19
Fri, Apr

སེར་ཏྲེ་བྱམས་པ་ཚེ་རིང་ངམ་སྨྱུག་མིང་རྨོངས་རྟུལ་ནག་པོ།

དཔྱད་བརྗོད་རྩོམ་ཡིག
དྲ་འཕྲུལ་ཡོ་ཆས།
ཡིག་གཟུགས་སྒྲིག་ཆས།

༄༅།། སངས་རྒྱས་ཆོས་ལུགས་ནས་རིགས་དང་རུས་ཀྱི་སྐབས་བཤད་པ་ཧ་ཅང་མང་བ་མ་ཚད། ཁ་རྩང་དེ་རིང་ཕོ་མོ་འདྲ་མཉམ་བཤད་པའི་གཏམ་འབབ་རྡོ་འགྲིམ་འགྲིམ་བྱེད་པའི་སྐབས་འདིར། ཁུངས་བཙུན་གྱི་གཞུང་གང་ལས་" རིགས"ཀྱི་དོན་ཇི་ལྟར་བཤད་ཡོད་པ་ཤེས་དགོས་པ་གལ་གནད་ཇི་ལྟར་མི་ཆེ་ཨང་།

དང་པོ། སངས་རྒྱས་ཆོས་ལུགས་ནས་རིགས་དང་རུས་བཤད་པར།

རིགས་རུས་མི་གཙོ་སྒྲུབ་པ་གཙོ་ཞེས་སངས་རྒྱས་ཀྱིས་ངའི་ཆོས་བྱེད་པའི་གང་ཟག་ལ་རིགས་དང་རུས་གཙོ་བོ་མ་ཡིན་པ་ཐམས་ཅད་ལ་དབང་བ་ཡིན་ཞེས་བསྟན་པ་དེས་རིགས་རུས་ཁྱད་འབྱེད་མི་དགོས་པ་བསྟན་པ་མ་ཚད། བྱམས་པ་དང་སྙིང་རྗེ་སེམས་བསྐྱེད་སོགས་སྒོམ་ཡུལ་ལའང་རིགས་རུས་དང་སྤྲང་ཕྱུག་སོགས་ཀྱི་ཁྱད་པར་མེད་པ་གཅིག་མཚུངས་སུ་གསུངས་སོ། འོ་ན་སངས་རྒྱས་རང་ཉིད་རིགས་ཆེན་པོ་རྒྱལ་པོའི་རིགས་ལ་འཁྲུངས་དགོས་དོན་གང་ཡིན་སྙམ་ན། སངས་རྒྱས་ནི་འགྲོ་བ་སེམས་ཅན་འདུལ་བའི་ཆེད་དུ་ཕེབས་པ་ཡིན་པས་འགྲོ་བ་རྣམས་ཀྱི་ཁ་ལོ་སྒྱུར་བ་ལ་དབང་ཆེན་པོ་རྒྱལ་པོའི་བུ་རུ་སྐྱེས་པ་ནི་ཕུན་སུམ་ཚོགས་པའི་ཡན་ལག་འགྱུར་བ་གཟིགས་ནས་དང་། མ་ཚད་བཙུན་པ་སྟེ་བྱ་སྤྱོད་ངན་པ་ལ་རྩི་བའི་རིགས་ལ་རང་ཉིད་མི་ཞུགས་ཤིང་རྒྱལ་རིགས་དང་བྲང་ཟེ་གཉིས་ཀྱིས་ནང་ནས་ཀྱང་རྒྱལ་རིགས་བཙུན་པ་ཡིན་པ་གཟིགས་ནས་དེར་འཁྲུངས་སོ། ཇི་སྐད་དུ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས། རྒྱལ་བ་རྣམས་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་པའི་ཚེ་རྒྱལ་རིགས་དང་བྲམ་ཟེ་རིགས་གང་རུང་ཞིག་ཏུ་འཁྲུངས་ནས་སངས་རྒྱས་ཀྱི་མཛད་པ་མཛད་ཀྱི་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་རིགས་གཉིས་པོ་གང་བཙུན་པ་བྱེད་པ་དེར་འཁྲུངས་པ་མཛད་པས་ཅེས་གསུངས་སོ།

མངོན་རྟོགས་རྒྱན་ལས། རིགས་དང་རུས་དང་ཆོ་འབྲང་དང་ཞེས་གསུངས་པའི་རིགས་ནི་རྒྱལ་རིགས་དང་བྲམ་ཟེ་རིགས་ཏེ་འཚོ་ཐབས་ཀྱི་ཁྱད་འབྱེད་པའི་རིགས་ལ་གོ་བས་འཕགས་པའི་རིགས་བཞི་བཤད་པའི་རིགས་སོགས་དང་རིགས་ཁྱད་གཅིག་ཡིན། དེ་ལྟར་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རིགས་གང་རེད་ཅེས་འདྲི་བའི་ལན་དུ་རྒྱལ་པོའི་"རིགས"རེད་ཅེས་ལན་འདེབས་པ་དང་། ཡང་"རུས་"གང་རེད་འདྲི་བའི་ལན་དུ་ཤཱཀྱའི་ཡིན་ཞེས་ལན་འདེབས་པ་ནི་ལུང་རིགས་གཉེན་དུ་བསྟེན་པ་ཡིན་པའི་འགལ་བ་ཇི་ལྟར་ཡོད། མངོན་སུམ་དུ་བདེན་པ་ངོ་སྤྲོད་པ་ཚན་རིག་པས་ཀྱང་ཕ་མའི་རིགས་རྫས་སམ་ DNA དེ་ཡང་ནང་གསེས་ལ་ཤ་ཁྲག་དང་རུས་པ་གྲུབ་བྱེད་སོ་སོ་ནས་ཡོད་པ་འགྲེལ་བཤད་སོགས་བཤད་པའི་མཐར་ཕ་ནས་རྒྱུད་པ་ལ་རུས་པ་དང་མ་ནས་ནི་ཤ་ཁྲག་གི་ཉེར་རྒྱུ་ལྟ་བུ་གསུངས་པ་དང་། ཕ་ཡི་ཁུ་བ་ནི་ཕྲུ་གུའི་ལུས་ཚུགས་བསྲང་བ་བྱེད་པའི་ "རུས "པ་གྲུབ་བྱེད་གཙོ་བོ་དང་མ་ཡི་ཁྲག་དམར་ནི་ཕྲུ་གྲུའི་ཤ་ཁྲག་གྲུབ་བྱེད་གཙོ་བོ་ཡིན་འདུག་པས་རུས་རྒྱུད་ཟེར་བ་ནི་ལུས་ཚུགས་བསྲང་བ་བྱེད་པའི་ "རུས" པ་དང་འདྲེས་ནས་ཡིན་པས་སངས་རྒྱས་ཀྱི་" རུས" ་གང་རེད་ཅེས་པའི་ལན་ལ་གོོ་ཏ་མའམ་ཤཱཀྱའི་"རུས"རེད་ཅེས་བཤད་པ་ནི་ཧ་ཅང་འཐད་པ་སེམས། དེ་ཡང་རྒན་རིན་པོ་ཆེ་ཡ་བསོད་མཆོག་གི་མཛད་པའི་རྣམ་ཐར་དད་གསུམ་པདྨོ་བཞད་པ་ལས། གང་ཟག་དེའི་" རུས་ཡིན་ན་གང་ཟག་དེའི་" རིགས་ཡིན་པའི་ཁྱབ་ཀྱང་། གང་ཟག་དེའི་"རིགས་ཡིན་ན་གང་ཟག་དེའི་"རུས་ཡིན་པའི་མ་ཁྱབ་སྟེ། སྟོན་པ་སངས་རྒྱས་རྒྱལ་རིགས་ཡིན་ཡང་རྒྱལ་རུས་མིན་པ་བཞིན་ནོ་ཅེས་གསུངས་པ་སྐབས་བབས་བདག་སེམས་སུ་བབས་པའི་ཆོས་ཀྱི་བདུད་རྩི་ཨང་། དེའང་རྒན་རིན་པོ་ཆེས་རིགས་ནི་སྤྱི་དང་རུས་ནི་བྱེ་བྲག་གཞུང་ཁུང་ཐུབ་དཔང་དུ་བཞག་པའི་གསུང་ཅི་ལ་མིན། རྗེ་བླ་མས། རིགས་ནི་སྤྱི་དང་རུས་ནི་བྱེ་བྲག་གོ་ཞེས་གསུངས། རིགས་པས་དཔྱད་ན་གང་ཟག་དེའི་རིགས་དང་རུས་གཉིས་སུ་ཕྱེས་བའི་རིགས་རུས་འགལ་ཡང་གང་ཟག་དེའི་རིགས་དང་རུས་མི་འགལ་བ་གོང་དུ་གསལ་བ་བཞིན་ནོ།

གཉིས་པ་ཕོ་མོའི་རིགས་ཀྱི་ཁྱད་པ་བཤད་པ།

མཁས་གྲུབ་ལུང་རྟོགས་རྒྱལ་མཚན་གྱིས་མཛད་པའི་ནག་རྩིས་སྣང་སྲིད་མེ་ལོང་ལས། རིགས་ཆེན་ལྔ་ནང་མ་འཚུད་པའི་བོད་ཀྱི་འགྲོ་བ་འགའ་ཡང་མེད་ཅེས་གསུངས་པའི་རིགས་ཆེན་ལྔ་ཕྱེས་ཀྱང་གང་ཟག་སོ་སོའི་ཞལ་ནས་སྒྲ་ཐོན་སྟངས་སམ་སྐད་ཆ་བཤད་སྐབས་མཆུ་དང་མགྲིན་པ་སྐད་སོགས་ཀྱི་རྣམ་འགྱུར་གྱི་ཁྱད་པར་ཕྱེས་པ་ལས་མཆོག་དམན་གྱི་ཁྱད་པ་ཕྱེས་མེད་པས་ཕོ་མོ་རིགས་ལ་མཆོག་དམན་གྱིས་ཁྱད་པར་ཕྱེས་མེད་པ་ཧ་ཅང་གསལ་ཡང་། འདུལ་བ་ཕྲན་ཚེགས་ལས། ཀུན་དཀའ་དགའ་བོ་དེ་བཞིན་དུ་བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་ཡུན་རིང་དུ་མི་གནས་པ་འགྱུར་གསུངས་པ་དང་། མ་ཚད་ཆོས་འདུལ་བ་ལས་དགེ་སློང་མ་ལ་དགེ་སློང་ཕ་ལས་མང་བ་ཁྲིམས་སུ་བཅོས་པ་སོགས་གོང་གསལ་གཞུང་རྣམས་ཀྱི་ཚིག་ཟུར་ལ་དམན་མཆོག་གི་ཁྱད་འབྱེད་པ་ལྟ་བུ་སྣང་ཡང་དོོན་ལ་ནི་དེ་ལྟར་ག་ལ་ཡིན། བུད་མེད་རྣམས་ནི་བསམ་རྒྱུ་དྲན་རྒྱུ་མང་བ་དང་དོགས་པ་རྣམ་རྟོག་སྐྱེས་མྱུར་བས་རང་བཞིན་འགྱུར་སླ་བའི་ཡོན་ཏན་དང་ལྡན་པས་བྱ་བ་ངན་ཞེན་རིགས་ལ་འཇུག་པར་དོགས་ནས་ཡིན་སྙམ། འོན་ཀྱང་བསམ་རྒྱུ་དྲན་རྒྱུ་མང་བ་དང་དོགས་པ་རྣམ་རྟོག་སྐྱེས་སླ་བ་ནི་དོན་ལ་ཞིབ་ཏུ་བསམ་ན་སྐྱོན་ཆ་ཞིག་ནི་མ་ཡིན་ཏེ་དེ་ནི་ལུས་ཁམས་ཀྱི་རྩལ་དང་དབང་པོའི་འཁོར་བསྐྱོད་ཀྱི་ནུས་པ་རླུང་ལྟར་མྱུར་བའི་དབང་རྣོན་གྱི་ནུས་པ་ཁྱད་པར་ཅན་ཞིག་ཡོད་པས་སོ། མིང་ཡང་ལུས་ཕྲ་མ་དང་ཡིད་འོང་མ། མཛེས་ལྡན་མ་དང་མཚམས་ལྡན་མ་སོགས་མིང་གིས་ཀྱང་ཆེ་བ་ཁྱད་པར་ཅན་ཡོད་པ་བསྟན་ཡོད། མ་ཚད་མ་ཡུམ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུང་པ་ལས་ཡབ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་གསུང་མེད་པ་དང་། ཁ་རྒྱུན་དང་ཞལ་འདོན་སོགས་ལའང་མ་སེམས་ཅན་ཐམས་ཅད་གསུང་པ་ལས་ཕ་སེམས་ཅན་ཐམས་ཅད་གསུང་གི་མེད་པ་སོགས་ལས་བུད་མེད་ནི་རིན་ཐང་ཆེ་བ་བསྟན་པ་མ་ཟད།ཕྱིའི་དངོས་པོ་སོགས་ལའང་ཕོ་རྡོ་མོ་རྡོ་དང་ཕོ་ཤིང་མོ་ཤིང་རྩིས་དུས་་རྡོ་པས་མོ་རྡོ་ཡག་ཤས་རྩིས་པ་དང་ཤིང་པས་ཕོ་ཤིང་གཉིས་ལས་མོ་ཤིང་ཡག་པ་རྩིས་པ་མངོན་སུམ་ལ་སྙོན་དུ་མེད་པ་ཀུན་གྱི་ཁས་ལེན་ཞིག་བརྗོད་མི་དགོས་པའོ། འོ་ན་བུད་མེད་དང་སྐྱེས་དམན་ཞེས་པའི་མིང་དོན་གང་ཡིན་ཞེ་ན། བུད་མེད་ཅེས་པའི་ཚིག་དོན་འགྲེལ་མཛད་པ་ཁག་ཅིག བུ་མོ་རྣམས་ནི་མི་ཡི་གྲལ་མཐར་ནས་བུད་མེད་ཙམ་ཡང་ན་མི་ཡི་གྲལ་མཐའ་ནས་མ་བུད་ཙམ་ཡིན་པས་བུད་མེད་བཏགས་སོ་ཞེས་བུ་མོ་ནི་མི་ཡི་གྲལ་མཐའ་བ་ཡིན་པ་བསྟན་པ་ནི་ལོག་འགྲེལ་འབའ་ཞིག་གོ ཚིག་མཛོད་ཆེ་ཆུང་གང་ལ་གཟིགས་ན་བུད་ཅེས་པའི་དོན་ནི་ཕྱི་ལ་ཐོན་པའི་དོན་ཏེ། བུད་མེད་རྣམས་ལ་ནི་བུ་ལྟར་མཚན་ཕྱི་ལ་ཐོན་མེད་པའམ་བུད་མེད་པས་ན་བུད་མེད་ཅེས་བྱ་དེ་ལྟར་སྒྲ་བཤད་ན་ཆེས་ཤིན་ཏུ་འཐད་སྙམ། ཁ་ཅིག་གིས་སྐྱེས་དམན་ཟེར་བ་ནི་བུ་མོའི་སྐྱེས་བ་བླངས་པ་ལ་སྐྱེས་བ་དམན་པ་རེད། དེའི་ཕྱིར་སྐྱེས་དམན་བཏགས་གསུངས་པ་ནི་ཚིག་མ་དག་རྒྱུན་འཁྱོངས་ལ་དོན་མ་དག་འཁྱོངས་སུ་སོང་བ་འབའ་ཞིག་སྣང་སྟེ། མདོ་དྲི་མེད་གཟི་བརྗིད་གསུངས་རྒྱུན་རྣམ་པ་དག་པ་ལས། བུ་མོ་ལ་སྐྱེས་མེད་བྲིས་པ་གསལ་བ་ལས་སྐྱེས་དམན་ཞེས་ཚིག་དམན་་བྲིས་པ་མི་སྣང་ངོ་། ད་དུང་བདེན་ཁ་འཛིན་མ་ཐུབ་ན་བོན་གྱི་ཡིག་རྙིང་སོགས་ཞལ་ཁ་ཕྱེས་བ་ཕེབས་ཤིག

གསུམ་པ། བརྡ་སྤྲོད་གཞུང་ལུགས་ལས་བྱུང་བའི་རིགས་ཀྱི་སྐོར་ཟུར་ཙམ་གླེང་ན།

རིགས་མཐུན་དགར་ནས་མི་མཐུན་ལས།། ཞེས་ནས་སྒྲས་རིགས་མཐུན་པ་དགར་བ་དང་ལས་སྒྲས་རིགས་མི་མཐུན་པ་དགར་བ་གཉིས་ཀྱི་རིགས་ནི་ངོ་བོ་གཅིག་པའི་རིགས་ལ་གོ་དགོས་ཤིང་། དཔེར་ན། ༡ མི་ཡི་ནང་དགེ་འདུན་པ་ཁྱད་འཕགས་སོ། ༢ དུད་འགྲོ་ལས་མི་སྤྱོད་པ་ཡག་ལྟ་བུའོ། སྙན་ངག་མེ་ལོང་ལས། རིགས་ཀྱི་དཔེར་བརྗོད་སྐབས། མཆུ་ནི་དམར་ཞིང་གུག་པ་དང་།། གཤོག་པ་འཇམ་ཞིང་གཉེན་པ་དང་།།མགྲིན་པ་ཁ་དོག་གསུམ་ཕྲེང་ཅན།། ནེ་ཙོ་འདི་དག་ཚིག་འཇམ་ལྡན་།། ཞེས་ནེ་ཙོ་སྤྱིའི་རིགས་ལ་ཁྱབ་པའི་ཆོས་མང་དག་བརྗོད་པས་རང་དང་ངོ་བོ་གཅིག་པའི་བྱེ་བྲག་ནེ་ཙོ་རྣམས་ལའང་ལྡན་དགོས་པ་བསྟན་པས་འདིའི་རིགས་ཀྱང་ངོ་བོ་གཅིག་པའི་རིགས་སོ། རིགས་ཀྱི་སྐོར་ཧ་ཅང་རྒྱ་ཆེ་བ་ཡོད་ཀྱང་རེ་ཞིག་འདི་ནས་མཇུག་བསྡུར་བ་བྱའོ།

རིགས་པའི་དབང་ཕྱུག་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས།
རྒྱུ་མཚན་མེད་པ་བརྗོད་ན་ཡིད་ཆེས་ཤིང་།།
རྒྱུ་མཚན་བཙལ་ཏེ་སྨྲས་ན་བརྙས་བྱེད་པའི།།
སྐྱེས་བོ་རྨོངས་པའི་སེམས་ཀྱི་གནས་ལུགས་འདི།།
ཚད་མའི་འཇུག་པ་ཀུན་ལས་འདས་པ་ལགས།།

སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༠༧ ཚེས་༢༢ གཟའ་མིག་དམར་གུང་སེང་ཉིན་སེར་ཏྲེ་བྱམས་པ་ཚེ་རིང་ངམ་སྨྱུག་མིང་རྨོངས་རྟུལ་ནག་པོ་འབོད་པས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ནས་སྨྱུ་གུས་རོལ་རྩེད་བགྱིས་སོ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།