བྱེད་ཀྱིན་བྱེད་ཀྱིན་འགྲོ་རྒྱུ་རེད་འདུག ཡང་ཕན་ཐོགས་བྱ་རྒྱུ་མང་པོ་འདུག་སྟེ་གཙོ་བོ་མི་ལ་རགས་ལས་འདུག

༧། འཛམ་བུ་གླིང་འདིའི་ནང་དཔེ་མཛོད་ཁང་འདྲ་མིན་མང་པོ་ཞིག་ཡོད་པ་རེད། དེར་བརྟེན་འདི་ག་དཔེ་མཛོད་ཁང་གི་དམིགས་བསལ་གྱི་ངོ་བོ་དང་ལས་དོན་གྱི་ཐད་ནས་མི་འདྲ་བའི་ཆ་གང་ཡོད་དམ། ལན། དྲང་པོར་བཤད་ན་བོད་པའི་ཆོས་དང་རིག་གཞུང་ང་ཚོ་དཔེ་མཛོད་ཁང་གིས་བདག་པོ་བརྒྱབ་པ་དང་། ཁྱབ་སྤེལ་བྱས་པ་ནང་བཞིན་འཛམ་བུ་གླིང་ནང་ཁག་པོ་ཡིན་གྱི་རེད། བོད་ནང་ལ་སོ་སོའི་ལུང་པ་ཡིན་དུས་རྒྱ་མིའི་འོག་ག་རེ་མེད་ཅེས་བཤད་ན་ཡང་མཐུན་རྐྱེན་ཏན་ཏན་ཡག་པོ་ཡོད་ཀྱི་རེད། འོན་ཀྱང་འཛམ་གླིང་གཞན་དག་དང་མཉམ་དུ་འབྲེལ་བ་བྱེད་ས་དེ་མེད་པ་རེད། རྒྱ་མིའི་དཔོན་པོ་རང་གི་འོག་ལ་འགྲོ་དགོས་པ་རེད་མ་གཏོགས་གང་བྱེད་རྒྱུ་མེད་པ་རེད། ཕྱི་ཕྱོགས་ཁག་ལ་བསམ་བློ་བཏང་བ་ཡིན་ན་ཕྱི་རྒྱལ་གྱི་མཐོ་རིམ་སློབ་གྲྭའི་ནང་བོད་ཡིག་སློབ་མཁན་ཡོད་རེད། བོད་པའི་འགྲེམས་སྟོན་ཆ་ངི་ཆོང་ངི་གང་སར་ཡོད་རེད། གཞན་བོད་པའི་འགྲེམས་སྟོན་དང་། འཛིན་གྲྭ་རྟག་པར་ཡོད་མཁན། དཔེ་བསྐྲུན་དང་བཤེར་འབེབས་བོད་ཡིག་རང་གི་ཐོག་ནས་རྒྱ་ཆེན་པོ་ཡོད་མཁན་འདི་འདྲ་འཛམ་བུ་གླིང་གི་ཐོག་ལ་དཀོན་པོ་རེད། དཔེར་ན་ད་ལྟ་ང་ཚོ་བོད་པའི་ཆོས་ཚོགས་མང་པོ་ཡོད་པ་རེད། དེ་ཚོའི་ནང་དེབ་ཁ་ཤས་ཤིག་བཞག་མང་ཆེ་ཤོས་སློབ་ཕྲུག་དེ་ཚོར་ཆོས་སློབ་ནས་འགྲོ་ཡི་ཡོད་པ་རེད་མ་གཏོགས་ཆ་ཚང་བ་དེ་འདྲ་ཡོད་མ་རེད། གང་ལྟར་ལྟོས་ས་ལྟོས་འཇོག་གི་ཆ་ནས་ཉམ་དྲག་པའི་གྲལ་ལ་སླེབས་ཀྱི་མེད་དམ་མཉམ་གྱི་ཡོད།

༨། བོད་ཀྱི་དཔེ་མཛོད་ཁང་ནང་ཁྱོན་བསྡོམས་དཔེ་དེབ་ག་ཚོད་ཡོད་པ་དང་། དེ་དག་སྐད་རིགས་ག་ཚོད་ནང་ཡོད་པ་དང་། སྡེ་ཚན་མི་འདྲ་བ་ག་ཚོད་ལ་བགོས་ཡོད་དམ། ལན། དཔེར་ན་ཆེ་ས་ཕྱག་དཔེ་སྡེ་ཚན་ལ་ཆ་བཞག་ན། ཆིག་འབུམ་ཆིག་ཁྲི་གཉིས་སྟོང་ལྷག་ཡོད་པ་རེད། དེ་དག་མང་ཆེ་བ་གློག་ཀླད་ནང་བཅུག་ཚར་བ་རེད། དེ་ག་ནང་བཞིན་སྡེ་དགེ་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀ་ཡོད་རེད། པེ་ཅིང་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀ་ཡོད་རེད། དེ་བཞིན་ཕུག་བྲག་བཀའ་འགྱུར་བྲིས་མ་དེ་ང་ཚོ་ལ་མ་གཏོགས་ཡོད་ཀྱི་མ་རེད། སྣར་ཐང་བཀའ་འགྱུར་བསྟན་འགྱུར། སོག་པོ་ཨུར་ཀ་ནས་དཔར་བཏབས་པའི་བཀའ་འགྱུར་བསྟན་འགྱུར། ཆུང་ས་ནས། འགོ་བསྟོད་ནས་ཉར་ཚགས་བྱས་པའི་བོད་ཀྱི་གསར་འགྱུར་མེ་ལོང་ཡོད་རེད། དེ་བཞིན་བོད་ཀྱི་ཆོས་བརྒྱུད་གཡུང་དྲུང་བོན་དང་བཅས་པ་ཆ་ཚང་གི་བོད་ཤོག་གི་ལག་བྲིས་དང་། ཤིང་པར། རྡོ་པར། ལྕགས་པར། དེ་བཞིན་ཆོས་འབྱུང་བཅས་ཉི་ཁྲི་ལྔ་སྟོང་ལྷག་ཡོད་རེད།

དབྱིན་ཇི་དང་སྐད་ཡིག་གཞན་དག་ཡོད་པའི་དཔེ་མཛོད་ཁང་ལ་ཆ་བཞག་ན། དེབ་གྲངས་ཆིག་ཁྲི་གསུམ་སྟོང་ལྷག་ཙམ་ཞིག་ཡོད་པ་དེ་ལོ་གཅིག་གི་གོང་ལ་རེད། ཚགས་དེབ་གྲངས་བརྒྱ་དང་གསུམ་ཅུ་ལྷག་ཙམ་ཞིག་འདུག དེ་བཞིན་ཡིག་རྙིང་པར་དུ་མ་བསྐྲུན་པའི་རིགས་ཀྱང་འདུག ད་དུང་རྒྱ་ཡིག་དཔེ་མཛོད་ཁང་གསར་པ་ཟུར་དུ་ཡོད་དེ་སྔོན་མ་ཡོད་མ་རེད། ཡང་བོད་རང་བཙན་མ་ཤོར་གོང་གི་དཔེ་དེབ་དེ་འདྲ་ཡོད་རེད། ཆིངས་ཡིག་གི་སྐོར་ཡང་ཡོད་རེད།  དེ་བཞིན་UNདང་བོད་བར་གྱི་འབྲེལ་བའི་གནས་ཚུལ་གང་དང་གང་བྱུང་ཡོད་མེད་དག་ཡང་ཡོད་པ་བཅས་གང་ལྟར་ཐོབ་དཀའ་བའི་དཔེ་དེབ་རིགས་དེ་འདྲ་གང་ལ་གང་ཙམ་ཡོད་རེད། དེ་རྗེས་སྐྱབས་བཅོལ་སླེབས་ཚར་བའི་རྗེས་ཀྱི་ཚགས་པར་དཔེར་ན། ཧི་མ་ལ་ཡ་དང་བོད་ཀྱི་སྨན་རྩིས་སྐོར་གྱི་ཚགས་པར་ཁག་ང་ཚོས་གང་ཐུབ་ཅི་ཐུབ་ཉར་ཡོད་རེད། ད་དུང་ཁྱོན་བསྡོམས་ཆུ་ཚོད་ཁྲི་གསུམ་ལྷག་ཙམ་ཞིག་གི་སྒྲ་བཅུག་བརྙན་པར་ཡོད་རེད། པར་གྱི་རིགས་བཅུག་བཞག་པ་ཁྲི་གཅིག་ལས་བརྒལ་བ་ཡོད་རེད། དེ་ངས་ལོ་གཉིས་གོང་ལ་ཐོ་བཀག་པ་དེ་ཚོ་རེད་ད་དུ་ད་ལྟའི་ཆར་གྲངས་ཀ་ཏོག་ཙམ་འཕར་ཡོད་ཀྱི་རེད།
 
བོད་ཀྱི་རིག་གཞུང་ཉམས་ཞིབ་སྐོར་གྱི་པར་བསྐྲུན་ལ་ཆ་བཞག་ན། དཔེ་དེབ་གསུམ་བརྒྱ་ཡས་མས་པར་རྒྱབ་ཚར་བ་རེད། དེའི་ནང་གལ་གནད་ཆེ་བ་༧རྒྱལ་དབང་སྐུ་འཕྲེང་གཉིས་པ། བདུན་པ། གསུམ་པ། བརྒྱད་པ། ལྡེའུ་ཆོས་འབྱུང་། ཉང་རའི་ཆོས་འབྱུང་། ཤེལ་དཀར་ཆོས་འབྱུང་། རྣམ་ཐར་བཅས་མང་པོ་ཡོད་རེད། ཚན་རིག་སྐོར་ལ་ཆ་བཞག་ན། ལོ་རེར་ང་ཚོས་དགེ་འདུན་པ་གསུམ་ཅུ་བྱས་པར་ཚན་རིག་ཟབ་སྦྱོང་ཐེངས་ཁ་ཤས་ཚོགས་ཀྱི་ཡོད་རེད། དེ་བཞིན་ནང་ཆོས་དང་ཚན་རིག་བར་གྱི་ཚོགས་འདུ་ཉིན་གསུམ་ཚོགས་ཀྱི་ཡོད་རེད། ཚན་རིག་ཟབ་སྦྱོང་གི་སྡེ་ཚན་ནང་ནས་ཚིག་མཛོད་བཟོ་རྒྱུ་དང་། ཟུར་དུ་ཚན་རིག་དུས་དེབ་གཅིག་ཟུར་དུ་འདོན་གྱི་ཡོད་རེད། དེའི་ཐོག་ཚན་རིག་གི་གསར་དེབ་གཅིག་འདོན་གྱི་ཡོད་རེད། འགྲེམས་སྟོན་ནང་ལ་ཆ་བཞག་ན། སྐུ་བརྙན་རྙིང་པ་ཆིག་སྟོང་ལྷག་ཡོད་རེད། དེའི་ནང་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཡོད་པ་བཅས་སྔོན་མ་དང་བསྡུར་ན་འགྲེམས་སྟོན་ཁང་དེ་ས་ཆ་ཚད་ལྡན་ཞིག་ཆགས་ཡོད་རེད།

ངག་རྒྱུན་སྡེ་ཚན་ལ་ཆ་བཞག་ན། བོད་ནང་མང་ཆེ་བ་ཡི་གེ་འབྲི་ཤེས་མཁན་ཉུང་ཉུང་རེད། མང་ཆེ་བ་ངག་ནས་བཤད་ཀྱི་ཡོད་རེད། བོད་མི་རྒན་རབས་གཅིག་ལ་ངག་ནས་མང་པོ་བཤད་རྒྱུ་ཡོད་རེད། དེ་མགྱོགས་མྱུར་ཡིག་ཕབ་བྱེད་མ་ཐུབ་ཚེ་མི་དེ་ཤི་དུས་ལོ་རྒྱུས་ཚང་མ་ཚར་བ་རེད། དེ་བསམ་ནས་སྔོན་མ་ནས་དཔེ་མཛོད་ནང་ངག་རྒྱུན་སྡེ་ཚན་ཞིག་གསར་འཛུགས་བྱས་ཡོད་པ་རེད་ལ་ད་ལྟ་ཆ་བཞག་ན་ཡང་དཔེ་དེབ་པར་བསྐྲུན་བྱས་པ་ཞི་བཅུ་མ་ཟིན་ཙམ་པར་རྒྱབ་ཚར་བ་རེད།
ཡིག་རྙིང་དང་དཔེ་རྙིང་མང་པོ་ཞིག་ཡོད་པ་དེ་དག་དེང་དུས་ཀྱི་འཕྲུལ་ཆས་བརྒྱུད་ནས་འགྲོ་དགོས་ཀྱི་འདུག་ཟེར་བ་དེ་རེད།  བཤེར་འབེབས་བྱེད་སྟངས་དེ་ཚོ་གོང་དུ་ཞུས་ཟིན་པ་ལྟར་ལས་ཀ་བྱེད་མུད་ཡིན།  དཔེ་མཛོད་ལ་ཆ་བཞག་ན་ལས་བྱེད་དྲུག་ཅུ་ཡས་མས་ཤིག་ཡོད། ལས་ཀའི་རྣམ་གྲངས་ཀྱི་ཆ་ནས་བཤད་ན་གོང་དུ་ཞུས་ཟིན་པ་ལྟར་རེད། གཞན་ཡང་དེང་སང་ཕྱི་རྒྱལ་ཁག་ཏུ་བོད་རིག་པ་མཁས་པ་ཡིན་ཟེར་མཁན་དེ་དག་མང་པོ་ཞིག་འདི་ག་དཔེ་མཛོད་ཁང་ནང་སློབ་སྦྱོང་བྱས་ཏེ་ཕྱིན་པ་ཤ་སྟག་རེད།

༩། གོང་གི་དྲི་བ་དང་མ་འབྲེལ་བར་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ། ལན། ཁ་ཐུག་ཞུས་པ་ཡིན་ན། དཔེ་མཛོད་ནང་བྱེད་བསྡད་པ་དེས་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་ནུས་པ་ཐོན་ཡག་ཡོད་མ་རེད། ང་ཚོས་མང་པོ་གཅིག་བྱེད་ཀྱི་ཡོད་མདོག་མདོག་ཆགས་ན་འགྲིག་གི་ཡོད་མ་རེད། རྒྱ་ཆེ་ས་ནས་བོད་པའི་རིག་གཞུང་ཚགས་སུ་ཚུད་པ་ཞིག་བསམ་བློ་བཏང་ན་བོད་མི་ཚང་མ་གཉིད་ལས་བསད་དེ། ཆེན་པོ་མ་བྱུང་ན་ཡང་སོ་སོའི་ཕ་ཡུལ་གྱི་ལོ་རྒྱུས་བྲིས་པ་ཡིན་ན་ལུང་པ་དེ་ལོ་རྒྱུས་ནང་འཁོད་ཚར་བ་རེད། ང་ཚོས་རྒྱ་མི་དང་ཁ་གཏད་བཅར་ཟེར་དུས་མི་དགའ་བ་བྱས་ཏེ་ཁ་གཏད་བཅར་ཟེར་གྱི་ཡོད་མ་རེད། ང་ཚོའི་ཆོས་དང་རིག་གཞུང་དེ་འཕྲོག་བརླག་བཏང་བར་བརྟེན་ང་ཚོ་ནད་འཁྱོགས་ཀྱི་ཡོད་མ་རེད། ༧གོང་ས་མཆོག་གིས་གཉིས་ཕན་དབུ་མའི་ལམ་དེ་ཡང་བོད་ནང་གི་བོད་པ་ཚོས་ཆོས་དང་རིག་གཞུང་དེ་བོད་པས་འཛིན་པ་ནང་བཞིན་ཁྱེད་རང་ཚོས་འཛིན་ཐུབ་ཀྱི་མ་རེད། དེ་འཛིན་རྒྱུར་གོ་སྐབས་དགོས་ཀྱི་འདུག བོད་པས་བོད་པའི་ཆོས་དང་རིག་གཞུང་འཛིན་གྱི་ཡིན་ཟེར་བ་དེ་རྨོངས་དད་བྱས་ཏེ་ཨུ་ཚུགས་རྒྱབ་ཀྱི་ཡོད་མ་རེད། དེ་འཛམ་བུ་གླིང་སྤྱི་ལ་དགོས་མཁོ་ཆེ་བའི་རིག་གཞུང་ཞིག་རེད་འདུག་ཅེས་༧སྐུ་འདུན་གྱི་དགོངས་ཞེས་དེ་རེད།

ཁ་ཐུག་ཞུས་པ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེ་མ་ཞུགས་པའི་གནས་སྐབས་དེར་ང་ཚོ་གང་འདྲ་བྱུང་ས་རེད་དམ། བོད་པ་ཚོས་གཅིག་སྒྲིལ་བྱས་ཏེ་འདུག་ཐུབ་ས་རེད་དམ། ཐུན་མོང་མ་ཡིན་པའི་རིག་གཞུང་ཉར་ཚགས་བྱས་ཏེ་འདུག་ཐུབ་ས་རེད་དམ་ཞེས་པ་དེ་གནད་འགག་རེད། ད་ལྟ་ང་ཚོར་ཕྱི་རྒྱལ་མིས་དགའ་པོ་བྱས། རོགས་པ་བྱེད་ཀྱི་ཡོད་པ་དེ་བོད་པའི་ངོ་གདོང་སྙིང་རྗེ་བོ་ཡོད་ཡོང་གི་ཡོད་མ་རེད།  བོད་པའི་ཆོས་དང་རིག་གཞུང་དེ་སྤུས་དག་པོ་དང་། དབུ་ཁྲིད་༧སྐྱབས་མགོན་རིན་པོ་ཆེ་ཡོད་པ་ཡིན་ཙང་དེ་ལ་བརྟེན་ནས་འཁོར་ཡོང་གི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེ་རྟག་པར་ཞུགས་ཀྱི་མེད་པ་དེ་དངོས་ཡོད་གནས་ཚུལ་རེད། བྱུང་ན་༧གོང་ས་མཆོག་གི་བཀའ་སློབ་གནང་བ་གཞིར་བཟུང་སྙིང་ལ་བཞག ཆོས་དང་རིག་གཞུང་གི་ངོ་བོ་ཡ་རབས་སྤྱོད་བཟང་དེ་རེད། དེ་ཡོད་ན་ང་ཚོའི་ཆིག་སྒྲིལ་ལ་ཕན་གྱི་རེད་ལ་ང་ཚོ་ནམ་ཡང་ཤི་ཡི་མ་རེད་ཟེར་གྱི་ཡོད། ང་རྒས་པོའི་བསམ་ཚུལ་དེ་རེད།

རྒྱ་མི་ཁོ་རང་ཚོ་སྟོབས་ཤུགས་ཆེན་པོ་དང། མི་འབོར་ཆེན་པོ་ཡིན་ཟེར་ཡང་བྱེད་སྟངས་སྡུག་ཆགས་རྐྱང་རྐྱང་མ་གཏོགས་མེད་པ་རེད། དུས་ཚོད་སྔ་ཕྱི་ལ་མ་བལྟོས་པས་སྦོ་ལུག་རྒྱུ་གཏན་ཁེལ་ཚར་བ་རེད། དེ་སྦོ་ལུག་ཤོར་བའི་ཉིན་མོ་དེར་ང་ཚོས་སོ་སོའི་ས་ཆ་སོ་སོ་ཟིན། སོ་སོའི་དོན་དག་སོ་སོས་བྱེད་ཐུབ་ས་རེད་དམ། སྐབས་དེར་ཉིན་གཉིས་གསུམ་རྗེས་ལ་བྱེད་ཀྱི་ཡིན་ཞེས་ལབ་ས་ཡོད་མ་རེད། ད་ལྟ་ནས་ཉིན་མ་རེ་རེ་བཞིན་དུ་དཀའ་ལས་མ་རྒྱབ་ན་སླེབས་ཀྱི་མ་རེད། དེ་ལྷོད་གཡེང་བྱེད་རྒྱུ་མི་འདུག་དེ་གཉིས་ལ་ཤུགས་རྒྱབ་དགོས་ཀྱི་འདུག་ཅེས་ལབ་འདོད་བྱུང་སོང་།

བཅར་འདྲི་བྱེད་མཁནགསར་འགོད་པ་ཟླ་བ་ཕུར་བུ།