18
Thu, Apr

དཔེ་ཀློག་གི་གལ་ཆེའི་རང་བཞིན།

དཔྱད་བརྗོད་རྩོམ་ཡིག
ཡིག་གཟུགས་སྒྲིག་ཆས།

དང་པོ། དཔེ་ཀློག་དང་ང་ཚོ། ཀོར་ཅིས་དཔེ་ཆ་ནི་མིའི་རིགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐེམ་སྐས་རེད་ཅེས་གསུངས་པ་ལྟར་དཔེ་ཀློག་ནི་ཐེམ་སྐས་རེ་རེ་བཞིན་འཛེགས་ནས་དར་རྒྱས་གོང་འཕེལ་གྱི་ལམ་བུར་བསྙེགས་པ་དང་མཚུངས། རླབས་ཆེན་གྱི་མི་སྣ་མང་པོ་ཞིག་དཔེ་ཆ་ཀློག་ནས་བྱུང་བ་དང༌། དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོ་ཞིག་ཀྱང་དཔེ་ཀློག་ལ་དགའ་བའི་སྤྱི་དམངས་ཚོས་སྐྲུན་པར་བསམ།

དེར་བརྟེན། དཔེ་ཀློག་ནི་རྒྱལ་ཁབ་དང་མི་རིགས། ཁྱིམ་ཚང་དང་རང་ཉིད་སུའི་ཕྱོགས་ནས་བསམ་ཀྱང་གལ་འགངས་ཤིན་ཏུ་ཆེ། ༡ རྒྱལ་ཁབ་མང་པོ་ཞིག་དང་མི་རིགས་མང་པོ་ཞིག་གིས་དཔེ་ཀློག་གི་གལ་ཆེའི་དོན་སྙིང་ལ་བསམ་ནས་དཔེ་ཀློག་གི་དམིགས་བསལ་ཉིན་མོ་བཙུགས་ཡོད་པ་དང༌། ལས་བྱེད་དང་ཞིང་པ། ཚོང་པ་སོགས་ཀྱི་དབྱེ་བ་མེད་པར་དཔེ་ཀློག་ལ་བློ་ཁ་ཕྱོགས་ནས་ཡོད། ང་ཚོ་བོད་དུ་ཡང་རྒྱལ་ཁབ་ཀྱིས་ཞིང་པའི་དཔེ་ཁང་བཙུགས་པ་དང༌། བྱིས་པའི་དཔེ་དེབ་མང་པོ་ཡིག་བསྒྱུར་དང་རྩོམ་འབྲི་བྱས་ནས་སློབ་གྲྭ་ཚང་མར་དཔེ་དེབ་ཁང་བཙུགས་ནས་ཡོད། འོན་ཀྱང་དོན་དངོས་མང་ཚོགས་ཀྱིས་དཔེ་ཆ་ལ་དོ་སྣང་མེད་པ་དང༌། དཔེ་ཀློག་གི་གོམས་གཤིས་བཟང་པོ་མེད་པའི་རྐྱེན་གྱིས་བཙུགས་པའི་དཔེ་ཁང་དེ་དག་ཀྱང་དོན་སྙིང་གིས་སྟོང་ནས་ཡོད། ལྷག་པར་དུ་ཞལ་འདོན་རིགས་ལ་མ་གཏོགས་དགོས་པ་མེད་པར་ལྟ་བའི་ཀླད་རྙིང་མཁྲེགས་བཟུང་གི་ལྟ་བས་རང་ཙམ་མ་ཟད་བུ་ཕྲུག་ལའང་དཔེ་ཀློག་གི་གོམས་གཤིས་ཆགས་པར་ཤུགས་རྐྱེན་ངན་པ་ཐེབས་ནས་འདུག ༢ ང་ཚོའི་མི་རིགས་འདི་མ་གཞི་རིག་གནས་ལ་དགའ་བའི་མི་རིགས་ཤིག་དང༌། རང་ཉིད་ཁྱད་འཕགས་སུ་འདོད་པའི་མི་རིགས་ཤིག་རེད་སྙམ་ཡང་དཔེ་ཀློག་ལ་མ་གོམས་པ་དེས་ད་ཆ་ཚང་མས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་དད་པ་བྱེད་ཡུལ་གྱི་སངས་རྒྱས་ཆོས་ལུགས་དེ་ཡང་ཕྱི་ཚུལ་ཙམ་ལས་མི་ཤེས་པའི་ཚད་ལ་ལྷུང་ཡོད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཞེས་པ་གང་རེད། འགྲོ་བ་རིགས་དྲུག་ཟེར་བ་སུ་དང་གང་རེད། མ་ཎི་ཡིག་དྲུག་གི་གོ་དོན་གང་ཡིན། ཡོན་ཆབ་དང་མཆོད་མེ། ཆོས་མཇལ་སོགས་ཀྱང་ང་ཚོ་དང་རྟག་ཏུ་འབྲེལ་ཡང་དོན་སྙིང་ངོ་མ་ཤེས་མཁན་ནི་ཤིན་ཏུ་ཉུང༌། ༣ ང་ཚོས་མེས་པོ་དཔའ་རབས་དང༌། རང་ཉིད་འཇོན་རབས་ཀྱི་གཏམ་རྒྱུད་རྣ་བར་སྙན་ཡང་དཔེ་ཀློག་ལ་མ་གོམས་པ་དེས། ད་ལྟའི་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་དོ་སྣང་བྱུང་གིན་མེད། སློབ་གསོ་དང་མི་འབོར། ལས་རིགས་ལག་རྩལ་སྣ་ཚོགས་སོགས་ལ་དེ་བས་ཀྱང་བློ་ཁ་རྨོངས། རང་གི་དོན་དག་གལ་ཆེན་སྒྲུབ་ས་རྫོང་མཁར་དང་གྲོང་ཁྱེར་དུ་ཡིན་ཡང་དེའི་ཁྲོད་དུ་ཞུགས་ནས་ཇ་ཁང་ལེགས་པོ་ཞིག་ཀྱང་གཉེར་མ་ཐུབ་པ་དེས་ང་ཚོའི་མདུན་ལམ་ལ་ཉེན་ཁ་ཚབས་ཆེན་བཟོ་བ་ཡང་རྩ་བ་ནས་ཚོར་གིན་མེད་པ་རེད། ༥ ཇ་ཁང་དང་ཟ་ཁང༌། ཚོང་ཁང་དང་མགྲོན་ཁང༌། འཁོར་རིགས་ཉམས་བཟོ་དང་གློག་སྐུད་མཐུད་བཟོ། ཆུ་འགྲོ་ཞིག་བཟོ་སོགས་རྒྱུན་ལྡན་འཚོ་བའི་ཐད་འའབྲེལ་དུ་ཡོད་པའི་བྱ་བ་ཆུང་ངུ་མང་པོ་ཞིག་གི་མདུན་དུ་ང་ཚོས་མ་ཎི་ལག་ཏུ་བཟུང་ནས་མི་རིགས་གཞན་གྱི་ལག་རྩལ་མི་སྣ་ཁོ་ན་ལ་བརྟེན་ཏེ་སྡོད་དགོས་པ་དེ་ཡང་གཙོ་བོ་དཔེ་ཀློག་ལ་མ་འཇུག་པས་རེད། དཔེ་ཀློག་ལ་མ་གོམས་པའི་མི་རིགས་འདིས་སངས་རྒྱས་ཆོས་ལུགས་བྱིན་རླབས་ཀྱི་རྟེན་དུ་བཟུང་ནས་དངོས་གྲུབ་ལ་སྒུག་པ་དང༌། མིག་མདུན་གྱི་འགྲོ་ལམ་ཡོད་ཚད་ལས་དབང་གིས་བཀོད་སྒྲིག་ཁོ་ན་ལ་བསམ་ནས་བསྡད་པས་ད་ཆ་ང་ཚོའི་ཕ་ཡུལ་དུ་དངོས་གྲུབ་ཁོ་ན་ལྷ་བཞིན་སྒོམ་པའི་དད་ལྡན་གྱི་ཁྱུ་ཚོ་ཞིག་དང༌། དབུལ་སྐྱོར་ཁོ་ན་རྣམ་གྲངས་ཀྱི་སྐལ་དུ་འདོད་པའི་ལས་མེད་ཀྱི་མི་ཁྱུ་འགའ་ལས་ཅི་ཡང་མེད་པ་འདྲ། གཉིས་པ། ང་ཚོའི་གནས་ལུགས་དང་དཔེ་ཀློག གནས་ལུགས་མང་པོ་ཞིག་མི་རིགས་སོ་སོའི་རྩོམ་པ་པོའི་སྨྱུག་ཁ་ནས་ལུས་ཏེ་རྩོམ་དེབ་ཏུ་གྲུབ་པ་དང༌། རྩོམ་དེབ་དེ་དག་ལ་ལྟ་ཀློག་བྱས་ནས་རིགས་སོ་སོའི་མི་དམངས་ཀྱི་བློ་ཁ་ཕྱེ་བཞིན་ཡོད་པ་ནི་རྩོམ་པ་པོས་དཔེ་དེབ་འབྲི་བའི་དམིགས་ཡུལ་དང༌། ཀློག་པ་པོས་དཔེ་དེབ་ཀློག་པའི་དགོས་པ་གལ་ཆེན་དེ་རེད། ང་ཚོ་བོད་ལ་མཚོན་ན་ཡང་ཆོས་སྲིད་ལུགས་གཉིས་ཀྱི་དཔེ་དེབ་གྲངས་ལས་འདས་པ་ཡོད་པ་དང༌། ནང་དོན་དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་དཔེ་དེབ་ལེགས་པོ་མེད་པ་ཡང་མ་རེད། གཙོ་བོ་དཔེ་ཀློག་ལ་མི་དགའ་ཞིང་ལྷག་པར་དུ་བོད་ཡིག་དཔེ་དེབ་ལ་ཀློག་པའི་སྤྱི་དམངས་ཚད་ལྡན་ཞིག་མེད་པས་གནས་ལུགས་ལས་ལྡོག་པ་དང༌། རྒྱུ་མཚན་མི་ཤེས་པའི་ལབ་བརྡོལ་དང་ལྟ་སྟངས་ཀྱིས་ཚང་མ་རྨོངས་ནས་འདུག ༡ ངས་དེ་རིང་ལམ་ཁ་ནས་བུ་མོ་ཞིག་རྫོང་ལ་འགྲོ་མཁན་བླུག་པ་ཡིན། ལམ་བར་དུ་ངས་བུ་མོ་དེར་ལས་ཀ་གང་ལ་འགྲོ་གི་ཡོད་ཅེས་དྲིས་པར་ང་ལ་ལས་ཀ་མེད། ཇ་ཁང་གི་ཇ་བླུག་མཁན་ཡིན་ཞེས་པའི་ལན་འགལ་ཟླར་འགྱུར་བ་ཞིག་བཏབ་བྱུང༌། སླར་ཡང་ངས་ལས་ཀ་མེད་ན་ཇ་བླུག་མཁན་ཡིན་ཞེས་པ་གང་རེད་ཅེས་ལྡོག་འདྲི་བྱས་པར་མོ་རང་ལན་འདེབས་མི་ཤེས་པར་ལུས་སོང༌། ང་ཚོ་ལ་ལས་རིགས་ཀྱི་ཐད་ནས་དམིགས་ཡུལ་གཉིས་རང་ལས་མེད་དེ་རབ་ཡིན་ན་སློབ་གྲྭ་ཐོན་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཆགས་པ་བྱེད་རྒྱུ་དང༌། མ་བྱུང་ན་ཞིང་འབྲོག་ལས་རིགས་གཉེར་ནས་ཁྱིམ་ཚང་སྐྱོང་རྒྱུ་དེ་རེད། དགོས་མཁོ་ཆེ་བའི་ལས་རིགས་མང་པོ་ཞིག་གི་མདུན་དུ་ང་ཚོ་ལྐུགས་པ་ནང་བཞིན་སྡོད་དགོས་པ་དེ་ཡང་མཐར་གཏུགས་ན་ལྟ་སྟངས་དེ་རིགས་ལ་རག་ལས་པ་དང༌། ཇ་ཁང་དང་ཟ་ཁང་༌། ཚོང་ཁང་མགྲོན་ཁང༌། ལྷམ་འཚེམ་མཁན་སོགས་ཀྱང་ལས་རིགས་དེ་དག་ལ་བརྟེན་ནས་རང་གི་ངལ་རྩོལ་འབྲས་བུ་ཟ་མཁན་ཡ་རབས་ཚུལ་ལྡན་གྱི་སྤྱི་དམངས་ཡིན་པའི་དོན་དངོས་ཙམ་ཡང་ཤེས་ཀྱི་མེད། ༢ དེ་རིང་སླར་ཡང་ང་ལ་མགོ་ན་དགོས་པའི་ལན་ཞིག་ཐོབ་བྱུང༌། སྤྱི་ཞབས་པའི་ཡིག་རྒྱུགས་མ་ལོན་པའི་སློབ་མ་གཉིས་ཀྱིས་རྫོང་མཁར་དུ་ཇ་ཁང་ཞིག་བཟུང་འདོད་ཡོད་ཀྱང་དེའི་ཕ་མས་སློབ་ཆེན་གྱི་ལག་འཁྱེར་ཉར་ནས་ཇ་ཁང་བཟུང་ན་ངོ་ཚ་དགོས་པ་ཞིག་རེད་ཟེར་ནས་མོས་མཐུན་མ་བྱས་སྟབས་ད་ཆ་ཁོ་གཉིས་སང་ལོ་ཡི་ཡིག་རྒྱུགས་སྒུག་ནས་གཞན་གྱི་གཉེར་བའི་མགྲོན་ཁང་ཞིག་ཏུ་ཞབས་ཞུ་བྱས་ནས་བསྡད་ཡོད། རང་ཉིད་ཀྱི་སྦྱིན་བདག་ངོ་མ་བྱས་ནས་ཇ་ཁང་རེ་བཟུང་ཏེ་སློབ་ཆེན་བར་དུ་སོང་བའི་ཤེས་བྱ་སྣ་རེ་རང་གི་ལས་ཀའི་ཐབས་ཤེས་སུ་སྤྱད་ན་ཇ་ཁང་ལེགས་པོ་ཞིག་གཉེར་ཐུབ་རྒྱུར་ཐེ་ཚོམ་མེད་པ་དང༌། ཇ་ཁང་ལེགས་པོ་ཞིག་གཉེར་ཐུབ་ན་རང་གི་འཚོ་རྟེན་འགན་ལེན་ཐུབ་པས་གཞན་ལ་བརྟེན་པ་ལས་ལེགས་པ་མེད་དམ། མ་ཟད་ཇ་ཁང་བཟུང་བ་དེ་ཡང་ལས་རིགས་ཤིག་གཉེར་བ་ཙམ་ལས་ངོ་ཚ་དགོས་པའི་རྒྱུ་མཚན་ཅི་ལ་ཡོད། ༣ དེ་རིང་ཇ་ཁང་ནང་དུ་མི་མང་པོ་ཞིག་བསྡུས་ནས་མགྲོ་གླེང་འཁྲུག་པོ་ཞིག་བྱེད་ཀྱི་འདུག་ཀྱང་མཇུག་འབྲས་ནི་འདས་ཟིན་པའི་མཁས་དབང་དགེ་ཆོས་དང་དོན་གྲུབ་རྒྱལ། ད་ལྟར་འཚོ་བཞུགས་སུ་ཡོད་པའི་རྩོམ་པ་པོ་ཞོགས་དུང་དང༌། སྒོ་ཤེས་རབ་རྒྱ་མཚཽ། ར་སེ་དཀོན་མཆོག་རྒྱ་མཚོ་སོགས་མི་རིགས་ཀྱི་རྐང་འདྲེན་དང༌། འབྲེལ་བ་བྱེད་མི་རུང་བའི་ཚད་དུ་བཟུང་ནས་དམའ་འབེབས་བྱེད་ཀྱི་འདུག ངས་ཁྱེད་རྣམ་པའི་མཁྱེན་རྒྱ་དེ་ལྟར་ཆེ་བས་ཁོང་རྣམ་པའི་གསུང་རྩོམ་ཡོད་ཚད་ལྟ་ཀློག་བྱས་པ་ཡིན་གྱི་རེད་ཅེས་བཤད་པར་ཚང་མས་ང་ཚོ་བོད་ལ་དཔེ་དེབ་ཀློག་འདོད་ན་ཚད་ལྡན་གྱི་མཁས་པས་མཛད་པའི་པོ་ཏི་རི་རབ་དང་མཉམ་པ་འདུག་པས་ཁོ་ཚོའི་དཔེ་རུལ་དག་ཀློག་མ་མྱོང་ལ་ཀློག་འདོད་ཀྱང་མེད་ཅེས་བཤད་ཀྱི་འདུག ངས་སླར་ཡང་འོ་ན་ཁོ་ཚོ་དེ་ལྟ་བུའི་ནག་ཅན་ཡིན་པ་ག་ནས་ཤེས་བྱུང་ཞེས་དྲིས་པར་ལ་ལས་གཡོལ་ནས་ང་ཡང་དེ་ལྟ་བུ་ཡིན་པའི་ཤུགས་བསྟན་རྣམ་འགྱུར་སྟོན་པ་དང༌། རེ་འགས་ལྟ་དགོས་དོན་མེད། ཤེས་ཤེས་པ་རེད་ཟེར་བའི་བྱིས་པའི་འཁོན་ལན་འདྲ་བ་ཞིག་བཏབ་ནས་རང་རང་སར་གྱེས་སོང༌། བསམ་གཞིགས་ཀྱི་རྒྱ་ལ་ཚུད་པའི་ང་རང་གཅིག་པུ་དེ་གར་མིག་མཆི་མས་ཁེངས་ནས་སྡོད་དགོས་བྱུང་བ་དང༌། ཁོ་ཚོ་རེ་རེ་བཞིན་གྱི་བྲིས་པའི་བོད་མི་རིགས་ལ་བསམ་པའི་སྐད་ཆའི་མར་ལོ་དེ་དག་ད་དུང་ཡང་བོད་མི་ཀླད་མེད་ཚོའི་སྣང་བར་མི་འགྲོ་བས་ནམ་ཞིག་གཉིད་ལས་སད་སྲིད་དམ་སྙམ་པའི་ཤུགས་རིང་ནར་ནར་དུ་ལུས། ང་ཚོའི་མི་རིགས་འདི་སྙིང་རྗེ་ཆེ་ཞིང་ཆེ་ཞིང་མནའ་ལ་བརྩི་བ། ལ་རྒྱ་ཟབ་པ་ཞིག་རེད་ཟེར་ཡང་རང་ཉིད་དང་འབྲེལ་བ་བྱེད་མྱོང་མེད་ལ་དཔེ་དེབ་ཀྱང་ཀློག་མ་མྱོང་བའི་མཁས་པ་མང་པོ་ཞིག་ལ་དེ་ལྟ་བུའི་སྡང་ཟུག་བྱེད་དོན་གང་ཡིན་ནམ། ངས་ཀྱང་ཁྱོད་ཚོས་ནོར་བ་དང་ཁོ་ཚོས་འགྲིག་འདུག་ཞེས་ཤོད་མི་སྲིད། གཙོ་བོ་དེ་སྔ་ནས་བཤད་པ་ལྟར་རྩོམ་པ་པོ་ལ་དཔྱད་བརྗོད་བྱས་ན་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་ཀློག་དགོས་པ་དང༌། རྩོམ་པ་པོའི་དོན་དངོས་ལོ་རྒྱུས་སོགས་རོབ་ཙམ་ཤེས་དགོས་ངེས། གལ་ཏེ་དཔེ་དེབ་ལ་དཔྱད་བརྗོད་བྱས་ན་དཔེ་དེབ་དེའི་ནང་དོན་ནས་ཆོས་ཕྱོགས་ལ་བཤད་པ་ཡིན་དང་ཡང་ན་སྲིད་ཕྱོགས་ལ་བཤད་པ་ཡིན་མིན་དབྱེ་བ་ཕྱེ་ནས་ཁ་ཕྱོགས་གཞིར་བཟུང་གདེང་འཇོག་གནང་དགོས། དཔེར་ན་སྲིད་ཕྱོགས་ལ་བཤད་ཀྱི་ཡོད་ན་དེས་སངས་རྒྱས་ཆོས་ལུགས་ལ་གནོད་རབས་དང་མི་ལེགས་ཚུལ་གསུངས་མི་རུང་ལ་གལ་ཏེ་ཆོས་ཕྱོགས་ནས་ཡིན་ན་སྲིད་ཕྱོགས་ལ་གནོད་རབས་དང་མི་ལེགས་ཚུལ་གྱི་བསམ་འཆར་འདོན་ག་ལ་རུང༌། དེར་བརྟེན་ང་ཚོས་རྨོངས་ཚོད་ཀྱིས་གཞན་ལ་ཞྭ་མོ་སྣ་ཚོགས་གཡོགས་པ་ལས་དྲང་པོའི་ལམ་དུ་ཞུགས་ན་ལུགས་དང་མཐུན། ༤ སྤྱི་ཚོགས་ཀྱི་གྲུ་ཟུར་གང་ས་ནས་དེ་དང་དེ་ལྟ་བུའི་ཡ་ང་དགོས་པའི་ལྟ་སྟངས་མང་པོ་ཞིག་མཐོང་དུས་ཡིད་སྐྱོ་ཞིང་སེམས་སྡུག་པ་དང༌། སླར་ཡང་དེ་དག་ལ་ཁ་གཏད་དུ་ལངས་ནས་ངང་རྒྱུད་རིང་པོས་གནས་ལུགས་བགྲངསམཁན་མེ་ལྕེ་ལྟ་བུའི་མི་སྣ་དག་མཐོང་དུས་རེ་བ་ཞིག་ཀྱང་སེམས་ཀྱི་ཟབ་ས་ལ་འཁྲུངས་བྱུང༌། དེ་ལྟར་ཡིན་མིན་ལ་བསམ་གཞིགས་གནང་མཁན་སུ་ཞིག་ཡིན་ཡང་དཔེ་དེབ་ལྟ་ཀློག་བྱེད་རྒྱུར་དགའ་བོ་དགོས་པ་དང༌། གཞན་ལ་མ་བཤད་པའི་སྔོན་དུ་བདེན་རྫུན་བརྟག་ནས་བྱེད་རྒྱུ་དེ་གལ་ཆེན་རེད། ལྷག་པར་དུ་བོད་ཡིག་དཔེ་དེབ་ཀྱི་པར་གྲངས་ཉུང་ལ་མཐུག་པོ་མེད་ཀྱང་མ་བྲིན་པའི་དོན་ལ་བསམ་ན་དེ་བས་ཀྱང་དཔེ་ཀློག་ནི་ང་ཚོའི་མི་རིགས་ལ་མཚོན་ནས་བཤད་ན་ཉག་ཕྲ་བའི་དུས་ལ་སླེབས་ཤིང༌། རྩོམ་པ་པོས་གནད་ལུགས་དང་བདེན་དོན་གྱི་ཕྱུག་པའི་སྐད་ཆ་རྩ་ཆེན་གང་ལྟ་བུ་ཞིག་ཡིན་ཀྱང་དགོས་མེད་དུ་འགྱུར་འགྲོ་བའི་དབང་གིས་ཚང་མས་དུས་ཁོམ་ཡོད་ཚད་དཔེ་ཀློག་ལ་བརྩོན་པའི་འབོད་སྐུལ་ཞུའོ།།