16
Tue, Apr

ཞོགས་སྔ་ལངས་ཀྱི་ཕན་ཡོན།

འཕྲོད་བསྟེན་ཤེས་བྱ།
ཡིག་གཟུགས་སྒྲིག་ཆས།

ཐེངས་གཉིས་ལ་ཨོ་སི་ཁའི་རྟགས་མའི་འོས་མིར་བདམས་པའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་མར་ཁི་ཝོ་བྷེར་གྷི་(Mark Wahlberg)ཡིས་ཉེ་ཆར་བརྗོད་དོན། ཁོ་རང་ཞོགས་པ་རྟག་པར་ཆུ་ཚོད་གཉིས་དང་ཕྱེད་ཀར་མལ་ལས་ལངས་ཏེ། ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ལུས་རྩལ་རྩེ་བ་དང་སྨོན་ལམ་འདེབས་པ་སོགས་ཀྱི་འཕྲོད་བསྟེན་བྱེད་ཀྱི་ཡོད་པ་དང་། དགུང་མོ་ཆུ་ཚོད་བདུན་པར་ཉལ་གྱི་ཡོད། ཅེས་བརྗོད་འདུག ཞོགས་པ་སྔ་མོ་ནས་མལ་ལས་ལངས་ཀྱི་ཡོད་པའི་སྐད་གྲགས་ཅན་གྱི་མི་སྣ་ནི་ཁོ་རང་གཅིག་པོ་མ་རེད། གནས་ཚུལ་སྤེལ་བ་ལྟར་ན། ཀུ་ཤུ་བཟོ་གྲྭའི་འགན་འཛིན་ཊིམ་ཁོ་ཀི(Tim Cook)་ཡང་། ཞོགས་པ་ཆུ་ཚོད་གསུམ་དང་སྐར་མ་༤༥་ཡིའི་ཐོག་མལ་ལས་ལངས་ཀྱི་འདུག་ལ། ཊི་ཧྲི་ནིའི་འགན་འཛིན་བྷོབ་ཨ་གྷི་ཨར་(Bob lger)་ཡང་། ཞོགས་པ་ཆུ་ཚོད་བཞི་དང་སྐར་མ་ཉེར་ལྔའི་ཐོག་མལ་ལས་ལངས་ཀྱི་ཡོད་སྟབས། ཨིན་བྷི་ཨེ(NBA)རྩེད་འགྲན་པ་རྣམས་ཁོ་ལས་སྔ་མོར་ལངས་པའི་སྐུལ་སློང་ཐེབས་ཀྱི་ཡོད་འདུག

བཟོ་གྲྭ་ལིན་ཁི་ཊི་ཨིན(Linkedln)ནང་གི་ཁེ་ལས་འགོ་ཁྲིད་པ་ཚོའི་ལོ་རྒྱུས་ནང་དུ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི། གལ་ཏེ་ལེགས་འགྲུབ་བྱུང་ན་འདོད་ཚེ། སྔ་མོ་ནས་མལ་ལས་ལོངས་ཤོག ཅེས་པའི་སྐད་ཆ་འདི་རེད། དེར་བརྟེན། ང་ཚོ་ཞོགས་པ་སྔ་མོ་ནས་མལ་ལས་ལངས་དགོས་སམ། ཞོགས་སྔ་ལངས་བྱས་པ་ཡིས་ལས་ཀ་ལ་དངོས་གནས་གྲུབ་འབྲས་ཆེན་པོ་ཞིག་འཐོབ་ཐུབ་བམ། གལ་སྲིད་དེ་ལྟར་ཡིན་ནའང་། ང་ཚོས་བློས་གཏོང་ཡང་མང་པོ་ཞིག་བྱེད་དགོས། གཞན་ཡང་། ཞོགས་པ་སྔ་མོ་ནས་ལངས་དོན་ནི། རང་ཉིད་ལས་བྱེད་འཇོན་ཐང་ཅན་ཞིག་ཡིན་པའི་བག་ཆགས་འཇོག་ཕྱིར་ཡང་ཡིན་སྲིད།

ཞོགས་དགོང་དུས་འཆར།

གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་མར་ཁི་ཝོ་བྷེར་གྷི་ཞོགས་པ་སྔ་མོ་ཆུ་ཚོད་གཉིས་དང་ཕྱེད་ཀར་མལ་ལངས་པ་ན། ཁོ་ལ་ཉིན་མོའི་དུས་ཡུན་རིང་ཞིང་ངལ་གསོའི་དུས་ཚོད་མེད་པར་འདོད་སྲིད་ཀྱང་། ཁོ་རང་དགོང་སྔ་ཉལ་བྱེད་ཀྱི་ཡོད་སྟབས་ཆུ་ཚོད་བདུན་གྱི་རིང་ལ་གཉིད་ཀྱི་ཡོད། ལས་མི་ཚོར་གཉིད་འདང་ངེས་ཤིག་ཡོད་དགོས་པ་ནི་ལས་ཀའི་གྲུབ་འབྲས་ཐད་ནས་ཧ་ཅང་གལ་ཆེན་པོ་ཞིག་ཡིན། མི་ལ་གཉིད་ཀྱིས་མ་འདང་ཚེ། ལུས་སེམས་ཀྱི་བདེ་ཐང་ཐད་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།

ཝ་ཤིན་ཏོན་སློབ་ཆེན་གྱི་ཞིབ་འཇུག་པ་ཁིར་སི་ཌོ་ཧྥི་བྷ་ཨིན་སི(Christopher Barnes)་དང་། མེ་ཆི་གྷན་སློབ་ཆེན་གྱི་ཞིབ་འཇུག་པ་ལྕམ་གྷེར་ཆེན་སི་པོ་ཌེ་ཙིར(Gretchen Spreitzer)་རྣམ་གཉིས་ཀྱིས་བཟོ་གྲྭའི་ལས་མི་རྣམས་ལ་གཉིད་འདང་ངེས་ཤིག་ཁུག་ཏུ་འཇུག་གི་ཡོད་མེད་ཀྱི་ཐད་ལ་ཉམས་ཞིབ་གནང་འདུག དེ་ཡང་། མེ་ཆི་གྷན་སློབ་ཆེན་གྱི་ཞིབ་འཇུག་པ་ལྕམ་གྷེར་ཆེན་སི་པོ་ཌེ་ཙིར་བརྗོད་དོན། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་མ་ཁི་ཝོ་བྷེར་གྷི་ཞོགས་པ་སྔ་མོ་ནས་ལངས་ཀྱི་ཡོད་པ་དེས་ཁོའི་ལས་ཀ་སྔར་ལས་གྲུབ་འབྲས་ལྡན་པ་ཞིག་ཡོང་གི་ཡོད་པ་དང་། ཞོགས་སྔ་ལངས་བྱེད་པའི་ཡོན་ཏན་ནི། སྒྲིག་རང་ཁུར་གྱི་གོམས་གཤིས་འཇགས་པ་དང་། ནང་མི་དང་ལས་རོགས་ལས་རང་ཉིད་ལ་དུས་ཚོད་མང་པོ་ཡོད་པ་དང་། རང་ཉིད་ཀྱི་ལས་ཀ་སྒྲུབ་ཐུབ་པ་དེ་ཡིན། ཞེས་ཞོགས་སྔ་ལངས་ཀྱི་ཡོན་ཏན་བརྗོད་ཀྱི་འདུག འོན་ཀྱང་། དགོང་སྔ་མོ་ནས་ཉལ་བ་ཡིས་སྤྱི་ཚོགས་ཀྱི་འབྲེལ་ལམ་ཤོར་འགྲོ་བ་དང་། ཐ་ན་གཞན་ལ་འབྲེལ་འདྲིས་བྱེད་པའི་ནུས་པའང་ཉམས་འགྲོ་སྲིད། དེ་ལྟར་ཡང་། དགོང་སྔ་ཉལ་བྱེད་པ་ཡིས་ལུས་སེམས་ཀྱི་བདེ་ཐང་ལ་ཕན་ཐོགས་ཀྱི་ཡོད། ཅེས་ཀྱང་བརྗོད། ཁོ་མོས་མུ་མཐུད་དེ་བརྗོད་དོན། ངས་བསམས་ན། གལ་ཏེ་དགོང་མོ་ཆུ་ཚོད་བདུན་པར་ཉལ་བ་ཡིན་ན། ཁྱིམ་མི་དང་ལྷན་དུ་ཟ་མ་ཟ་བ་དང་། གྲོགས་པོ་ཚོ་དང་ལྷན་དུ་འབྲེལ་བ་བྱེད་པ་ཆད་འགྲོ་ངེས་རེད། ཅེས་དགོང་སྔ་ཉལ་གྱི་སྐྱོན་ཆའང་བརྗོད།

འཇོལ་མོ་དང་འུག་པ།

འགྲོ་བ་མིའི་རིགས་ཀྱི་གཉིད་ལ་ལུས་ཁམས་འགྱུར་འགྲོས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅིང་། དཔེར་ན། དུས་ཚོད་ཉེར་བཞིའི་ནང་དུ་མིའི་ལུས་ཁམས་ལ་སྒྲིག་གཞི་ངེས་ཅན་དང་ལྡན་པའི་སྒོ་ནས་ཐང་ཆད་པ་དང་གྲོང་རིག་རིག་ཏུ་འགྱུར་བའི་སྐབས་འབྱུང་གི་ཡོད། མི་མང་པོ་ཞིག་ཉིན་ལྟར་དུས་ཚོད་གཅིག་གི་སྟེང་དུ་ཞོགས་པར་མལ་ལས་ལངས་ཀྱི་ཡོད་པ་དང་། དགོང་མོར་མལ་ལ་ཉལ་གྱི་ཡོད། འདི་ནི་ང་ཚོ་དུས་ཚོད་ཀྱི་ཁྱད་པར་ཆེ་བའི་ས་ཆར་བསྐྱོད་སྐབས། ལུས་པའི་ངལ་གསོའི་གནས་སྟངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་རྒྱུ་མཚན་དེ་ཡིན།

ཞིབ་འཇུག་པས་ལུས་ཁམས་ཀྱི་འགྱུར་འགྲོས་གཞིར་བཞག་སྟེ། འགྲོ་བ་མིའི་རིགས་ལ་རིགས་གཉིས་ཕྱེས་ཡོད་ཅིང་། དང་པོ་ནི་འཇོལ་མིའི་རིགས(དགོང་སྔ་ཉལ་ཞོགས་སྔ་ལངས་ཀྱི་རིགས།)དང་། གཞན་ནི་འུག་པའི་རིགས(དགོང་འཕྱི་ཉལ་ཞོགས་འཕྱི་ལངས།)བཅས་གཉིས་ཡིན། ཝ་ཤིན་ཏོན་སློབ་ཆེན་གྱི་ཞིབ་འཇུག་པ་ཁིར་སི་ཌོ་ཧྥི་བྷ་ཨིན་སི་(Christopher Barnes)་ཡིས་བརྗོད་དོན། སྤྱིར་མིའི་རིགས་མི་འདྲ་བ་ཡོད་ནའང་། ནམ་རྒྱུན་མི་མང་པོ་ཞིག་ནི་ལོ་ན་ཆུང་བའི་སྐབས་སུ་འཇོལ་མོ་དང་འདྲ་ཞིང་། ལོ་ན་དར་བའི་སྐབས་སུ་འུག་པ་དང་འདྲ། དེ་ནས་ལོ་ན་རྒན་པའི་སྐབས་སུ་སླར་ཡང་འཇོལ་མོ་དང་འདྲ་བར་འགྱུར་གྱི་ཡོད། ཅེས་མིའི་ལོ་ཚོད་དང་བསྟུན་ནས་མིའི་གཉིད་ཀྱི་གནས་སྟངས་ལའང་འགྱུར་བ་ཐེབས་ཀྱི་ཡོད་པར་བརྗོད།

འོན་ཀྱང་། ཞིབ་འཇུག་པ་ཁིར་སི་ཌོ་ཧྥི་བྷ་ཨིན་སི་ཡིས་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་མ་ཁི་ཝོ་བྷེར་གྷི་ཞོགས་པ་སྔ་མོ་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་རང་བཞིན་གྱིས་སད་དེ་མལ་ལས་ལངས་ཀྱི་ཡོད་པ་དེ་ནི། མཆོག་ཏུ་གྱུར་བའི་འཇོལ་མོ་ཞིག་ཡིན་པར་བརྗོད་དེ། འཇོལ་མོ་དེ་འདྲ་ནི་ཧ་ཅང་ཉུང་ཉུང་ཡིན་པར་འདོད་ཀྱི་འདུག

ང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་ནི་ལོ་ན་གཞོན་པའི་སྐབས་སུ་འཇོལ་མོ་དང་འདྲ་ཞིང་། ལོ་ན་དར་བའི་སྐབས་སུ་འུག་པ་དང་འདྲ་ལ། ལོ་ན་རྒན་པའི་སྐབས་སུ་སླར་ཡང་འཇོལ་མོ་དང་འདྲ་བར་འགྱུར་གྱི་ཡོད། ཞིབ་འཇུག་པ་ཁིར་སི་ཌོ་ཧྥི་བྷ་ཨིན་སི་(Christopher Barnes)་ཡིས་བརྗོད་ན། ལུས་སེམས་བདེ་ཐང་གི་ཐད་ནས་བཤད་ན། མིའི་ཉལ་ལངས་ཀྱི་དུས་ཚོད་དེ་རང་གི་ལུས་ཁམས་ཀྱི་འགྱུར་འགྲོས་དང་མཐུན་གྱི་ཡོད་ན། དེ་ནི་ཧ་ཅང་ལེགས་པའི་རྣམ་པ་ཞིག་ཏུ་གནས་ཡོད་པར་བཤད། ཡིན་ན་ཡང་། མི་ལ་ལའི་ཉལ་ལངས་ཀྱི་དུས་ཚོད་ནི་གཞན་དང་མི་མཚུངས་པར་མ་ཟད། ད་དུང་གཞན་ལ་ཁྱབ་བསྒྲགས་ཀྱང་བྱེད་ཀྱིན་ཡོད། དེ་ནི་ཕལ་ཆེར་དམིགས་ཡུལ་གཞན་ཞིག་གི་ཆེད་དུ་ཡིན་སྲིད།

བག་ཆགས་ཡག་པོ་འཇོག་པ།

མི་མང་པོ་ཞིག་སྔ་མོ་ནས་ལངས་ཀྱི་ཡོད་ཅེས་འུར་སྒྲོག་བྱེད་རྒྱུ་དགའ་བའི་རྒྱུ་མཚན་ཅི་ཡིན་ནམ། དེའི་རྒྱུ་མཚན་ནི། ཁོ་ཚོས་ཕལ་ཆེར་རང་ཉིད་ཀྱིས་ལས་ཀའི་གྲུབ་འབྲས་ཆེན་པོ་ཞིག་བླངས་ཡོད་པའི་བརྡ་སྟོན་འདོད་ཡོད་པས་ཡིན་སྲིད། གཞན་ཡང་། ཞོགས་པ་སྔ་མོ་ལངས་པའི་མི་ལ་ལྟ་སྟངས་ལེགས་པོ་ཡོད་པའི་ལྟ་ཚུལ་ཞིག་ཀྱང་ཡོད་པ་རེད། ༢༠༡༤ལོར་ཞིབ་འཇུག་སྡེ་ཚན་ཞིག་གིས་ལས་མི་༡༢༠ལ་ཞིབ་འཇུག་གནང་བའི་འབྲས་བུ་ལྟར་ན། འགན་འཛིན་གྱིས་ལས་ཁུངས་ལ་རྗེས་ལུས་ཐེབས་པའི་ལས་མི་ཚོར་ལྟ་སྟངས་ལེགས་པོ་མི་འཛིན་ཞིང་། དེའི་རྒྱུ་མཚན་ནི། འགན་འཛིན་གྱིས་ཁོ་ཚོར་ལས་ཀའི་ཐད་ལ་འགན་འཁྲིའི་འདུ་ཤེས་མེད་པར་འདོད་ཀྱི་ཡོད་པས་ཡིན་འདུག གཞན་ཡང་། འཇོལ་མོའི་རིགས་ཀྱི་འགན་འཛིན་དང་། འུག་པའི་རིགས་ཀྱི་འགན་འཛིན་གཉིས་ལས། འུག་པའི་རིགས་ཀྱི་འགན་འཛིན་གྱིས་རྗེས་ལུས་ཐེབས་པའི་ལས་མི་ཚོར་ལྟ་སྟངས་ལེགས་པོ་མི་འཛིན་པའི་ཚད་ནི་དམའ་མོ་ཡིན་པར་བརྗོད་ཀྱི་འདུག ཝ་ཤིན་ཏོན་སློབ་ཆེན་གྱི་ཞིབ་འཇུག་པ་ཁིར་སི་ཌོ་ཧྥི་བྷ་ཨིན་སི་(Christopher Barnes)་ཡིས་འདི་ལྟར་བརྗོད། ལས་མི་ཚོའི་ཉལ་ལངས་ཀྱི་དུས་ཚོད་ལ་བརྟེན་ནས། ཁོ་ཚོའི་སྣང་བརྙན་ལའང་འགྱུར་འཐེབས་ཀྱི་ཡོད། ཞོགས་སྔ་ལངས་བྱེད་མཁན་གྱི་ལས་མི་ལ་གདེང་འཇོག་ལེགས་པོ་དང་ལྟ་སྟངས་ལེགས་པོ་འཛིན་གྱི་འདུག དེ་བས་ན། ཁྱོད་ཀྱིས་ཅི་ལྟར་བྱེད་རྩིས་ཡིན་ནམ། ཁྱོད་ཀྱིས་གཞན་ལ་བག་ཆགས་བཟང་པོ་ཞིག་འཇོག་ཐབས་བྱ་རྒྱུ་ཡིན་ནམ། ཞེས་བཤད།

ཉིན་གཅིག་གི་ལས་ཀ་གྲོལ་རྗེས། ཁྱོད་ཀྱིས་རང་ཉིད་ཀྱི་དུས་ཚོད་ལ་བཀོད་སྒྲིག་བྱེད་ཆོག་ཚེ། ཁྱོད་ཀྱིས་རང་གི་ལུས་པོའི་གནས་སྟངས་ལ་གཞིར་བཞག་སྟེ་རང་ཉིད་ཀྱི་དུས་ཚོད་བཀོད་སྒྲིག་གནང་དགོས། དེ་ཡང་ག་དུས་ཤིག་ལ་རང་ཉིད་ངལ་གསོ་བྱེད་དགོས་པ་དེ་ཤེས་དགོས། ཁྱོད་རང་ཞོགས་པ་སྔ་མོ་ནས་ལས་ཁུངས་སུ་འགྲོ་བ་དེས་རང་གི་ལས་ཀར་ཕན་ཐོགས་ཀྱི་ཡོད་ཀྱང་། ཁྱོད་ཀྱིས་རང་ཉིད་ལ་རང་གིས་དེ་ལྟར་སྒྲུབ་དགོས་པའི་རྒྱུ་མཚན་འདྲི་དགོས། དེ་ཡང་དཔེར་ན། ཞོགས་སྔ་ལངས་བྱས་ན་སྔར་ལས་གྲུབ་འབྲས་ལེགས་པོ་ཡོད་དམ། ཡང་ན། རང་ཉིད་དང་གཞན་ལ་རང་གི་ལས་ཀར་གྲུབ་འབྲས་ཆེན་པོ་ཞིག་ཡོད་པར་ཡིད་ཆེས་བྱེད་དུ་འཇུག་ཆེད་ཡིན་ནམ། ཞེས་འདི་ལྟར་རང་ཉིད་ལ་དྲི་བ་འདྲི་དགོས། གང་ལྟར་རྒྱུ་མཚན་ཅི་ཞིག་ཡིན་ཡང་། བདེ་ཐང་ནི་དང་པོ་ཡིན་ཞིང་། ཞིབ་འཇུག་པ་ཁིར་སི་ཌོ་ཧྥི་བྷ་ཨིན་སི་ལྟར་ན། རང་ཉིད་ཐང་ཆད་ཡོད་ཀྱང་ཐང་ཆད་མེད་ཁུལ་གྱིས་ཨུ་ཚུགས་བྱས་ནས་ལས་ཀ་བྱེད་ཀྱི་ཡོད་པ་དེ་ཡང་བདེ་ཐང་མིན་པའི་རྣམ་པ་ཞིག་ཡིན་པར་འདོད་ཀྱི་འདུག གལ་སྲིད་དེ་ལྟར་རང་ཉིད་ལ་ཨུ་ཚུགས་བྱས་ཏེ་ལས་ཀ་བྱས་ན། བཟང་སྤྱོད་དང་མི་མཐུན་པའི་ལས་ཀྱང་མང་དུ་འགྲོ་ངེས་ཡིན་པར་བརྗོད།

ད་དུང་། ཞིབ་འཇུག་པ་ཁིར་སི་ཌོ་ཧྥི་བྷ་ཨིན་སི་ཡིས། ཁྱོད་རང་ངལ་ཞིང་དུབ་པ་དང་གནས་སྟངས་མི་ལེགས་པའི་སྐབས་སུ། དོན་དག་མི་ལེགས་པ་ཞིག་འབྱུང་ལ་ཉེ་བ་ཡིན། ཞེས་བརྗོད།