ཉི་མའི་རླུང་གིས་མིག་དམར་གོ་ལའི་ཆུ་དང་རླུང་ཁམས་བཅོམ་པ།

དཔྱད་བརྗོད་རྩོམ་ཡིག
དྲ་འཕྲུལ་ཡོ་ཆས།
ཡིག་གཟུགས་སྒྲིག་ཆས།

ཉེ་ལམ་ཨ་རིའི་ན་ས་NASAམཁའ་སྐྱོད་ཚན་རིག་དཔྱད་ཞིབ་ཁང་གིས་གསར་དུ་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་དམར་ངོས་ཀྱི་ཆུ་དང་རླུང་ཁམས་ཆེན་པོ་ཉི་མའི་རླུང་གིས་གད་པ་ཆུ་ཟས་ལྟར་རིམ་གྱིས་མུག་ཟས་བྱས་པའི་བདེན་དཔང་གསར་རྙེད་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཕྱི་ཟླ༡༡པའི་ཚེས༥ཉིན་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དུ། ཡར་སྔོན་མིག་དམར་ངོས་སུ་གཤེར་རྣམ་ཆུ་ཡོད་པའི་གསར་རྙེད་རྗེས་སུ། ཨ་རིའི་མཁའ་སྐྱོད་ལྟེ་གནས(NASA)ཀྱིས་ཚེས༥ཉིན་ཡང་བསྐྱར་མིག་དམར་རྩད་ཞིབ་བྱེད་པའི་གསར་རྙེད་གལ་ཆེན་ཞིག་བསྒྲགས་པ་འདི་ལྟ་སྟེ། མིག་དམར་ལ་ཁབ་ལེན་ར་བའི་སྲུང་གདུགས་མེད་པས། དེའི་རླུང་ཁམས་ཆེན་པོ་ཉི་མའི་རླུང་གིས་དེད་ནས་གནམ་གཤིས་གྲང་ངར་ཆེ་ལ་སྐམ་ཐག་ཆོད་པའི་མིག་དམར་གྱི་ཁོར་ཡུག་འདི་ཆགས་པ་རེད་ཅེས་དང༌། ཚན་རིག་པས་གསར་རྙེད་འདི་མིག་དམར་འཚར་ལོངས་ཀྱི་བརྒྱུད་རིམ་དང་གོ་ལ་གཞན་པའི་ཁོར་ཡུག་འགྱུར་ལྡོག་ཞིབ་འཇུག་བྱེད་པར་གལ་འགངས་ཆེ་བར་ཡིན་ཚུལ་བཀོད་ཡོད་པ་རེད།

ཨ་རིའི་མཁའ་འགྲུལ་ལྟེ་གནས་ཀྱིས་ཚེས༥བསྒྲགས་པའི་གསར་རྙེད་འདི"མིག་དམར་གྱི་རླུང་ཁམས་ཆེན་པོ་དང་དེ་ཡལ་བ་རྩད་ཞིབ་འཕྲུལ་ཆས་མ་ཝེན་"(MAVEN)ཞེས་པའི་འཁོར་ལམ་དུ་ཞུགས་རྗེས་ཐོག་དང་པོར་གཞི་གྲངས་དབྱེ་ཞིབ་བྱས་པ་ཞིག་ཡིན་པ་དང༌། ན་ནིང་ཕྱི་ཟླ༩བར་འཕུར་སྐྱོད་བྱས་པའི་རྩད་ཞིབ་འཕྲུལ་ཆས་འདིའི་དམིགས་འབེན་གཙོ་བོ་མིག་དམར་གྱི་རླུང་ཁམས་ཆེན་པོའི་གྲུབ་ཆ་དང༌། དེ་དག་གི་འཕེལ་རྒྱས་ལོ་རྒྱུས་རྟོག་ཞིབ་བྱ་རྒྱུ་དེ་ཡིན་འདུག་ལ། ད་ལྟའི་བར་དེར་འབྲེལ་གྱི་གཞི་གྲངས་བསྡུ་ཉར་བྱེད་བཞིན་ཡོད་པ་རེད།

མ་ཝེན་MAVENཞེས་པའི་གཞི་གྲངས་འདིར་ཐོག་མར་དབྱེ་ཞིབ་བྱས་པ་འདི་ནི་མིག་དམར་གྱི་རླུང་ཁམས་ཆེན་པོའི་གཞི་རྡུལ་དག་ཉི་མའི་རླུང་ནུས་ལས་བོར་ཐོར་མང་པོ་བྱུང་བའི་དཔང་བོ་གལ་ཆེན་ཞིག་ཡིན་པ་དང༌། མིག་དམར་རླུང་ཁམས་ཆེན་པོ་ཟད་པའི་འགྲོས་ཕྱོད(འགྲོས་ཚད་དང་སྲིད་ཕྱོད)དང་བཞུད་ལམ་ཚོད་རྩིས་ཀྱི་གཞི་འཛིན་སར་གྱུར་ཡོད་པ་རེད། གཞི་གྲངས་ལས་བསྐལ་བའི་དུས་ནམ་ཞིག་ཏུ་མིག་དམར་ལ་རྫོངས་སྟུག་པའི་རླུང་ཁམས་ཆེན་པོ་མཆིས་ན་ཡང༌། ཁབ་ལེན་ར་བའི་སྲུང་གདུགས་བྲལ་བས་ཉི་མའི་རླུང་ནུས་འོག་རིམ་གྱིས་ཟད་པ་དང༌། མིག་དམར་གྱི་རྒྱ་མཚོ་ཡང་དེ་བཞིན་སྐམ་པར་བསྟན་འདུག

ད་ལྟའི་དུས་སུའང་སྐར་ཆ་རེར་མིག་དམར་གྱི་རླུང་ཁམས་ཆེན་པོའི་དངོས་པོ་ཁེ་བརྒྱ་ལྷག་བོར་སྟོར་འབྱུང་བཞིན་ཡོད་འདུག་ལ། ལྷག་པར་དུ་ཉི་མའི་རྣ་ལུང་འགྱེད་འཕྲོ(CME)འབྱུང་སྐབས་བོར་སྟོར་ཚད་ལྡབ་བཅུ་ནས་ཉི་ཤུའི་བར་འཕེལ་གྱི་ཡོད་འདུག

དེ་ཡང་ན་ས་ཡིས་གསལ་སྟོན་བྱས་པ་ལྟར་ན། སྣང་ཚུལ་འདིའི་རིགས་སའི་གོ་ལའི་ཐོག་ཏུའང་འབྱུང་བཞིན་ཡོད་མོད། སའི་གོ་ལའི་ཁབ་ལེན་ར་བ་བརྟན་པོས་ཉི་མའི་གཞི་རྡུལ་རྣམས་བཀག་པར་བརྟེན། ང་ཚོའི་སའི་གོ་ལའི་རླུང་ཁམས་ཆེན་པོ་བཅོམ་པའི་ནུས་པ་ཉམས་དམན་དུ་བཏང་ཞིང༌། དེ་ལས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དྲག་པོ་འབྱུང་བར་བཀག་འགོག་བྱས་ཡོད་འདུག

ཆུ་ནི་སྤྱིར་ཚེ་སྲོག་གནས་པའི་རྒྱུ་འགངས་ཆེ་ཤོས་དེ་ཡིན་ལ། ད་ལོའི་ཕྱི་ཟླ༩བའི་ནང་NASAཡི་ཞིབ་འཇུག་པས་མིག་དམར་ངོས་སུ་གཤེར་རྣམ་ཆུ་ཡོད་པའི་བདེན་དཔང་ཁུངས་བཙུན་གསར་རྙེད་བྱུང་ཡོད་པ་རེད། གང་ལྟར་ཡང་ཚན་རིག་པས་ཀྱང་བསྐལ་པ་ཞིག་གི་དུས་སུ་མིག་དམར་ནི་དྲོད་དང་རླན་གཤེར་གཉིས་འཛོམས་ཤིག་ཡིན་པར་སྙོན་མེད་དུ་འདོད་ཀྱི་ཡོད་པ་རེད། འོན་ཀྱང་ད་ལྟ་སྐར་མ་འདི་གྲང་ངར་ཆེ་བར་མ་ཟད་ཐན་སྐམ་ཆེ་བ་ཞིག་ཏུ་ཆགས་ཡོད་པ་རེད།

མ་ཝེན་ཞིབ་འཇུག་པ་ལྗ་སི་པེར་ཧེ་ལི་ཁཱ་སི(Jasper Halekas)གསུངས་དོན། "མིག་དམར་ལ་སའི་གོ་ལ་ལྟ་བུའི་གོ་ལ་ཧྲིལ་བོ་ཁེབས་པའི་ཁབ་ལེན་ར་བ་ཡོད་པ་མ་རེད་ལ། དེར་བརྟེན་ཁོའི་རླུང་ཁམས་ཆེན་པོའི་རིམ་པ་ཐོག་མ་ཐད་ཀར་ཉི་མའི་རླུང་འོག་ཏུ་བུད་ཡོད་པ་རེད། དེས་ན་ཉི་མའི་རླུང་དང་མིག་དམར་རླུང་ཁམས་ཆེན་པོས་ཕན་ཚུན་ནུས་པ་བཏོན་ནས། རླུང་ཁམས་ཆེན་པོའི་གཞི་རྡུལ་རིམ་བཞིན་མིག་དམར་དང་གྱེས་ཏེ་སྟོང་སངས་དབྱིངས་སུ་དེད་པ་རེད།" དེ་ལྟར་ལོ་ངོ་དུང་ཕྱུར་འགའི་རིང་ཉི་མའི་རླུང་གིས་མིག་དམར་གྱི་རླུང་ཁམས་ཆེན་པོ་གད་པ་ཆུ་ཟས་ལྟར་བྱས་འདུག འདི་ནི་དམར་མདོག་ཏུ་མངོན་པའི་སྐར་མ་འདིའི་གནམ་གཤིས་འགྱུར་བའི་གནད་འགག་དེ་ཡིན་པ་རེད། ད་ལྟ་མིག་དམར་གྱི་རླུང་ཁམས་ཆེན་པོ་སའི་གོའི་རླུང་ཁམས་ཆེན་པོ་དང་སྡུར་ན་ལྡབ༡༠༠ལྷག་གིས་སྲབ་ལ། དེའི་བརྒྱ་ཆའི་གོ་དྲུག་ནི་དབྱང་གཉིས་ཐཱན་རྫས་ཞེས་པ་དེ་རེད་འདུག ཅེས་བཤད།

མ་ཝེན་ཡིས་རྩད་ཞིབ་ཀྱིས་མིག་དམར་རིམ་བཞིན་མྱ་ངམ་ཐང་ཞིག་ཏུ་གྱུར་པའི་བརྒྱུད་རིམ་གསལ་སྟོན་བྱས་ཡོད་པར་མ་ཟད། མིའི་རིགས་ཀྱིས་ཆེས་ཐོག་མར་མིག་དམར་རླུང་ཁམས་ཆེན་པོ་བོར་སྟོར་བྱུང་བའི་འགྲོས་ཕྱོད་གསལ་རྟོགས་ཐུབ་ཡོད་ལ། དེ་དང་མཉམ་དུ་ཁོའི་འཕེལ་འགྱུར་ལོ་རྒྱུས་ཚོད་དཔག་ཐུབ་པར་བྱུང་བ་རེད། ན་ས་ཡིས་མིག་དམར་གྱི་འཕེལ་འགྱུར་ལོ་རྒྱུས་ཞིབ་འཇུག་བྱས་པ་ཡིན་ན། མ་འོངས་པར་མིག་དམར་རྩད་ཞིབ་བྱ་རྒྱུ་དང་འདིའི་ངོས་སུ་མིའི་རིགས་བསྐྱོད་པར་ནུས་པ་གལ་ཆེན་ཐོན་རྒྱུ་མ་ཟད། སའི་གོ་ལ་སོགས་སྐར་མའི་གོ་ལ་གཞན་གྱི་ཁོར་ཡུག་འགྱུར་ལྡོག་འཕེལ་འགྱུར་ཐད་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག།