20
Sat, Apr

འཛམ་གླིང་ཐོག་གི་སློབ་གསོ་གལ་ཆེན་བཞི།

ཆེད་བསྒྲིགས།
ཡིག་གཟུགས་སྒྲིག་ཆས།

༡-ཁྱིམ་དུ་གསོ་ཉར་བྱེད་པའི་གསེར་ཉ་དེ་ཆུང་ཆུང་ནས་སོར་གསུམ་ཙམ་མ་གཏོགས་མེད། དེར་ཇི་ལྟར་བདག་སྐྱོང་བྱས་ཀྱང་འཚར་ལོངས་བྱེད་དཀའ། ཡིན་ཡང་། གསོ་ཉར་བྱེད་པའི་གསེར་ཉ་དེ་རྫིང་བུའི་ནང་དུ་གློད་ན། ཡུན་རིང་མ་འགོར་བར་ཟླ་གཉིས་རིང་འཚར་ལོངས་ཡག་པོ་བྱེད་ཀྱི་ཡོད།

དཔེ་དེ་བཞིན་དུ། ཕྲུ་གུ་ཞིག་ལ་མཚོན་ན་ཡང་། གོང་གི་སློབ་གསོ་དེ་ལྟར་ཕྲུ་གུའི་འཚར་ལོངས་ཐད་ལ་རང་དབང་གི་ཁོར་ཡུག་ཅིག་དགོས་པ་ལས། གསེར་ཉ་ཆུང་ཆུང་བཞིན་ཕ་མས་སོ་སོའི་ཕྲུ་གུར་སྲུང་སྐྱོབ་བྱེད་དྲགས་ན་ཕྲུ་གུ་དེ་ཕ་མའི་གནོན་ཤུགས་འོག་ནས་ནམ་ཡང་ཉ་ཆེན་དུ་འགྱུར་དཀའ་བ་ཡིན།

སྤྱི་ཚོགས་ཡར་རྒྱས་དང་ཤེས་ཡོན་གོང་འཕེལ་དུ་འགྲོ་བ་ལྷན་དུ། ཕ་མ་ཚོས་ཀྱང་ཕྲུ་གུར་བཀག་འགོག་ཚོར་བཀག་འགོག་མི་བྱེད་པར་རང་དབང་གི་ཁོར་ཡུག་ཅིག་ཏུ་འཚར་ལོངས་འབྱུང་དུ་འཇུག་ཐུབ་ན་བཟང་།

༢-ཁྱི་སྤྱང་ནི་འཛམ་གླིང་གི་སེམས་ཅན་ཀུན་གྱི་ནང་ནས་གནས་ཚུལ་གང་ཞིག་ཤེས་འདོད་ཆེན་པོ་བྱེད་མཁན་ཞིག་ཡིན། ཁོ་ཚོས་གནས་ཚུལ་ཆེ་ཆུང་གང་འདྲ་ཞིག་ལའང་སྣང་ཆུང་མི་གཏོང་བར་དེ་ལས་ལྷག་པའི་ངང་གནས་ཚུལ་དེར་དོ་སྣང་དང་སོ་སོའི་ངོས་ནས་ཞིབ་འཇུག་ལྷོད་མེད་བྱེད་ཀྱི་ཡོད། རང་བྱུང་ཁམས་ལ་མཚོན་ན། ཁྱི་སྤྱང་ནི་ངོ་མཚར་ཅན་ཞིག་ཡིན། ཁྱི་སྤྱང་གིས་རང་ཉིད་གནས་སའི་ཁོར་ཡུག་ལ་དགའ་མོས་དང་དོ་སྣང་བྱེད་ཀྱི་ཡོད་པས། གང་ནས་ཀྱང་ཟས་འཚོལ་ཐུབ་པ་དང་ཉེན་ཁ་གང་དུ་ཡོད་མེད་སོགས་ཚང་མ་རྟོགས་ཐུབ་པས་འཚོ་གནས་རྒྱུན་རིང་བྱེད་ཐུབ་ཀྱི་ཡོད།

དེ་བཞིན་དུ། ཕྲུ་གུའི་སྦྱོང་བརྡར་གྱི་ནུས་པ་དང་། ཤེས་འདོད་དམ་སློབ་འདོད་ཆེན་པོའི་བློ་དེ་འཚར་ལོངས་འབྱུང་སྐབས། ཁོ་ཚོར་འཚོ་བ་ལ་དོ་སྣང་དང་ཞིབ་འཇུག་ཡག་པོ་བྱེད་འཇུག་དགོས། ཁོ་ཚོར་དགའ་མོས་ཐོག་སློབ་སྦྱོང་སྤྲད་པ་ཡིན་ན། མ་འོངས་པར་མདུན་ལམ་ཡག་པོ་ཡོད་པར་མ་ཟད། བསམ་བློ་གསར་པའང་མང་ལ། གཞན་གྱི་མིག་དཔེ་ལྟ་ཡུལ་དུའང་འགྱུར་བ་ཡིན།

༣-བྱང་རླུང་དང་ལྷོ་རླུང་གཉིས་ཀྱི་རང་ཉིད་ཀྱི་རླུང་ཤུགས་ལ་བརྟེན་ནས། ལམ་དུ་འགྲོ་འོང་བྱེད་ཀྱིན་པའི་མི་སུའི་སྟོད་གོས་ཕུད་ཐུབ་མིན་གྱི་ཤུགས་བསྡུར་བ་རེད། བྱང་རླུང་གིས་རླུང་ཤུགས་ཇི་ཙམ་ཆེན་པོ་བཏང་ཡང་འགྲོ་འོང་བྱེད་ཀྱིན་པའི་མི་ཚོས་སྟོད་གོས་དམ་པོར་འཇུས་ནས་སྡད། འོན་ཀྱང་། ལྷོ་རླུང་གིས་རླུང་གཡུགས་ཙམ་ལས་མ་བྱས་ཀྱང་། འགྲོ་འོང་བྱེད་ཀྱིན་ཡོད་པའི་མི་རྣམས་ཚ་བས་སྟོད་གོས་ཕུད་དགོས་བྱུང་།

དཔེ་དེ་བཞིན་དུ། ལྷོ་རླུང་ལྟར་ང་ཚོ་བློ་རྒྱ་ཆེན་པོ་བྱེད་དགོས་པ་བསྟན་ཡོད། ཕྲུ་གུར་སློབ་གསོ་རྒྱག་པའི་སྐབས་སུའང་། སྐྱོན་བརྗོད་མང་དྲག་ན་ཕ་གཏམ་བུ་ལ་གནོད་ཟེར་བའི་དཔེ་ལྟར་མཐའ་མ་ཕྲུ་གུ་དེར་ག་ཚོད་བཤད་ཀྱང་དེ་ཚོད་ཀྱིས་སེམས་སུ་ཟུག་དཀའ་བ་ཡིན།

ཕྲུ་གུ་སུ་ཡིན་ནའང་ནོར་འཁྲུལ་ཡོང་སྲིད་པ་ཡིན། དེར་བརྟེན། ཕ་མ་ཚོས་ཁོ་ཚོ་ལ་བློ་རྒྱ་ཆེ་ཙམ་བྱས་ནས་ནོར་འཁྲུལ་ཡོ་བསྲང་བྱེད་འཇུག་དགོས། དེ་འདྲ་བྱས་ན། ཕྲུ་གུར་སློབ་གསོ་ཡག་པོ་ཞིག་རེག་ཐུབ། ཕྲུ་གུ་སུ་ཡིན་ཡང་། ཚང་མར་ནུས་རྩལ་རེར་ཡོད། འོན་ཀྱང་ཁོ་ཚོའི་ཕུགས་བསམ་དེ་མངོན་འགྱུར་ཡོང་བ་ལ་ཕ་མ་དང་དགེ་རྒན་གཉིས་ཀྱིས་བརྩེ་བ་དང་ཡིད་ཆེས་ད་དུང་སེམས་ཁུར་སོགས་དགོས་རྒྱུ་དེ་དེ་བས་གལ་ཆེ་བ་ཡིན།

ཕ་མ་རང་ངོས་ནས་ཕྲུ་གུ་གང་འདྲ་ཞིག་ཆགས་འདོད་ན་ཕྲུ་གུ་དེ་འདྲ་ཞིག་ཏུ་ཆགས་སྲིད་པས། གཙོ་བོ་ཕྲུ་གུའི་ཕ་མ་གཉིས་ལ་རེག་ལུས་ཡོད།