ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༩ རེས་གཟའ་མིག་དམར་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། སེ་ར་བྱེས་སྨད་གཉིས་ཀྱི་མཁན་ལས་ཟུར། ས་གནས་འགོ་འཛིན་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག

མགོན་པོ་གང་ཉིད་མཆོག་བླ་སྤྱིའི་ཚོགས་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་བཀའ་སློབ་སྩལ། སྐབས་དེར་༸གོང་ས་མཆོག་གིས་ཉེ་ལམ་མགུལ་འཆམ་བཞེས་རྐྱེན་༸སྐུ་ཐང་ཡང་ཡང་ཆད་པར་བརྟེན་སེ་ར་ཆོས་སྒར་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་ལ་འགྱུར་བ་ཕྱིན་སྐོར་དང་། འབྱུང་འགྱུར་ཉིན་གཉིས་རིང་གི་མཛད་འཆར་ཇི་ཡོད་ངོ་སྤྲོད་དང་། ཕྱི་ཚེས་ ༢༠ ཉིན་རྟ་མགྲིན་ཡང་གསང་གི་བཀའ་དབང་སྩལ་རྗེས་ཕྱི་ཚེས་ ༢༡ ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་རྭ་གསར་པ་དབུ་འབྱེད་མཛད་རྒྱུ་དང་སྦྲགས། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་སྩལ་རྒྱུ་ཡིན་སྐོར་དང་།་དེང་སྐབས་རྒྱ་གར་སྤྱི་ཚོགས་ནང་གཞོན་སྐྱེས་ཤེས་ཡོན་ཅན་དང་ཤེས་ཡོན་བསྟི་གནས་ཁང་མང་པོ་ཞིག་གིས་རྒྱ་གར་གནའ་རབས་ཀྱི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཧ་ཅང་བྱེད་བཞིན་ཡོད་སྐོར།  སེར་བྱེས་མཁས་སྙན་གྲྭ་ཚང་གིས་རྒྱ་གར་ཏུམ་ཀུར་གཙུག་ལག་སློབ་གྲྭ་དང་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིར་བསྔགས་བརྗོད་མཛད་དེ་མུ་མཐུད་འབད་བརྩོན་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན།  སངས་རྒྱས་པའི་ཆོས་འདི་ཚན་རིག་དང་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་མཁན་གྱི་ཆོས་ལུགས་ཤིག་རེད། དེར་བརྟེན་ནང་ཆོས་ལ་ངེས་པར་དུ་ཐོས་བསམ་སློབ་གཉེར་བྱེད་དགོས།    ཞེས་བཀའ་སློབ་སྩལ་བ་དང་སྦྲགས་སྦེལ་ཀོབ་དང་ཀོ་ལེ་གྷལ་བོད་མིའི་གཞིས་ཆགས་སུ་མི་འབོར་ཇི་ཡོད་བཀའ་རྩད་མཛད།

སྤྱིར་༸གོང་ས་མཆོག་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ཆིབས་ཐོན་མཛད་ནས་ཤི་མོ་གྷ་ Shimoga ཞེས་པའི་གྲོང་ཁྱེར་དུ་མཚན་གཅིག་བཞུགས་བཞག་མཛད་རྗེས་ཕྱི་ཚེས་ ༡༩ སྔ་དྲོ་སེ་རར་ཆིབས་༸ཞལ་བསྒྱུར་གནང་མཛད་ཡོད་པ་བཅས།།

Other Videos

ྋགོང་ས་མཆོག་༢༠༡༨ལོའི་ཟླ་༡༢ཚེས་༢ཉིན་བཞུགས་སྒར་ནས་སྟོན་འཁོར་ཧྲག་བསྡུས་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་རྒྱ་གར་ཨུ་ཏྟར་པྲ་དེཤ་མངའ་སྡེའི་སན་ཀི་སའམ་ལྷ་བབས་ཀྱི་གནས་ཞེས་པའི་ནང་པའི་གནས་ཆེན་དུ་ྋཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ།