18
Thu, Apr

བོད་དོན་གོ་རྟོགས་དང་སློབ་སྦྱོང་ཚོགས་པའི་འགན་འཛིན་ནོར་བུ་ལགས།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

བོད་ནས་ཡོང་མཁན་ཉུང་དུ་འགྲོ་བཞིན་པ་དང་། བཙན་བྱོལ་ནང་ཡོད་བཞིན་པ་ཡང་རིམ་བཞིན་ཁ་ཐོར་རུ་འགྲོ་བཞིན་ཡོད་སྟབས་གྲྭ་བཙུན་གཅིག་པུར་དབྱིན་ཡིག་སློབ་བ་ལྟ་བུ་ཆགས་སོང་། འདི་ག་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་༼བོད་དོན་གོ་རྟོགས་དང་སློབ་སྦྱོང་༽Learning and ideas for Tibet ཚོགས་པའི་འགན་འཛིན་ནོར་བུ་ལགས་སུ་ཚོགས་པའི་དམིགས་ཡུལ་དང་འཆར་གཞི། དེ་བཞིན་ལས་དོན་བྱེད་ཕྱོགས་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་གསལ།

༡ ཐོག་མར་ཁྱེད་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

ལན། ངའི་མིང་ལ་ནོར་བུ་ཟེར་ཞིང་། སྐྱེས་ས་འཕན་པོ་དང་། འཚོ་གནས་ཞིང་པ་ཡིན། ཆུང་དུས་བ་ཕྱུགས་འཚོས་ནས་འཚར་ལོང་བྱུང་བ་དང་། ༡༩༩༩ལོར་ང་ཚོ་མི་ལྔ་གློ་བུར་དུ་རྒྱ་གར་ལ་ཡོང་བ་ཡིན། སྐབས་དེར་ང་རང་ལོ་༡༥ཡིན་པ་དང་། རྒྱ་གར་ལ་འབྱོར་རྗེས། སུ་ཇཱ་བོད་ཁྱིམ་སློབ་གྲྭ་འཛིན་རིམ་བཅུ་པ་བར་སློབ་གཉེར་བྱས་པ་ཡིན། དེ་རྗེས་བྷལ་ཀོབ་ནས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཚོང་རིག་སྡེ་མཚན་ནས་སློབ་མཐར་ཕྱིན། མཐོ་རིམ་སློབ་གྲྭ་དེ་མེང་ལོར་mangloreལོར་དུ་BHM(bachlore degree of hotel management)སློབ་གྲྭའི་ནང་ལོ་བཞི་སློབ་སྦྱོང་བྱས་རྗེས་༢༠༡༢ལོར་སློབ་མཐར་ཕྱིན།

སློབ་གྲྭ་འགྲིམས་སྐབས་དགེན་ལགས་ཀྱིས་སྤྱི་ཚོགས་ནང་ཐོག་མར་གོམ་པ་སྤོ་སྐབས་བོད་མི་རིགས་ལ་ཞབས་ཕྱི་ཏོག་ཙམ་ཞུ་དགོས་རེད་ཅེས་གསུངས་མྱོང་ཡོད་པ་ལྟར། ང་རང་གིས་ཚོགས་པ་འདི་ཡག་པོ་ཞིག་མཐོང་བར་བརྟེན་ལོ་ཕྱེད་ལྷག་ལས་གླ་མེད་པར་དང་བླངས་ཀྱི་ཐོག་ཞབས་ཕྱི་ཞུས་པ་དང་། དེ་རྗེས་དངོས་སུ་ལས་བྱེད་བྱས་པ་ཡིན། དེ་ཡང་ཐོག་མར་བརྩིས་པ་ཟླ་བ་དྲུག་དང་། དེ་རྗེས་ལོ་གཉིས་རིང་དྲུང་ཡིག་དང་བརྩིས་པ་གཅིག་ལྕོགས་བྱས་པ་ཡིན། ན་ནིང་ལོར་ང་ཚོའི་ཚོགས་གཙོ་ཨོ་ལིང་ལ་འགྲོ་བ་ནས་བཟུང་ང་རང་གིས་ཚོགས་གཙོ་བྱས་ཏེ་འཛིན་སྐྱོང་བྱེད་བཞིན་ཡོད།

༢། ཚོགས་པའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

ལན། ཚོགས་པའི་མིང་ལ་༼བོད་དོན་སླད་གོ་རྟོགས་དང་སློབ་སྦྱོང་༽ཟེར་གྱི་ཡོད། དབྱིན་སྐད་ནང་། Learning and ideas for Tibet ཚིག་བསྡུས་བྱས་ན་LITཟེར་གྱི་ཡོད་པ་རེད། ཐོག་མར་ང་རང་ཚོགས་པ་དེར་ཡོང་བ་ནས་བཟུང་ཚོགས་མི་བདུན་ཡོད་པ་དང་། དངོས་སུ་ལས་ཀ་བྱེད་མི་བཞི་ཡོད། དེ་ཡང་ང་རང་གིས་ཚོགས་གཙོ་དང་རྩིས་པའི་འགན་འཁུར་བ་དང་ཆབས་གཅིག་རྩིས་ཀྱི་ཐོག་ལ་འགན་འཁུར་བྱེད་མཁན་དགེ་བཤེས་ལགས་ཤིག་ཡོད། ཡངཚོགས་པའི་སྐོར་ལ་ཁྱབ་བསྒྲགས་བྱེད་རྒྱུ་དང་། འབྲེལ་བ་བྱེད་རྒྱུའི་འགན་འཁུར་མཁན་ཞིག་དང་། གཞན་ཁ་ལག་བཟོ་མཁན་དང་། ལས་ཁུངས་གཙང་ཕྱག་བྱེད་མཁན་གྱི་མི་གཅིག་བཅས་ང་ཚོ་མི་བཞིས་ལས་འགན་མཉམ་འཁུར་བྱས། ཚོགས་པའི་སྐོར་ལ་ལམ་སྟོན་བྱེད་མཁན་གྱི་ཚོགས་མི་གཉིས་དང་། ཕྱི་ཕྱོགས་ཁག་ནས་དཔལ་འབྱོར་གསོག་སྒྲུབ་བྱེད་མཁན་གྱི་ཚོགས་མི་ཁག་གཅིག་བཅས་ཁྱོན་ཚོགས་མི་བདུན་ཡོད་པ་རེད།

༣། ཚོགས་པའི་དམིགས་ཡུལ་གཙོ་བོ་དང་། དམིགས་ཡུལ་གཙོ་བོ་དེ་སྒྲུབ་ཕྱོགས་ཀྱི་ཐད་ལས་དོན་གཙོ་བོ་གང་དང་གང་གནང་གི་ཡོད་དམ།

ལན། གཙོ་བོ་ཚོགས་པ་འདི་བཙུགས་མཁན་ཚེ་རིང་བཟང་པོའི་སྐབས་མ་བྱན་འཛིན་གྲྭ་ཞིག་གསར་འཛུགས་བྱས་ཡོད་པ་དང་། དེ་དུས་ཁོང་རང་ཉིད་ཀྱང་ཞོར་དུ་དབྱིན་ཇའི་འཛིན་གྲྭར་འགྲོ་ཡི་ཡོད་འདུག སྐབས་དེར་སློབ་ཡོན་རིན་གོང་མཐོན་པོ་མེད་ཀྱང་ཉུང་ཉུང་ཞིག་བསྡུ་ཡི་ཡོད་འདུག སློབ་ཕྲུག་ཚོས་སང་ཉིན་སློབ་ཡོན་བསྡུ་ཡི་ཡིན་ཟེར་དུས་སང་ཉིན་ནས་བཟུང་བདུན་ཕྲག་གཅིག་རིང་སློབ་ཕྲུག་འཛིན་གྲྭར་ཡོང་མཁན་ཉུང་དུ་འགྲོ་བར་ཤེས་ཏེ། དེ་ལ་དཀའ་ངལ་ཞིག་ཏན་ཏན་ཡོད་འདུག་ཟེར་ནས་རིན་མེད་འཛིན་གྲྭ་ཚུགས་རྒྱུའི་སྐད་ཆ་བྱུང་འདུག

དེར་བརྟེན་ཁོང་དང་ཁོང་གི་གྲོགས་མོ་ལོ་རན་laurenདང་མཉམ་དུ་རིན་མེད་དབྱིན་ཇའི་འཛིན་གྲྭ་LITཞེས་པ་དེ་གསར་འཛུགས་གནང་བ་རེད། གཉིས་པ། ད་ལྟའི་འཆར་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་པོ་རེད་ཟེར་ནས་ཕྱི་རྒྱལ་བ་ཚོར་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་གོ་རྟོགས་སྤེལ་རྒྱུ་འགོ་འཛུགས་བྱས་པ་རེད། དེ་ཡང་བདུན་ཕྲག་གཅིག་ལ་ཐེངས་གསུམ་གོ་རྟོགས་སྤེལ་གྱི་ཡོད་པ་རེད། གཟའ་ཟླ་བར་བོད་པའི་སྐོར་ལ་བརྙན་ཐུང་ཞིག་སྟོན། གཟའ་མིག་དམར་ཉིན་ཆབ་སྲིད་བཙོན་ཟུར་སྐད་བཏང་སྟེ་བཙོན་ཁང་ནང་གི་དཀའ་སྡུག་མྱོང་སྟངས་ཀྱི་སྐོར་དང་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད། གཟའ་ཕུར་བུའི་ཉིན་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ལ་བརྙན་ཐུང་ཞིག་སྟོན་གྱི་ཡོད་པ་བཅས་ཚོགས་པའི་དམིགས་ཡུལ་གཙོ་བོ་དེ་དག་རེད།

༤། ཚོགས་པ་འདི་ནས་ལོ་རེ་ལ་སློབ་ཕྲུག་ག་ཚོད་སློབ་ཐོན་བྱུང་གི་ཡོད་མེད་དང་། དང་བླངས་དགེ་རྒན་ག་ཚོད་ཙམ་ཡོང་གི་ཡོད་དམ།

ལན། ཚོགས་པ་འདིའི་དགེ་རྒན་ཚང་མ་དང་བླངས་རེད། གཞན་ཡང་ང་ཚོར་ལོ་རེར་ཟླ་བ་དགུ་རིང་ཇར་མན་ནས་དགེ་རྒན་གཅིག་བཏང་ཡོང་གི་རེད། ང་རང་ལ་ཆ་མཚོན་ན་ཚོགས་མི་དང་དབྱིན་ཡིག་དགེ་རྒན་གཅིག་ལྕོགས་བྱེད་ཀྱི་ཡོད། ཁྱོན་ལོ་རེར་དགེ་རྒན་༣༠ལྷག་དབྱིན་སྐད་སློབ་ཁྲིད་བྱེད་དུ་ཡོང་གི་ཡོད་པ་རེད། གཞན་ཡང་ཁ་སྐད་སྦྱོང་བརྡར་བྱེད་དུ་ཡོང་མཁན་གྱི་དགེ་རྒན་བསྡོམས་ན་ལོ་རེར་༢༠༠ཙམ་ཟིན་གྱི་ཡོད་པ་རེད།

ཕྱི་གླིང་བ་བོད་དོན་སྐོར་ལ་བརྙན་ཐུང་ལྟ་བར་ཡོང་མཁན་དང་། སློབ་ཁྲིད་བྱེད་མཁན། ཁ་བརྡ་འཛིན་གྲྭར་ཡོང་མཁན་ཚོའི་ལག་ནས་བླངས་པའི་གློག་འཕྲིན་ཁ་བྱང་ཁྲི་བཞི་ལྷག་བྱུང་ཡོད་པ་དེ་དག་གི་གློག་འཕྲིན་ཁ་བྱང་བརྒྱུད་ནས་བོད་དོན་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཐོ་འགོད་བྱས་ཟིན་པའི་སློབ་ཕྲུག་ལོ་རེར་༢༠༠ལྷག་བྱུང་གི་འདུག

༥། བོད་པའི་སྤྱི་ཚོགས་ནང་གི་གཞོན་སྐྱེས་སློབ་སྦྱོང་གི་གོ་སྐབས་མ་རག་མཁན་མང་པོ་ཞིག་ལ་ཚོགས་པའི་ངོས་ནས་ཁ་ཡོད་ལག་ཡོད་ཕན་ཐོགས་བྱུང་གི་ཡོད་པར་བརྟེན། མ་འོངས་པར་ཡར་རྒྱས་དང་ཚགས་ཚུད་ཡོང་བར་དམིགས་ཡུལ་དང་འཆར་གཞི་གང་ཡོད་དམ།

ལན། ངའི་བསམ་པར་མུ་མཐུད་འཛིན་གྲྭ་ཚོགས་པ་ཡིན་ན་ཕན་ཐོགས་དེ་ཙམ་མཐོང་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན་བོད་ནས་ཡོང་མཁན་ཡང་ཉུང་དུ་འགྲོ་བཞིན་པ་དང་། བཙན་བྱོལ་ནང་ཡོད་བཞིན་པ་ཡང་རིམ་བཞིན་ཁ་ཐོར་རུ་འགྲོ་བཞིན་ཡོད་སྟབས། གྲྭ་བཙུན་གཅིག་པུར་དབྱིན་ཡིག་སློབ་བ་ལྟ་བུ་ཆགས་སོང་། དེར་བརྟེན་རིམ་བཞིན་འཛིན་གྲྭར་ཡོང་མཁན་གྱི་སློབ་ཕྲུག་ཉུང་དུ་ཕྱིན་པ་ཡིན་ན། ཚོགས་པའི་ངོས་ནས་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུའི་འཆར་གཞི་ཡོད། ལས་འགུལ་ཤུགས་ཆེ་བ་དེ་ཆབ་སྲིད་ཀྱི་ཐོག་ནས་སྤེལ་བ་ཡིན་ན་ལེགས་པར་མཐོང་གི་ཡོད། འོན་ཀྱང་སློབ་ཕྲུག་མུ་མཐུད་ཡོང་མཁན་ཚོར་འཛིན་གྲྭ་རང་འཇགས་ཚོགས་རྒྱུར་འགྱུར་བ་མེད།

༦། ཚོགས་པ་འདི་གསར་འཛུགས་གནང་ནས་ད་བར་ལོ་བདུན་ལྷག་འགྲོ་ཡི་ཡོད་པར་བརྟེན། འཛིན་གྲྭ་འདི་ནས་ཐོན་པའི་སློབ་ཕྲུག་སྤྱི་ཚོགས་ནང་ཞབས་ཕྱི་ཞུ་བཞིན་པ་དེ་འདྲ་ཡོད་དམ།

ལན། ཚོགས་པ་འདི་ནས་དབྱིན་སྐད་སྦྱང་ནས་ལས་ཀ་རག་པ་རེད་ཅེས་ཞུ་མ་ཐུབ་ན་ཡང་། སློབ་ཕྲུག་མང་པོ་ཞིག་གིས་ཚོང་ཁང་དང་། ཚོགས་པ་ཆུང་ཆུང་ཁག་མང་པོ་ཞིག་གི་ནང་ལས་ཀ་བྱེད་བཞིན་ཡོད་པ་རེད་ལ། ང་རང་གིས་མཐོང་བ་ཁོ་ནར་བརྗོད་ན་ན་གཞོན་དང་། གྲྭ་བཙུན་དག་ཐོག་མར་འདི་ལ་འཛིན་གྲྭར་ཡོང་སྐབས་དབྱིན་སྐད་ཀྱི་རྨང་གཞི་འགོ་འཛུགས་གནང་ནས་འབད་བརྩོན་བྱས་རྗེས། ཟ་སྐད་འཐུང་སྐད་རང་རྐྱ་ཐུབ་པ་མ་ཟད། ཕྱི་རྒྱལ་བ་མཉམ་དུ་སྐད་ཆ་ཤོད་ཐུབ་པ་དེ་འདྲ་བྱུང་ཡོད་པར་བརྟེན་གང་ཙམ་ཞིག་ཕན་ཐོགས་བྱུང་ཡོད་པ་རེད་བསམ་གྱི་ཡོད།

༧། ཁྱེད་རང་ཚོགས་པ་ཞིག་གི་འགན་འཁུར་བྱེད་མཁན་ཡིན་པའི་ཆ་ནས། དཀའ་ངལ་ཆེ་ཤོས་དེ་གང་རེད་དམ།

ལན། སྦྱིན་བདག་མང་པོ་མེད་རྐྱེན། ཚོགས་པའི་དཔལ་འབྱོར་གྱི་དཀའ་ངལ་རེད་འདུགདམིགས་བསལ་ད་ལོར་ཆ་བཞག་ན་དཔལ་འབྱོར་ལ་དཀའ་ངལ་འཕྲད་དེ་འཛིན་གྲྭ་གཅིག་ཕར་བརྩིས་སྤྲོད་བྱ་དགོས་བྱུང་སོང་། ལས་བྱེད་གླ་ཆའི་ཐོག་ནས་བཤད་ན། ཡོད་ན་སྤྲད། མེད་ན་ཡང་ཟླ་བ་རྗེ་མར་སྤྲད་ན་འགྲིག་པར་བྱེད་ཀྱི་ཡོད་རེད། ལས་བྱེད་བཟའ་མི་བུ་ཕྲུག་ཡིན་པར་གླ་ཆ་ཐད་ཀར་སྤྲོད་ཐུབ་པ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོའི་ཚོགས་པར་ཆང་ས་རྒྱབ་མེད་པ་རྐྱང་པ་ཡིན་ཙང་། ལས་གླའི་ཐོག་ནས་དཀའ་ངལ་དེ་ཙམ་འཕྲད་ཀྱི་མི་འདུག ན་ནིང་ལོར་ཆ་བཞག་ན་ཟླ་བ་བཞིར་གླ་ཆ་སྤྲད། ཟླ་བཞིར་སྤྲད་མེད་པ་རེད། དཀའ་ངལ་དེ་རེད།

༨། ཁྱེད་རང་གིས་ངོས་ནས་ཚོགས་པའི་དཀའ་ངལ་མཐོང་རྗེས། དེ་ལ་གདོང་ལེན་བྱེད་དགོས་པ་གང་མཐོང་གི་འདུག

ལན། དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་དེ་ཕྱི་ཕྱོགས་ཁག་ནས་རོགས་སྐྱོར་ཞུ་རྒྱུར་འབད་བརྩོན་འཕར་མ་བྱེད་རྒྱུ་དང་། ཐོག་མར་འཛིན་གྲྭ་སློབ་ཕྲུག་གསར་ཞུགས་ཐོ་འགོད་བྱེད་སྐབས་རང་བཙན་ལག་དེབ། ཐོ་འགོད་བྱེད་ཀྱི་ཡོད། རང་བཙན་ལག་དེབ་མེད་པ་རྣམས་འཛུལ་ཞུགས་བྱེད་སྐབས་སྒོར་༥༠༠ལེན་གྱི་ཡོད་པ་རེད། དེ་དང་མཉམ་དུ་བརྙན་ཐུང་ངོ་སྤྲོད་རྗེས་དབྱིན་ཇི་བ་ཚོར་ཞལ་འདེབས་སློང་གི་ཡོད།

༩། གོང་གི་དྲི་བ་དང་མ་འབྲེལ་བར་ཁྱེད་རང་ལ་གལ་གནད་ཆེ་བའི་དགོངས་འཆར་གང་ཡོད་དམ།

ལན། ཚོགས་པའི་ངོས་ནས་བོད་པའི་སྤྱི་ཚོགས་རང་ལ་ཕན་ཐོགས་ཆེད་ལས་ཀ་བྱེད་ཀྱི་ཡོད། ང་ཚོས་ཡིག་ཆ་སྦྱར་བ་དང་། འགྲེམས་སྤེལ་བྱེད་པ་དེ་བོད་པའི་ཆབ་སྲིད་ཁོ་ནར་དམིགས་པ་མ་གཏོགས་། དངུལ་བསགས་ནས་ཚོང་ལས་གཉེར་གྱི་མེད། ཡིག་ཆ་སྦྱར་ནས་ཁྱབ་བསྒྲགས་བྱེད་སྐབས། ད་ལྟ་ཡིག་ཆ་ཡར་སྦྱར་རྗེས་མར་བཀོག་ཡོང་གི་ཡོད་པའི་དཀའ་ངལ་མང་པོ་ཞིག་འདུག སྤྱི་ཚོགས་ནང་དེ་འདྲ་མ་བྱས་ན་ཡག་པོ་འདུག་བསམ་གྱི་ཡོད། ང་ཚོ་ཚང་མས་ཕན་ཚུན་འཕྱར་གྲུ་མཉམ་འདེགས་དང་། གཅིག་ཕན་གཅིག་གྲོགས་བྱེད་པའི་དུས་ཚོད་ཅིག་མཐོང་གི་ཡོད། ཐུགས་རྗེ་ཆེ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།