18
Thu, Apr

ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

བོད་ཀྱི་རིག་གཞུང་མ་ཤེས་མཁན་ཞིག་གིས་བོད་དོན་འཐབ་རྩོད་བྱས་པ་ཡིན་ན་བོད་དོན་འཐབ་རྩོད་པ་མ་རེད་རྒྱབ་སྐྱོར་བ་རེད། འདི་ག་གསར་འགོད་པས་ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་སུ་ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་གི་དམིགས་ཡུལ་དང༌། ལས་འཆར་དེ་བཞིན་འགན་འཛིན་གནང་བའི་དུས་ཡུན་ནང་ཚོགས་པའི་གནས་སྟངས་དང་གྲུབ་འབྲས། ལོ་རེ་བཞིན་ཚོགས་པའི་རྩིས་ཞིབ་སྙན་ཐོའི་ནང་སྟོན་པའི་སློབ་ཕྲུག་གི་གྲངས་འབོར། ལྷ་ཞེས་ཚོགས་མིང་འདོགས་དགོས་པའི་རྒྱུ་མཚན། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་གཤམ་དུ་བཀོད་ཡོད་པས་ཀློག་པོ་རྣམས་ཀྱིས་དགྱེས་གཟིགས་ཡོད་པར་ཞུ།།

༡། ཐོག་མར་ཁྱེད་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

ལན། ངའི་མིང་ལ་ངག་དབང་རབ་རྒྱས་ཟེར་གྱི་ཡོད། སྐྱེ་ས་བོད་ལ་རེད། ཕ་ཡུལ་ཁམས་ཚ་བ་འབར་ཤོད་ནས་ཡིན། བོད་ལ་བསྡད་པའི་རིང་དགོན་པའི་ནང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་མྱོང་ཡོད། ༡༩༩༧ལོར་རྒྱ་གར་ལ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཅིག་ལྷག་རིང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་སོང་། དེ་རྗེས་དཀའ་ངལ་གྱིས་རྐྱེན་པས་སློབ་གྲྭ་ནས་ཕྱིར་འཐེན་བྱས་རྗེས་ལས་ཀ་ཙག་ཙིག་བྱས་ནས་བསྡད།

༢༠༠༣ལོར་བོད་ཀྱི་བང་ཆེན་གསར་ཁང་གསར་འཛུགས་བྱས་པ་དང་མཉམ་དུ་ལས་ཀ་ལོ་ལྔ་བྱེད་རྒྱུའི་གོ་སྐབས་བྱུང་སོང་། དེ་རྗེས་ཚོགས་པ་གཞན་ཁ་ཤས་ནང་ལས་ཀ་བྱེད་རྒྱུ་བྱུང་སོང་། དཔེར་ན། རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པའི་ནང་ལས་ཀ་བྱེད་རྒྱུ་བྱུང་བ་དང་། སྐབས་དེར་དམིགས་བསལ་ཁོར་ཡུག་སྐོར་ལ་ཞིབ་འཇུག་བྱས་པ་ཡིན། ལྷག་པར་དུ་བོད་ནང་སྟག་གཟིག་པགས་པ་བེད་སྤྱོད་གཏོང་བཞིན་ཡོད་པར་བརྟེན། བདག་མེད་སྲོག་ཆགས་རྣམས་ལ་སྲུབ་སྐྱོབ་བྱེད་དགོས་པ་རེད་ཅེས་ལས་འགུལ་སྤེལ་བ་ཡིན།

ཕྱི་ལོ་༢༠༠༧ཟླ་བ་༣པར་བང་ཆེན་གསར་ཁང་ལས་ཁུངས་ནས་དགོངས་ཞུ་བྱས་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་ནང་གློག་ཀླད་ཀྱི་དགེ་རྒན་བྱས། དེ་རྗེས་༢༠༠༨ ཟླ་བདུན་པའི་ཚེས་༡༥ཉིན་ཚོགས་པའི་འགན་འཛིན་གྱི་འགན་འཁུར་བཞེས་ནས་ད་ལྟ་བར་ཚོགས་པའི་འགན་ལེན་གནང་མུས་ཡིན།

༢། བཞུགས་སྒར་དུ་ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་འདི་འགོ་འཛུགས་གནང་ནས་ད་བར་ལོ་ངོ་༡༨འགྲོ་ཡི་ཡོད་པ་རེད། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་གང་རེད་དམ། དམིགས་ཡུལ་དེ་སྒྲུབ་ཕྱོགས་ཀྱི་ཐད་ལས་དོན་གཙོ་བོ་གང་དང་གནང་གནང་གི་ཡོད་དམ།

ལན། ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་འདི་༡༩༩༧ལོར་གསར་འཛུགས་བྱས་པ་ཞིག་རེད། དེ་ཡང་སློབ་གྲོགས་གཅིག་པ་ཁ་ཤས་དང་མཉམ་དུ་ཕྱི་རྒྱལ་བ་ཁག་ཅིག་མཉམ་འབྲེལ་ཐོག་གསར་འཛུགས་བྱས་པ་ཞིག་རེད། ཚོགས་པ་འདིའི་གཞི་རྩའི་དམིགས་ཡུལ་དེ་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཙོ་བོ་གནང་རྒྱུ་སྟེ། བོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད། ས་གནས་རྒྱ་གར་ཡུལ་མི་བཅས། སུ་འདྲ་ཞིག་ཡིན་རུང་རོགས་སྐྱོར་བྱེད་རྒྱུ་དང་། ལས་དོན་གཙོ་བོ་ཤེས་ཡོན་དང་། འཕྲོད་བསྟེན། ཟས་གོས་བཅས་ཀྱི་དཀའ་ངལ་སེལ་གྱི་ཡོད་པ་རེད། ད་དུང་སྐད་ཡིག་ལ་ཆ་མཚོན་ན་བོད་ཡིག དབྱིན་ཡིག རྒྱ་ཡིག འཇཱར་མན། ཧྥ་རན་སི། སི་པན་ཎི་ཤི་བཅས་སྣ་ཁ་དྲུག་སློབ་ཀྱི་ཡོད་པ་རེད།

༢༠༡༡ལོར་འགོ་འཛུགས་བྱས་པའི་འཕྲོད་བསྟེན་ལ་ཕན་པའི་ཟས་བཅུད་ལྡན་པའི་ཞལ་ལག་བཟོ་ཡི་ཡོད་པ་དེས་ད་བར་མི་༣༠༠ལྷག་ལ་ཕན་ཐོགས་བྱུང་ཡོད་པ་རེད། སྐད་ཡིག་འཛིན་གྲྭར་ཆ་མཚོན་ན་ཕལ་ཆེར་མི་༡༠༠༠༠ལྷག དུས་ཚོད་མང་ཉུང་ལ་མ་ལྟོས་པར་འཛིན་གྲྭ་འགྲོ་བའི་གོ་སྐབས་བྱུང་ཡོད། ཐོག་མར་སློབ་ཕྲུག་ཚོ་འདི་ལ་སླེབས་སྐབས་དབྱིན་ཡིག་གི་གསལ་བྱེད་མི་ཤེས་ན་ཡང་ཟླ་བ་ལྔ་དྲུག་རྗེས་སྐད་ཡིག་ཕན་ཚུན་གོ་བརྡ་འཕྲོད་ཀྱི་ཡོད་པ་དང་། ལམ་ཁ་ཟུར་ལ་བཙུགས་པའི་སྦྱར་ཡིག་དང་། ཟ་ཁང་ནང་གི་ཚལ་ཐོ་བཅས་ཀློག་ཐུབ་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། གློག་ཀླད་སྡེ་ཚན་ལ་ཆ་བཞག་ན་ཐོག་མར་གློག་ཀླད་སྦྱོང་བར་ཡོང་མཁན་ཚོས་གློག་ཀླད་ཐོག་གང་ཡང་ཤེས་ཀྱི་མེད་ན་ཡང་། ཟླ་བ་གཅིག་རིང་ལ་འདི་ལ་སྦྱོང་བརྡར་བྱས་ཚར་རྗེས། དྲ་རྒྱ་དང་། ངོ་དེབ། གློག་འཕྲིན་བཅས་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་རེད།

༣། ཚོགས་པའི་ངོས་ནས་ཁ་ཡོད་ལག་ཡོད་ཀྱིས་ན་གཞོན་སློབ་སྦྱོང་གི་གོ་སྐབས་མ་རག་པ་ཚོ་ལ་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པར་བརྟེན། འདི་ག་ཚོགས་པའི་ཕྱག་ལས་གནང་སྟངས་ཐད། སྔར་དང་མི་འདྲ་བར་ཡར་རྒྱས་དང་འགྱུར་བ་གང་དང་གང་ཕྱིན་ཡོད་དམ།

ལན། སྤྱི་ཚོགས་ཀྱི་སྐབས་དོན་དང་བསྟུན་ནས་ལས་གཞི་གསར་པ་འགོ་འཛུགས་བྱེད་ཀྱི་ཡོད། དཔེར་ན་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས་ཐབ་ཚང་འདི་གསར་འཛུགས་བྱས་པ་རེད། ལོ་རེར་ཕྱི་རྒྱལ་ནས་དང་བླངས་ཡོང་མཁན་༦༠༠ནས་༧༠༠བར་ལ་གོ་སྐབས་སྤྲོད་ཀྱི་ཡོད་པ་རེད། སློབ་ཕྲུག་ཕན་ཚུན་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་གཞི་རྒྱ་ཆེན་པོ་སྤེལ་གྱི་ཡོད་པ་བཅས་དེ་དག་ཚང་མ་བོད་དོན་རྒྱ་ཁྱབ་གཏོང་བ་དང་། ཕྱི་རྒྱལ་བ་ཚོས་བོད་པའི་གནས་སྟངས་དང་རིག་གཞུང་ལ་རྒྱུས་མངའ་ལོང་བ་དང་བཅས་དབྱིན་སྐད་སྦྱོང་རྒྱུར་ཡང་ཕན་ཐོགས་ཡོང་གི་འདུག

༤། ཚོགས་པ་འདི་ནས་ཐོན་པའི་སློབ་ཕྲུག་སྤྱི་ཚོགས་ནང་ཞབས་ཞུ་གནང་བཞིན་པ་དེ་འདྲ་ཡོད་དམ།

ལན། གང་ཙམ་ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་པ་འདི་ནས་སྐད་ཡིག་སློབ་སྦྱོང་གནང་རྗེས་ཕྱི་རྒྱལ་ཁག་ནང་བཀོལ་སྤྱོད་གང་ཙམ་གནང་ཐུབ་ཀྱི་འདུག་ཅེས་གླིང་སློང་ཡོང་གི་འདུག གཞན་ཡང་ཚོགས་པ་འདི་ནས་འཕུར་མཉེད་Massageགཏོང་སྟངས་སྐོར་ལ་སློབ་སྦྱོང་གནང་རྗེས། ཕྱི་རྒྱལ་ཁག་དང་། གྷོ་པ། དྷ་ས་བཅས་ལ་དེའི་ཐོག་ལས་ཀ་བྱེད་མཁན་གང་ཙམ་ཡོད་པ་རེད། གཞན་ཡང་གློག་ཀླད་ཀྱི་ཐོག་ལས་ཀ་བྱེད་མཁན་མང་པོ་ཡོད་པ་རེད། ད་དུང་བོད་ལ་ཕྱིར་ལོག་བྱེད་མཁན་རྣམས་ལ་ཆ་བཞག་ན་ཡུལ་སྐོར་སྣེ་ཤན་པ་བྱེད་མཁན་མང་པོ་ཡོད་འདུག་པ་བཅས་ང་ཚོའི་ངོས་ནས་ཕན་ཐོགས་བྱུང་གི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད།

༥། ཚོགས་པའི་ངོས་ནས་ཁོར་ཡུག་གི་སྐོར་ལ་གནད་འགག་ཆེན་པོ་རྩི་ཡི་ཡོད་པ་ལྟར། ད་བར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་གང་དང་གང་སྤེལ་ཡོད་དམ། ལས་འགུལ་འདི་སྤེལ་རྗེས་འགྱུར་བ་གང་བཏང་ཡོད་དམ།

ལན། འཕྲོད་བསྟེན་དང་། ཁོར་ཡུག བོད་པའི་སྐད་དང་རིག་གཞུང་བཅས་དར་སྤེལ་གཏོང་རྒྱུའི་ལས་གཞི་མང་པོ་ཞིག་ཡོད་པ་རེད། དཔེར་ན་ཁོར་ཡུག་ལ་ཆ་བཞག་ན། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆ་འཕྲིན་དྲ་རྒྱ་དེ་༢༠༡༠ལོ་གསར་བཟོ་བྱས་པ་ཞིག་རེད། ཁོར་ཡུག་སྐོར་ལ་གཞི་བཞག་ས་གཙོ་བོ་དེ་གོང་དུ་ཞུས་པ་ལྟར་རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པའི་ནང་ལས་ཀ་བྱེད་སྐབས། ཁོར་ཡུག་དང་འབྲེལ་བ་མང་པོ་ཡོད་པར་བརྟེན་དེའི་ཐོག་ཞིབ་འཇུག་བྱས་པའི་ཡིག་ཆ་མང་པོ་ཞིག་ཡོད་པ་ལས་གྲུབ་པའི་དཔེ་དེབ་ཅིག་བརྩམས་ཡོད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ངོ་སྤྲོད་དང་། སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་ལ་རེད། དེ་ཡང་སྟོང་ལ་ཉེ་བ་གང་འདྲ་བྱུང་གི་ཡོད་མེད། སེམས་ཅན་དེ་ཚོའི་འཚོ་གནས་དང་སྐྱེས་འཕེལ་ས་ཆ་གང་དུ་གནས་ཀྱི་ཡོད་མེད། དེ་དག་གལ་ཆེ་ཆུང་ག་ཚོད་ཡིན་མིན་བཅས་ཀྱི་སྐོར་བྲིས་པའི་དཔེ་དེབ་ཅིག་རེད།

མ་འོངས་པར་བོད་པའི་ཁོར་ཡུག་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན་ང་ཚོའི་དྲ་རྒྱའི་ཐོག་ནས་ལྟ་ཀློག་ཐུབ་ཀྱི་ཡོད། ཞོར་དུ་ང་ཚོས་དྷ་སའི་གཡས་གཡོན་དུ་ཟླ་བ་རེ་ལ་ཁོར་ཡུག་གཙང་བཟོའི་ཐད། གད་སྙིགས་བདག་གཅེས་གང་འདྲ་བྱེད་དགོས་མེད། ཁོར་ཡུག་གོ་རྟོགས་ལས་འགུལ་རྟག་པར་སྤེལ་གྱི་ཡོད་པ་དེས་གང་འཚམས་ཕན་ཐོགས་བྱུང་གི་ཡོད་པ་རེད་དྲན་གྱི་འདུག ལྷག་པར་དུ་དྷ་རམ་སའི་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་འོག་ཡོད་པའི་ཁོར་ཡུག་འགན་འཛིན་ལས་ཁུངས་དང་མཉམ་དུ་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ང་ཚོར་མི་ཆ་མང་པོ་ཡོད་པ་རེད་ལ་ད་བར་་ཁོར་ཡུག་གཙང་བཟོ་བྱས་ནས་ལོ་ལྔ་ལྷག་འགྲོ་ཡི་འདུག

དེ་བཞིན་འཕྲོད་བསྟེན་སྐོར་ལ་ཆ་མཚོན་ན། གཉན་ནད་རེག་དུག་སྐོར་ལ་སློབ་གྲྭ་དང་། དྲིལ་བསྒྲགས་ཀྱི་ཡིག་ཆ་བཅས་གོ་རྟོགས་ཀྱི་ལས་འགུལ་མང་པོ་སྤེལ་ཡོད། ཕྱི་ཟླ་༡༢ཚེས་༡ཉིན་གཉན་ནད་རེག་དུག་ཀྱི་ཉིན་མོར། རིན་མེད་ཁྲག་བརྟག་དཔྱད་བྱེད་པ་དང་། བདེ་ལེགས་སྨན་ཁང་དང་མཉམ་དུ་ལས་འགུལ་སྤེལ་གནང་གི་ཡོད།

གཞན་ད་དུང་ང་ཚོར་ལས་འཆར་ཞིག་ཡོད་པ་ནི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་དར་སྤེལ་བྱེད་ཞོར་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡི་དྲ་རྒྱ་ཞིག་བཟོས་ཡོད། དེ་ཡང་རིན་པོ་ཆེ་དགུང་གྲངས་༧༥ཕེབས་པའི་འཁྲུངས་སྐར་གྱི་སྐབས་དང་བསྟུན་ནས་དབུ་འབྱེད་བྱས་པ་ཞིག་རེད། དེའི་ནང་མཁས་དབང་མཆོག་གིས་ད་ལྟ་བར་བཀའ་སློབ་གནང་བ་རྒྱ་ཆ་བདུན་ཅུ་ལྷག་དེའི་ནང་བཅུགས་ཐུབ་ཡོད། དེ་ཡང་རིན་པོ་ཆེ་ཡིས་དབྱིན་ཡིག་དང་བོད་ཡིག་གཉིས་ཀའི་ནང་གསུངས་གནང་བ་བརྙན་འཕྲིན་དང་། སྒྲ་ཉན་རྒྱུ། ལྟ་ཀློག་བྱེད་རྒྱུ་ཡོད་པ་བཅས་རེད། དེ་ལ་བོད་ནང་ནས་ལྟ་ཀློག་བྱེད་མཁན་མང་པོ་ཞིག་ཡོང་གི་འདུག ད་ལྟ་ཡང་མུ་མཐུད་ནས་དེའི་ཐོག་ཕྱག་ལས་གནང་བཞིན་ཡོད་ཞུ་རྒྱུ་ཡིན།

༦ ཚོགས་པ་འདིའི་མིང་ལ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཞེས་བརྗོད་ཀྱི་ཡོད་པར་བརྟེན་ལྷ་ཞེས་མིང་དེས་གང་མཚོན་གྱི་ཡོད་དམ་མིང་དེ་འདོགས་དགོས་པའི་རྒྱུ་མཚན་གང་རེད་དམ།

ལན། དང་པོ་ཚོགས་པ་འདི་ཨ་རི་ལ་གསར་འཛུགས་གནང་བ་ཞིག་རེད། Lha Louisiana Himalaya Association མིང་བསྡུས་ན་ལྷ་ཞེས་ཆགས་ཀྱི་འདུག ད་ལྟ་ཡིན་ཡང་རྒྱ་གར་གཞུང་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་ན་ཡང་ཚོགས་པའི་འཛིན་སྐྱོང་དང་། འགན་འཛིན་ལྷན་ཚོགས། ལས་བྱེད་ཚང་མ་ལོགས་སུ་རེད། འོན་ཀྱང་ཁོང་ཚོ་ཨ་རི་ལ་ཡོད་པར་བརྟེན་དཔལ་འབྱོར་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན་ཡང་ཚོགས་པའི་འཛིན་སྐྱོང་ཁ་ཁ་རེད། དེ་ཡང་ས་གནས་དང་བསྟུན་ནས་ཁྲིམས་དང་སྒྲིག་གཞི་ཁ་ཁ་བཟོ་དགོས་ཀྱི་ཡོད་པ་རེད། ང་ཚོར་ཆ་མཚོན་ན་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་རྗེས་ཡིག་ཆ་ཆ་ཚང་བྱུང་ཐུབ་ཡོད་པ་རེད། དེབ་སྐྱེལ་བྱེད་པའི་སྐབས་དེར་བོད་པའི་ལྷ་ཞེས་པའི་གོ་དོན་དེ་ག་རང་བེད་སྤྱོད་བཏང་ཡོད་པ་རེད། རྒྱ་གར་གཞུང་གི་ཁྲིམས་མཐུན་ལྟར་Charity Tibet Trust བོད་སྐད་ནང་ཡིད་ཆེས་དགེ་རྩ་ཟེར་ནས་མིང་དམིགས་བསལ་གང་མེད་ན་ཡང་ལྷ་སྤྱི་ཚོགས་ཞབས་ཞུ་ཤེས་ཡོན་ལྟེ་གནས་ཁང་ཞེས་བརྗོད་ཀྱི་ཡོད་པ་རེད།

༧། ཁྱེད་ཉིད་ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་གི་འགན་འཛིན་གནང་ནས་དུས་ཡུན་གང་འཚམས་ཕྱིན་པའི་ནང་ཚོགས་པའི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ།

ལན། ད་ལྟའི་ཆར་ཚོགས་པ་འདི་སྤྱི་ཚོགས་ཞབས་ཞུ་ཆེ་ཤོས་ཤིག་ཡིན་པ་རེད། ཁ་ཡོད་ལག་ཡོད་ཀྱིས་མི་མང་པོ་ཞིག་ལ་འབྲེལ་བ་ཡོད་པ་དང་། ཕན་ཐོགས་བྱུང་ཐུབ་ཀྱི་ཡོད། གང་ཡིན་ཟེར་ན། ཕྱི་རྒྱལ་དང་། བོད་པ། ས་གནས་ཡུལ་མི། ཧི་མ་ལ་ཡའི་རི་རྒྱུད་བཅས་ཉིན་ལྟར་མི་བརྒྱ་ནས་ཉིས་བརྒྱ་བར་འབྲེལ་བ་བྱེད་ཐུབ་ཀྱི་ཡོད།

ལས་བྱེད་ལ་ཆ་མཚོན་ན། གཏན་འཇགས་ལས་བྱེད་༡༣དང་། ཞོར་ལས་བྱེད་མཁན་བོད་པ་གསུམ་ནས་བཞི་བར་བཅས་ཁྱོན་བསྡོམས་ལས་བྱེད་༡༧ཡོད། དེའི་ཐོག་དང་བླངས་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་བཅས་མི་བཞི་བཅུ་མ་ཟིན་ཙམ་གྱིས་ལས་ཀ་བྱེད་སའི་ཚོགས་པ་ཞིག་ཡིན། ཚོགས་པའི་དཔལ་འབྱོར་གྱི་གནས་སྟངས་དང་། ལས་དོན་བྱེད་ཕྱོགས། སྤྱི་ཚོགས་ལ་ཕན་ཐོགས་ཀྱི་ཆ་ནས་མཚོན་ན་བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར་རྒྱལ་སྤྱིའི་རང་བཞིན་གྱིས་ངོས་ལེན་ཡོད་པ། འཛམ་གླིང་ཕྱི་རྒྱལ་ཁག་གི་མཐོ་སློབ་མང་པོ་ཞིག་དང་ལྷན་དུ་མཉམ་ལས་བྱེད་ཀྱི་ཡོད་པར་བརྟེན་ཁོང་ཚོའི་ངོས་ནས་ཚོགས་པ་འདིར་ངོས་འཛིན་ཡོད་པ་རེད།

གཞན་ཡང་ད་དུང་དྲ་རྒྱའི་ཁ་བྱང་བཟོ་མཁན་ཨ་རའི་ཚོགས་པ་གྲགས་ཅན་དང་མཉམ་འབྲེལ་གནང་ནས་ལྷོ་ཨི་ཤི་ཡའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེབ་སྐྱེལ་ཡོད་པ་ཚང་མའི་ནང་ནས་གཟེངས་རྟགས་ཨང་དང་པོ་ཐོབ་ཡོད། གཟེངས་རྟགས་སྤྲོད་མཁན་དེ་རྒྱ་གར་གྱི་ནང་བརྡ་འཕྲིན་གྱི་སྐོར་ལ་ལས་ཀ་བྱེད་མཁན་ཆེ་བ་ཞིག་རེད།

གཞན་ན་ནིང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བེད་སྤྱོད་ཡག་པོ་གཏོང་གི་འདུག་ཟེར་ནས་གཟེངས་རྟགས་ཨང་གཉིས་པ་ཞིག་ཐོབ་ཡོད་པ་རེད། ཞོར་དུ་ང་ཚོས་འཐུང་ཆུ་གཙང་མ་བཙུགས་ཐུབ་པ་བྱུང་ཡོད་པ་དཔེར་ན་སློབ་གྲྭ། དགོན་པ། སྨན་ཁང་། གཞུང་གི་སྤྱི་ཐབ་བཅས་ཁྱོན་འཐུང་ཆུ་གཙང་མ་ཉི་ཤུ་རྩ་གྲངས་ཤིག་བཙུགས་ཐུབ་པ་བྱུང་ཡོད། ཕལ་ཆེར་ད་ལྟ་བར་མི་སྟོང་ཕྲག་ཉི་ཤུ་ལྷག་ལ་འཐུང་ཆུ་གཙང་མ་སྤྲོད་ཐུབ་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཞོར་དུ་གྱོན་གོས་མང་པོ་ཕྱི་རྒྱལ་ནས་ཞལ་འདེབས་སྤྲོད་ཀྱི་ཡོད་པ་དེ་དག་བོད་པ་དང་རྒྱ་གར་སྤྱི་ཚོགས་གཉིས་ཀའི་ནང་བགོད་བཤའ་རྒྱབ་ཀྱི་ཡོད། ད་དུང་ནང་གསེས་ལྷན་ཁང་ལ་བཀའ་གྲོལ་ཞུས་ནས་རྒས་གསོ་ཁང་ནང་རྒན་འཁོགས་མང་པོ་ཞིག་ལ་སྨན་བཅོས་བྱེད་པ་དང་། མལ་གོས་སྤྲོད་རྒྱུའི་འཆར་གཞི་ཡོད་པ་བཅས་ལས་གཞི་རྩ་ག་རྩི་གེ་མང་པོ་སྒྲུབ་བཞིན་ཡོད་ཞུ་རྒྱུ་ཡིན།

༨། ཚོགས་པའི་ངོས་ནས་ལོ་རེ་བཞིན་རྩིས་ཞིབ་སྙན་ཐོ་སྟོན་གྱི་ཡོད་པ་གཞིར་བཟུང་། འདས་པའི་ལོའི་ནང་། སློབ་ཕྲུག་ག་ཚོད་ཙམ་འཛུལ་བཞུགས་བྱས་ཡོད་པ་དང་། སློབ་ཕྲུག་གྲངས་ག་ཚོད་ཙམ་ལ་ཤེས་ཡོན་དང་། སྒྱུ་རྩལ། ལག་ཤེས་སྦྱོང་བརྡར་སྤྲད་ཟིན་པའི་སྐོར་གྱི་གྲངས་འབོར་རོབ་བསྡུས་ཤིག་གསུང་རོགས་གནང་།

ལན། སྐད་ཡིག་གཅིག་པུར་སློབ་མ་གྲངས་༡༠༨༧༢དང་། གློག་ཀླད་སློབ་མ་གྲངས་༢༨༦༨རྒྱལ་ཁབ་བཞི་བཅུ་ལྷག་གི་དང་བླངས་༧༠༠༠ཙམ། རིག་གཞུང་བརྗེ་རེས་སློབ་ཕྲུག་གྲངས་༡༤༣༩འཛུལ་ཞུགས་ཐུབ་པ་བྱུང་ཡོད། དེབ་སྤྲད་གནང་བ་༣༣༣༤༠ དང་། གྱོན་གོས་སྤྲད་གནང་བ་༣༦༢༠༠ འཐུང་ཆུ་གཙང་མ་བཙུགས་གནང་བ་༢༤མིག་དང་སོ་བརྟག་དཔྱད་གནང་བར་མི་༡༠༠༠ཡས་མས། རྒྱ་གར་ས་གནས་གཞུང་ལ་RCསྐྱབས་བཅོལ་ལག་དེབ་བསྐྱར་བཟོ་བྱེད་ཆེད་རྒྱབ་གཉེར་ཡིག་ཆ་སྤྲད་པ་མི་༧༠༠ལྷག་བྱུང་ཡོད།

༩།ཁྱེད་ཉིད་ལྷ་སྤྱི་ཚོགས་ཞབས་ཚོགས་པའི་འགན་འཛིན་གནང་བའི་དུས་ཡུན་ནང་དམིགས་བསལ་གྱིས་གྲུབ་འབྲས་གང་དང་གང་བྱུང་ཡོད་དམ།

ལན། ང་རང་འགན་འཛིན་མ་བྱས་སྔོན་ཚོགས་པའི་གནས་སྟངས་ལ་ཆ་བཞག་ན་སྐད་ཡིག་དང་། གློག་ཀླད་མ་གཏོགས་དམིགས་བསལ་གང་ཡང་མི་འདུག ལོ་གཅིག་ནང་ཚོགས་པའི་སྔོན་རྩིས་འགྲོ་སོང་འབུམ་བདུན་ནས་བརྒྱད་བར་རེད། དེ་སང་འབུམ་༩༩ཆགས་ཀྱི་ཡོད་པ་རེད། དེ་ཡང་སྒྲིག་འཛུགས་དང་འཆར་གཞི་ལྡན་པའི་ཐོག་ཚང་མས་མཉམ་རུབ་བྱས་པ་ལས་བྱུང་བ་རེད། གཞན་ཡང་དྲ་རྒྱ་གསར་བཟོ། ཟླ་བ་རྟག་པར་དུས་དེབ་རིན་མེད་འགྲེམས་སྤེལ། དེའི་ནང་གསར་འགྱུར་གལ་ཆེ་བ་བཅུ་ནས་བཅོ་ལྔ་བར་འདོན་སྤེལ་བྱེད་ཀྱི་ཡོད། དུས་དེབ་དེ་འགྲེམས་སྤེལ་གནང་ནས་ལོ་༡༧ལྷག་འགྲོ་ཡི་ཡོད་པ་རེད། ཐབ་ཚང་། དྲ་རྒྱ་གསར་བཟོ། དེ་བཞིན་ཕྱི་ཕྱོགས་ཁག་ལ་འབྲེལ་བ་སྔར་ལས་ལྷག་པ་བྱུང་བཞིན་ཡོད།

༡༠། མ་འོངས་པར་ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་གི་ངོས་ནས་ལས་འཆར་གང་དང་གང་ཡོད་དམ།

ལན། ད་ལྟ་དམིགས་བསལ་གྱི་ལས་འཆར་གསར་པ་གང་ཡང་མེད། ཡོད་བསྡད་པ་ཚང་མ་མུ་མཐུད་ལག་བསྟར་ངང་གནས་ཐུབ་པ་དང་། སྐབས་འཕྲལ་དགོས་མཁོ་དང་བསྟུན་ནས་ལས་འཆར་གསར་པ་འགོ་འཛུགས་བྱེད་དགོས་བྱུང་ན་གྲ་སྒྲིག་ཨང་གསར་ཡོད།

༡༢། གོང་གི་དྲི་བ་དང་མ་འབྲེལ་བར་ཁྱེད་ཉིད་ལ་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ།

ལན། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་བརྗོད་ཀྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་གྱིས་བོད་མི་བརྒྱ་ཆ་༩༩ཡིག་རྨོངས་སེལ་ཡོད་ཟེར་གྱི་ཡོད་པ་རེད། ཡིན་ན་ཡང་ཤེས་ཡོན་གྱི་ཆ་ནས་མ་འདང་བ་མང་པོ་མཐོང་གི་འདུག ང་རང་གི་ཉམས་མྱོང་གི་ཆ་ནས་བཤད་ན་བོད་པའི་སྐད་ཡིག་དང་སྲོལ་རྒྱུན་གྱི་རིག་གཞུང་དེ་ལ་དེང་དུས་སློབ་ཐོན་བྱུང་མཁན་ཚོས་རིན་ཐང་ཧ་གོ་ཡི་མེད་པ་ཆགས་འདུག དེང་དུས་མཐོ་སློབ་ཐོན་པ་ཚོར་ཆ་བཞག་ན་ཡང་དབྱིན་ཡིག་ཐོག་རང་སྐྱ་ཐུབ་པ་བྱུང་ཐུབ་མཁན་ཞིག་མཐོང་དཀོན་པོ་རེད་འདུག

དེར་བརྟེན་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་སློབ་མ་ཚོས་རང་སྐྱ་ཐུབ་པའི་ཐོག་ནས་སློབ་སྦྱོང་གནང་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན། དེ་ག་ནང་བཞིན་ཕ་མེས་ནས་བརྒྱུད་ཡོང་བའི་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུད་འཛིན་བྱེད་རྒྱུ་དང་། དེ་ལ་རིན་ཐང་སྤྲོད་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།

དཔེར་ན། བོད་པའི་སྐད་ཡིག་མ་ཤེས་མཁན་ཞིག་གིས་བོད་དོན་འཐབ་རྩོད་བྱས་པ་ཡིན་ན་བོད་དོན་རྒྱབ་སྐྱོར་བ་ཆགས་པ་རེད་མ་གཏོགས་འཐབ་རྩོད་པ་ཆགས་ཡོད་མ་རེད། གཟུགས་པོ་དང་ཤ་ཁྲག་དེ་བོད་མི་ཡིན་ཡང་སྐད་དང་རིག་གཞུང་མ་ཤེས་ན་བོད་དོན་འཐབ་རྩོད་ག་རེ་བྱས་ནས་བྱེད་ཀྱི་ཡོད་པ་རེད་དམ། དེ་ངེས་པར་དུ་ཤེས་དགོས་པ་རེད།

རང་མི་རིགས་དང་རྒྱལ་ཁབ་དོན་དུ་འཐབ་རྩོད་བྱེད་དགོས་ན་སོ་སོའི་སྐད་ཡིག་དང་རིག་གཞུང་དེ་ཡང་དག་པ་སྦྱང་ནས་བོད་དོན་འཐབ་རྩོད་བྱས་པ་ཡིན་ན་དོན་དང་ལྡན་པ་ཞིག་དང་། མི་རིགས་དེ་ཡིན་ཡང་རྒྱུན་གནས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེ་ངེས་པར་དུ་ཤེས་པ་གནང་རོགས་ཞུ་རྒྱུ་ཡིན། གཞན་ང་ལ་དམིགས་བསལ་གང་ཞུ་རྒྱུ་མེད། དེ་ཙམ་ཡིན།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།