25
Thu, Apr

བོད་རང་གི་ཁྱད་ཆོས་དང་ལྡན་པའི་ལུས་རྩལ་རྣམ་གྲངས་ཞིག་ཡིན།

ལུས་སྦྱོང་།
ཡིག་གཟུགས་སྒྲིག་ཆས།

ང་ཚོ་བོད་ལ་མཚོན་ན་སྔ་མོ་ནས་ལུས་ཀྱི་ཤེད་སྟོབས་དང་མྱུར་རྩལ་བསྐྱེད་ཅིང་འགྲན་པ་ནི་སྲོལ་རྒྱུན་རྩ་ཆེན་ཞིག་དུ་གྱུར་ཡོད་པ་རེད།

བཤད་སྲོལ་དང་ལོ་རྒྱུས་ཁྲོད་ན་ཡང་ལུས་རྩལ་དྲུག་དང༌། རྩལ་བོ་ཆེ་མི་བདུན། ཕོ་རྩལ་སྣ་དགུ་ལྟ་བུའི་རྩལ་གྱི་རྣམ་གྲངས་མང་པོ་བགྲེང་དུ་ཡོད་པ་བཞིན།ལུས་རྩལ་གྱི་རབ་འབྲིང་ནི་ཚོགས་ཀྱི་མིའི་ཁྲོད་དུ་མཐོང་ཆེན་གནང་སྲོལ་ཡོད་པ་རྟོག་པར་འདུག

དེས་ན་གཤམ་ནས་ངས་བོད་ཀྱི་ཤེད་འགྲན་ལུས་རྩལ་ལས་ས་སྒྱེ་འཇོག་པའི་སྐོར་ངོ་སྤྲོད་ཅིག་བྱེད། དེ་ཡང་འདས་པའི་ལོ་ངོ་བཅུ་སྐོར་གཉིས་གསུམ་གྱི་ཡར་སྔོན་དུ། ཡུལ་དང་སྡེ་བ་ཤོག་ཁ་སོ་སོར་གླིང་གི་བཞི་རྒྱལ་དང་བདུན་པ་སོགས་དུས་སྟོན་རྩེད་འདུས་མང་པོ་ཡོད་ལ། རོང་འབྲོག་ལ་ཁྱད་མེད་པར་དབྱར་དང་ཆེན་གྱི་ནང་དུ་རྩྭ་དང་རྩི་ཏོག་སྔོ་ལྡེམ་མེར་དང༌། མེ་ཏོག་དཀར་དམར་ཁྲ་ཆིལ་ལེར་བཞད་པའི་ཚལ་དུ། གུར་དང་གདུགས་ཕུབ་ནས་སྐྱོ་བསང་ལ་རོལ་ཞིང་རྩེད་རིགས་སྟོན་པ་ཡིན།

སྤྱིར་ན་རྩེད་རིགས་ཀྱི་རྣམ་པ་མང་པོ་ཡོད་ཅིང༌། དེ་ལས་འདིར་ས་སྒྱེ་ངོ་སྤྲོད་ཏོག་ཙམ་བྱེད།ས་སྒྱེ་ནི་འདི་ལྟར་སྟེ། སྒྱེ་མོ་ཆེན་པོ་ཞིག་གི་ནང་ལ་རྡོ་ཧྲུལ་ཞིབ་མོ་དང་བྱེ་མ་གཉིས་བསྲེན་ཏེ་བླུགས་ཤིང༌། དེ་རྗེས་སྒྱེ་མོ་དེ་འབྲེང་ཐག་གིས་བཞི་བསྡམ་ལྔ་སྡམ་ཞེས་ཕྱོགས་སོ་སོ་ནས་བསྡམ་སྟེ་རིལ་བོ་འམ་གྲུ་བཞིར་བཏང་ན་ཆོག་པ་ཡིན་ལ། ལྗིད་ཚད་ནི་རྒྱ་མ་སུམ་བརྒྱ་ཡན་ཆོད་ཡིན་དགོས། ས་སྒྱེ་འཇོག་པའི་རྩེད་མོ་ནི་འདི་ལྟར་རྩེ་བ་སྟེ། ཤོག་ཁ་གཉིས་ཀྱི་མི་མང་འདུས་སའི་ཐང་ཆེན་ཞིག་ནས། སྨི་༡༠ཙམ་གྱི་ཕྱོགས་གཉིས་སུ་རྟགས་བརྒྱབ་སྟེ། ལས་རྩལ་བས་ཤེད་སྟོབས་ཆེན་པོའི་ས་སྒྱེ་ཕྲག་ཐོག་ལ་འཇོག་པའམ་ཡང་ན་པང་ལ་བླངས་རྗེས་གོང་གི་རྟགས་བརྒྱབ་པའི་ཚད་བསྐོར་བ་ཡིན་ལ། བསྐོར་བའི་ཚད་ཅི་ཙམ་མང་ན་དེ་ནི་བརྒྱལ་བ་ཡིན།

སྤྱིར་ལོ་རྒྱུས་དང་འབྲེལ་ན་ས་སྒྱེ་འཇོག་སྟངས་དེ་ཐོག་མར་དར་བ་ནི། འཇོག་རྡོ་ཞེས་ཤེད་ཤུགས་འགྲན་སྤྱད་རེ་འཚོ་བའི་ཁྲོད་བཀྱགས་པ་ལས་དར་བ་དང༌། ལྷག་པར་དུ་འབྲོག་ཁུལ་དུ་སྐྱེས་པ་རྣམས་རི་མགོར་རྫི་བྱེད་དུ་སོང་ན་ཚོ་བ་དང་སྡེ་བའི་སྐྱེས་པ་ཚོས་ཕན་ཚུན་འགྲན་པའམ་རྩེ་བ་དང༌། ཡང་ན་གནའ་བོའི་མི་རྣམས་ལ་མཚོན་ན་ཤེད་ཤུགས་ནི་མ་གཞི་ནས་འཚོ་བའི་དགོས་མཁོ་ཞིག་དུ་གྱུར་ཡོད་པས། འདི་ལྟར་དར་ཁྱབ་ཆེན་པོའི་བོད་རང་གི་ཁྱད་ཆོས་དང་ལྡན་པའི་ལུས་རྩལ་རྣམ་གྲངས་ཞིག་དུ་གྱུར་བ་རེད་དོ།

དེང་སང་ཡང་འདི་ལྟ་བུའི་ལུས་རྩལ་རོལ་རྩེད་ནི་དར་ཁྱབ་དང་ཁྱབ་གདལ་གཏོང་འོས་པ་ལས་དངོས་རྫས་རྙིང་བ་བཞིན་འདོར་མི་རུང་ངོ།། བོད་ཀྱི་གྱད་མི་རྒྱ་མཚོའི་སྤྱི་རྒྱ་༢༥༠འམ་རྒྱུ་མ་༥༠༠ཅན་གྱི་འཇོག་རྡོ་འཇོག་གིན་པ། (གོང་གི་གཞི་འཛིན་ས་མང་པོ་ཞིག་རྔ་བ་ས་ཁུལ་ཡིན་མོད། ཕལ་ཆེར་བོད་ཁུལ་ཧྲིལ་བོའི་ཁྱད་ཆོས་དང་འགལ་བ་ཆེན་པོ་མི་འདུག་སྙམ་བྱུང༌།)

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།