19
Fri, Apr

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༡༠་ཚེས་༢༥ཉིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ལ་བཅའ་འདྲི་ཞུ་སྐབས་ཁོང་གིས་གསུང་དོན། ང་ཚོ་ནང་ཁུལ་ལ་མ་འགྲིག་པ་ཆུང་ཙག་གི་རིགས་བྱུང་ནའང་བཟོད་སེམས་བྱས་ནས། བོད་མི་ཡོངས་ཀྱི་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་ལ་གནོད་པའི་ལས་མི་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་རེད། རྡོག་རྩ་གཅིག་སྒྲིལ་ནི་ང་ཚོར་ཡོད་པའི་སྟོབས་ཤུགས་ཁོ་ན་དེ་རེད། བོད་དོན་འཐབ་བརྩོད་བྱེད་སྐབས་རྡོག་རྩ་གཅིག་སྒྲིལ་མེད་ན་མ་རྩ་བརླག་པ་དང་གཅིག་མཚུངས་རེད། ཅེས་གསུངས་སོང་།

འདི་ག་གསར་ཁང་གིས་ཉེ་ཆར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། རྒྱ་གཞུང་གིས་བོད་མི་ཚོར་དམ་དྲག་ག་ཚོད་བྱེད་ཀྱི་ཡོད་མེད། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་ཇི་ལྟར་གཏོང་གི་ཡོད་མེད། ད་དུང་བོད་ཡུལ་དུ་ལྕགས་ལམ་བཟོ་བསྐྲུན་བྱེད་བཞིན་པ་དེས་ཁོར་ཡུག་ལ་གནོད་སྐྱོན་ག་ཚོད་ཐེབས་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་བཅའ་འདྲི་ཞུས་ཡོད།

༦༽ བོད་ནང་དང་སྒོས་སུ་ཁྱེད་རང་གི་ཕ་ཡུལ་དུ་རྒྱ་གཞུང་གིས་དམ་དྲག་གང་འདྲ་བྱེད་བཞིན་ཡོད་མེད་དང་། ལྷག་པར་དུ་བོད་ཀྱི་ཆོས་རིག་དང་སྐད་ཡིག དེ་བཞིན་སྨྲ་བརྗོད་རང་དབང་དང་འགྲོ་འདུག་རང་དབང་སོགས་ཀྱི་གནས་སྟངས་སྔར་ལས་དམ་དྲག་ཆེ་བ་ཡོད་མེད་ཀྱི་སྐོར་ནས་གནས་ཚུལ་མདོར་ཙམ་གསུང་རོགས།

ལན། ངའི་ཕ་ཡུལ་ལ་མཚོན་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་རྒྱས་ས་ཡིན་སྟབས། དམིགས་བསལ་གྱིས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཉིན་མཚན་མེད་པར་ཕྱོགས་གང་ས་ནས་དམ་དྲག་བྱེད་བཞིན་འདུག འདི་ནས་ཕ་ཡུལ་ལ་འགྲོ་མཁན་ཚོར་མཚོན་ནའང་། རང་དབང་གཏན་ནས་མེད་པ་དེ་གསལ་པོ་གསལ་རྐྱང་རེད།

དཔེར་ན། ང་རང་རྒྱ་གར་ལ་ཡོང་ནས་ལོ་ངོ་འདི་དག་རིང་། ང་རང་གི་ཕ་ཡུལ་གྱི་ཆོས་དང་ཟང་ཟིང་གི་འབྲེལ་བ་ཡོད་སའི་ཡུལ་ལུང་དེ་རུ་ངོ་ཤེས་པ་ཧ་ཅང་མང་པོ་ཞིག་ཡོད་ལ། དེ་ཚོར་ཁྲིམས་དང་མ་འགལ་བའི་ཐོག་ནས་ལྷོད་ལྷོད་ཀྱིས་འབྲེལ་བ་བྱེད་པ་དང་། གོ་རྟོགས་སྤེལ་རྒྱུའི་བསམ་བློ་དེ་ཡོད་ནའང་། རྒྱ་གཞུང་གིས་ང་སྐད་འཕྲིན་གྱི་ཚོགས་པ་གང་དུ་ཡོད་མེད་ལ་ལྟ་རྟོག་བྱེད་པ་དང་། ང་སྐད་འཕྲིན་གྱི་ཚོགས་པ་གང་དུ་ཡོད་ན་དེ་རུ་སྐད་ཆ་བཤད་མཁན་མེད་པ་དང་། ཡང་ན་དེའི་ཚོགས་གཙོ་ལ་གནོན་ཤུགས་དང་བཙན་དབང་གིས་ཚོགས་པ་སྒོ་རྒྱག་ཏུ་འཇུག་གི་འདུག

དེ་ནས། ང་རང་རྒྱ་གར་ལ་ཡོང་ནས་ལོ་ཧ་ལམ་ཉི་ཤུ་ཞིག་འགོར་བཞིན་ཡོད་ནའང་། རྒྱ་གཞུང་གིས་ང་དང་ང་ལ་འབྲེལ་བ་ཡོད་མཁན་ཚོ་ཁ་བྲལ་ཏུ་གཏོང་གི་འདུག རྒྱ་གཞུང་གི་གནོན་ཤུགས་དང་དམ་དྲག་གི་དབང་གིས། ང་ལ་ཆོས་འབྲེལ་ཡོད་མཁན་གྱི་སློབ་གྲོགས་དང་། ངོ་ཤེས་པ། ཉེ་འབྲེལ། ཕ་ཡུལ་གཅིག་པ་བཅས་ཀྱིས་ང་དང་ཐག་རིང་པོ་བྱས་ནས། ང་ལ་སྐད་ཆ་བཤད་ཕོད་ཀྱི་མི་འདུག སྐད་ཆ་བཤད་ཀྱང་། སྐུ་གཟུགས་བདེ་མོ་ཡིན་ནམ་ཞེས་པ་ལྟ་བུའི་ཚིག་གཅིག་ཙམ་ཞིག་རེད། དེར་བརྟེན། སྨྲ་བརྗོད་རང་དབང་མེད་པ། མདོར་ན། རང་དབང་གཏན་ནས་མེད་པའི་གནས་ཚུལ་མང་པོ་ཞིག་གོ་ཡོང་གི་འདུག

ངའི་ཕ་ཡུལ་ལ་འཕྲད་བཞིན་པའི་དཀའ་ངལ་དེ་ས་ཁུལ་རེ་གཉིས་ཙམ་མ་གཏོགས་བོད་ས་ཡོངས་ལ་འཕྲད་བཞིན་ཡོད། ངའི་ཕ་ཡུལ་ལ་རྒྱ་གཞུང་གིས་ལས་འགུལ་གང་སྤེལ་བཞིན་ཡོད་པ་དེ་བོད་ས་ཡོངས་སུ་དེ་ལྟར་སྤེལ་བཞིན་ཡོད་པ་ཧ་གོ་ཐུབ་པ་ཞིག་རེད། ཡིན་ནའང་། བོད་སྤྱི་ལ་ཟེར་དུས། དཔེར་ན། ང་རང་ལ་ཆ་མཚོན་ན། ནམ་རྒྱུན་ནས་གོང་དུ་བཤད་པ་ལྟར། སྐད་འཕྲིན་གྱི་ཚོགས་པ་ཁག་ཏུ་ལྟ་བཞིན་ཡོད་ལ། ལྷག་པར་དུ་སྐད་འཕྲིན་གྱི་ཚོགས་པ་ཁག་ནས་སྐད་ཆ་བཤད་དུས། མདོ་སྨད་ཕྱོགས་ཀྱི་ས་གནས་མང་པོ་ཞིག་ནས་ང་ལ་འབྲེལ་བ་བྱེད་ཀྱི་འདུག དགེ་རྒན་དང་། ཤེས་ཡོན་ཅན་དེ་འདྲ་མང་པོ་ཞིག་གིས་འབྲེལ་བ་བྱེད་ཀྱི་འདུག

དེ་ཡང་ཉེན་ཁ་ཡོད་པ་ཤེས་བཞིན་དུ་འབྲེལ་བ་བྱས་ནས་གནས་ཚུལ་མང་པོ་རྒྱུས་ལོན་བྱུང་སོང་། གནས་ཚུལ་རྣམས་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་མི་དགོས་པར་དམ་དྲག་དང་དཀའ་ངལ་ཚད་ལས་བརྒལ་པ་འདུག་བསམ་པའི་སྐད་ཆ་མང་པོ་ཞིག་སྐོར་ནས་བཤད་ཡོང་གིན་འདུག དཔེར་ན། མདོ་སྨད་ཕྱོགས་ལ་མཚོན་ན། དགེ་རྒན་མང་པོ་ཞིག་གིས་སྐད་འཕྲིན་གྱི་ཚོགས་པ་དེ་འདྲའི་ནང་ལ་སེམས་ངལ་ཆེན་པོ་ཞིག་གི་ཐོག་ནས། རྒྱ་གཞུང་གིས་སློབ་གྲྭའི་ནང་དུ་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་བོད་ཀྱི་སྐད་ཡིག་སློབ་རྒྱུ་མེད་པར་བཟོས་སྐོར་དང་། རྒྱ་ཡིག་གཙོ་བོར་བྱས་ནས་སློབ་དགོས་པའི་གནས་ཚུལ་ཞིག་ཉེ་བའི་ལོ་འདི་དག་གི་རིང་ལ་སེམས་འཚབ་ཀྱི་སྒོ་ནས་བཤད་ཀྱིན་འདུག ཡིན་ནའང་། བཤད་མ་བཤད་མི་འདུག རྒྱ་གཞུང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ནས། བཙན་པོ་དབང་ཡོད་ཀྱིས་ག་ལེར་བོད་སྐད་ཡིག་མེད་པར་བཟོ་བཞིན་པ་གསལ་པོ་གསལ་རྐྱང་རེད་ལ། དེ་དང་དེས་མཚོན་པའི་དམ་དྲག་བྱེད་བཞིན་པའང་སྐད་འཕྲིན་ཚོགས་པ་ཁག་ནས་ཤེས་ཡོང་གིན་འདུག གནས་ཚུལ་འདི་ནི་མདོ་སྨད་ལའང་འབྱུང་བཞིན་འདུག་ལ། ཁམས་ཕྱོགས་དང་དབུས་ཕྱོགས་ལའང་འབྱུང་བཞིན་པ་ཞིག་རེད།

༧༽ ཁྱེད་རང་གིས་དྲ་གྲོགས་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ལ་རེ་སྐུལ་ག་རེ་ཞུ་རྒྱུ་ཡོད་དམ།

ལན། རྒྱལ་སྤྱིའི་ཐོག་གི་ཚོགས་པ་ཁག་དང་། སྒྲིག་འཛུགས་ཁག །དེ་བཞིན་དབུ་ཁྲིད་རྣམ་པ། གཞོན་སྐྱེས་ཚོར་ང་བོད་ནས་ཡོང་མཁན་ཞིག་གི་ངོས་ནས་ཅི་ཞིག་ཞུ་འདོད་ཡོད་ཟེར་ན། དེ་ཡང་བོད་ཀྱི་གཏམ་དཔེ་ཞིག་ལ། རི་བོང་གླག་གིས་ཁྱེར་དུས། འབོད་ས་ཨ་སྔོན་དགུང་། ཟེར་བ་ལྟར། ང་ཚོ་བོད་ལའང་སྤྱི་ལོ་༡༩༥༩ ཡི་མཚམས་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་ནས་ད་ལྟའི་བར་ལ། སྡུག་སྐད་རྒྱག་སའམ་འབོད་སྐུལ་ཞུ་ས་དེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་རང་དབང་ལ་དགའ་མཁན། དམངས་གཙོ་ལ་དགའ་མཁན། འགྲོ་བ་མིའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་བཅས་ཀྱི་རྒྱལ་ཁབ་ཡིན་ནའང་འདྲ། ཚོགས་པ་ཡིན་ནའང་འདྲ། མི་སྒེར་བ་ཡིན་ནའང་འདྲ་ཁྱེད་ཚོ་རེད། གང་ལྟར། བོད་ནང་གི་བོད་མི་ཚོས་ཉིན་མཚན་དུས་དྲུག་ཏུ་ང་ཚོ་བོད་ལ་རོགས་རམ་ཞིག་བྱེད་རྒྱུ་རེད་སྙམ་པའི་རེ་བ་ཞིག་རྒྱག་བཞིན་ཡོད་ལ། ང་རང་ལ་མཚོན་ནའང་དེ་ལྟར་རེ་བ་རྒྱག་བཞིན་ཡོད་ལ། བླ་མ་རིན་པོ་ཆེའི་སྐུ་སྲོག་སྐྱོབ་རྒྱུའི་ཐབས་ཤེས་བྱས་ནས་བཟུང་སྟེ། ང་ཚོ་བོད་པ་ད་ལྟ་བར་དུ་རྒྱ་ནག་གུང་ཁྲན་གྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་འདི་འདྲ་ཞིག་གི་འོག་ཏུ་ཚུད་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་པས། ད་ལྟའི་བར་དུ་རེ་བ་རྒྱབ་པ་ནང་བཞིན་གྱིས་མ་འོངས་པ་ཡིན་ནའང་། བོད་ནང་གི་བོད་མི་ཚོ་དང་བཙན་བྱོལ་དུ་ཡོད་པི་བོད་མི་ཚོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཡོངས་ལ་རེ་བ་རྒྱག་བཞིན་ཡོད་པ་ཚོར་བའི་ཐོག་ནས། ང་ཚོར་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་རེད།

ད་ལྟའི་དུས་ཚོད་འདི་ལ་མཚོན་ན། རྒྱ་ནག་གི་གཡོ་བྱུས་དང་འཁྲབ་སྟོན་འཛམ་གླིང་གང་སར་སྤེལ་བཞིན་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་གི་ཆབ་སྲིད་རྫུན་མའི་ཐོག་ནས་མི་རྣམས་ལ་འབྲེལ་བ་བྱས་ནས་ཡག་པོ་བྱེད་བཞིན་ཡོད་མདོག་མདོག་བྱེད་བཞིན་ཡོད་རེད། ང་ཚོས་ཀྱང་རྒྱ་ནག་གིས་འཛམ་གླིང་གི་ཁ་ཕྱོགས་ལྟར་མིའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། མང་གཙོ། མདོར་ན་བཟང་ཕྱོགས་ཤིག་ལ་འགྱུར་འགྲོ་བར་བསམ་ནས་རེ་བ་རྒྱག་བཞིན་མི་རྣམས་ལ་འབྲེལ་བ་བྱེད་བཞིན་ཡོད་རེད། ཡིན་ནའང་། ཉེ་བའི་ལོ་ཤས་ཀྱི་རིང་ལ། མི་མང་པོ་ཞིག་གིས་གནས་ཚུལ་མང་པོ་ཞིག་ཤེས་བཞིན་ཡོད་ལ། རྒྱ་ནག་ལ་ག་ཚོད་ཀྱིས་མཁྲེགས་པོ་བྱས་ན། དེའི་ཚོད་ཀྱིས་སྡུག་ཏུ་སྡུག་ཏུ་འགྲོ་བཞིན་ཡོད་པའི་རྒྱ་ནག་གི་གནས་སྟངས་ངོ་མ་དང་རང་བཞིན་ངོ་མ་དམར་རྗེན་དུ་བཏོན་ནས་འགྲོ་དུས། རྒྱ་ནག་གི་གནས་ཚུལ་ཇེ་ཤེས་ཇེ་གོར་འགྱུར་བཞིན་ཡོད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་། རང་དབང་ལ་དགའ་མཁན་གྱི་ཚོགས་པ་ཁག་གིས་གནས་ཚུལ་འདི་ཤེས་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་འདོད།

བོད་མིའི་གཞོན་སྐྱེས་ཚོར་ཞུ་རྒྱུ་ནི། གཞིས་བཞུགས་ཀྱི་གཞོན་སྐྱེས་ཚོར་བཤད་ས་རེག་གི་མ་རེད། ཡིན་ནའང་། བྱེས་སུ་ཡོད་པའི་གཞོན་སྐྱེས་དང་། ལྷག་དོན་དུ་༧སྐྱབས་མགོན་རིན་པོ་ཆེས་ལོ་ངོ་དྲུག་ཅུའི་རིང་ལ་སློབ་སྦྱོང་གི་མཐུན་རྐྱེན་ཆ་ཚང་གནང་བའི་གཞོན་སྐྱེས་མང་པོ་ཞིག་འཚར་ལོངས་འབྱུང་བཞིན་ཡོད་པར་མ་ཟད། ད་དུང་། ལྟ་བ་ཁྱེར་སྟངས་དང་ལས་འགུལ་སྤེལ་སྟངས་ཧ་ཅང་བཟང་པོའི་གཞོན་སྐྱེས་མང་པོའང་འབྱུང་ཡོད་པ་རེད། དེ་དག་ལ་རྗེས་སུ་ཡི་རང་བྱེད་རྒྱུ་ཡིན། དེ་ནས། གཞོན་སྐྱེས་ཚང་མས་མུ་མཐུད་ནས་གཙོ་བོ་དང་གལ་ཆེ་ཤོས་དེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་གལ་ཆེན་རང་བཞིན་ཤེས་རྒྱུ་དང་། མི་ཤེས་མཁན་ཚོས་ཤེས་སུ་འཇུག་རྒྱུ་དང་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན། དེ་བཞིན་བོད་རྒྱལ་ཁབ་བསྐྱར་གསོ་དང་རིག་གཞུང་མི་ཉམས་པའི་དོན་ལ་རྒྱལ་སྤྱིའི་ཐོག་ལ་བོད་དོན་དང་འབྲེལ་བའི་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། གཞོན་སྐྱེས་ཚོ་ནི་མ་འོངས་བོད་ཀྱི་སོན་རྩ་ཡིན་པ་ལྟར། མ་འོངས་བོད་མི་རིགས་ཀྱི་ལམ་ཁ་ཡག་པོ་ཞིག་ཏུ་འགྲོ་བར་བསམ་བློ་ཅི་ཞིག་གཏོང་དགོས་པ་དང་། ལྟ་བ་ག་རེ་ཁྱེར་དགོས་པ། ལས་ཀ་ག་རེ་བྱེད་དགོས་པ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། གལ་ཆེ་ཤོས་ནང་གི་ཆེ་ཤོས་དེ་ནི། མགོ་ཁྲིད་ལས་བྱེད་ཆགས་ནའང་རེད། མ་ཆགས་ནའང་རེད། ས་ཆ་གང་དུ་ཡོད་ནའང་འདྲ། ཨ་རིར་ཡོད་ནའང་འདྲ། རྒྱ་གར་དུ་ཡོད་ནའང་འདྲ། རང་རང་སོ་སོའི་ལྟ་བ་ལངས་ཕྱོགས་དེ་བརྟན་པོ་བཟུང་ནས། ཉིན་རེ་རེ་ནས་དོན་དག་ཆུང་ཙག་ཅིག་ནས་བོད་མི་རིགས་དང་བོད་རྒྱལ་ཁབ་འདི་ལ་ཕན་ཐོགས་པའི་ལས་དོན་དངོས་ཤུགས་བརྒྱུད་གསུམ་དང་ཅི་ཐུབ་གང་ཐུབ་ཀྱིས་སྒྲུབ་རྒྱུ་ནི། གཞོན་སྐྱེས་ཚོའི་ཕྲག་ཏུ་བབས་པའི་ལས་འགན་དང་།

ལྷག་དོན་དུ་མ་འོངས་པའི་བོད་ལ་མཚོན་ན། ད་ལྟའི་བར་དུ་༧སྐྱབས་མགོན་རིན་པོ་ཆེ་གཙོས་པའི་མི་རབས་རྒན་པ་རྣམས་ཀྱིས་ལོ་ངོ་དྲུག་ཅུའི་རིང་ལ་དཀའ་ལས་བརྒྱབ་ནས་ཐོན་པ་རེད། དེ་ནས་མ་འོངས་པའི་བོད་ཀྱི་གནས་སྟངས་ག་འདྲ་ཞིག་འབྱུང་མིན་དེ། ད་ལྟའི་གཞོན་སྐྱེས་ཚོའི་ཕྲག་ཐོག་བབས་ཡོད་སྟབས། འགན་ཆེན་པོ་ཞིག་ཁུར་དགོས་པ་དང་བསམ་བློ་དེ་འདྲ་ཞིག་གཏོང་དགོས་པ་དེ་ཧ་ཅ་གལ་ཆེན་རེད། ད་ལྟ་ཡིན་ནའང་། གཞོན་སྐྱེས་ཁ་ཤས་ཀྱིས་འབུར་ཐོན་གྱི་སྒོ་ནས་ལས་འགུལ་སྤེལ་མཁན་འདུག་ལ། དེ་ལྟ་བུ་ད་དུང་ཡང་མང་པོ་འབྱུང་དགོས་པ་དང་། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་གཞོན་སྐྱེས་རྣམས་མཉམ་རུབ་ཀྱི་ཐོག་ནས། བོད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་མ་ཤེས་པ་ཤེས་པར་བྱེད་པ་དང་། ཤེས་པ་ཇེ་གསལ་དུ་གཏོང་བ། དེ་དང་འབྲེལ་བའི་སྐོར་ནས་མ་འོངས་པར་ཅི་ཞིག་བྱེད་དགོས་མིན་གྱི་ཐད་ནས། ཚང་མ་མཉམ་རུབ་ཀྱིས་གོ་རྟོགས་གོང་འཕེལ་དུ་གཏོང་བ་དེ་འདྲའི་ལས་འགུལ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པར་འདོད། དེ་ལྟར་བྱེད་པ་ལ་རང་གིས་གང་ཤེས་པ་དེ་གཞན་ལ་བཤད་པ་དང་། རང་གིས་མ་ཤེས་རྣམས་གཞན་ལས་ལེན་པ། མི་རབས་རྒན་པ་ལས་ཉམས་མྱོང་ལེན་དགོས་པ་ནི། ད་ལྟའི་དུས་ཚོད་འདི་ལ་གཞོན་སྐྱེས་ཚོའི་བསམ་བློ་ལ་འཁོར་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པར་འདོད། དེ་ལྟར་བྱས་ནས་ནུས་པ་ཡོངས་རྫོགས་མཉམ་རུབ་བྱས་ནས། ཉིན་རེ་ཉིན་རེར། ཟླ་རེ་ཟླ་རེར། ལོ་རེ་ལོ་རེར་དེ་ལྟར་བྱས་ན། གཞོན་སྐྱེས་ཚོས་མ་འོངས་བོད་ཀྱི་རྩ་དོན་དེ་མི་རབས་རྒན་པའི་ཁུར་བོ་ཡང་བསྐྱར་ཁུར་ཐུབ་དགོས་པའི་བསམ་བློ་གཏོང་དགོས་པར་འདོད།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།